DNZ-14-PHA-022

From Damngak Dzö
Revision as of 14:12, 31 January 2025 by Jeremi (talk | contribs)

DNZ-14-PHA-022
Wylie title DNZ-14-PHA-022.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 14, Text 22, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
ༀ་སྭ་སྟི། དམིགས་མེད་དྲི་བཞོན་དྲག་པོས་སྤྲོས་མཚན་ཆུ་འཛིན་ཉེ་བར་ཞི་བྱས་པའི། །མཐའ་བྲལ་དགུང་མངོན་དབྱིངས་ཀྱི་ཚོམ་བུ་གཟུགས་སྐུའི་ཉི་ཟླ་ཟུང་གིས་ནི། །སྒྲིབ་གཉིས་སྨག་རུམ་ཞི་བའི་འཕྲིན་ལས་འོད་རིས་བྱེ་བ་སྤྲོ་མཛད་པས། །ཕྱོགས་དུས་མུར་འཁྱུད་སྲས་དང་བཅས་པའི་རྒྱལ་བ་ཡོངས་ཀྱིས་རྟག་སྐྱོངས་ཤིག །དོན་གཉིས་ནོར་བུས་ཡོངས་སུ་གཏམས་པའི་རྣམ་དག་སྨོན་ལམ་ཆུ་ཡི་གཏེར། །གདོད་ནས་རབ་བརྙེས་སྐལ་བཟང་ཐུབ་མཆོག་མཉམ་མེད་ཟས་གཙང་རྒྱལ་པོའི་སྲས། །ཆོས་ཀྱི་གདུང་འཚོབ་ཐུགས་སྲས་དཔའ་ཆེན་འཇམ་པའི་དབྱངས་དང་སྤྱན་རས་གཟིགས། །ཀུན་ཏུ་བཟང་དང་ཕྱག་རྡོར་ལ་སོགས་བསོད་ནམས་སྤེལ་བའི་གཉེན་དུ་དགུག །གང་གསུང་སྲས་མཆོག་ཉན་རང་འཕགས་ཚོགས་ལྷ་དང་མི་ཡི་དྲང་སྲོང་ཆེ། །བདེན་ཚིག་གྲུབ་རྣམས་རྫོགས་ལྡན་སྐལ་པའི་འདོད་དགུའི་དཔལ་ཡོན་མ་ལུས་པས། །འོལ་ཡང་མི་བགྱིད་ཆར་ཡང་མི་མཚོན་གཏན་གྱི་ཞི་བདེའི་གོ་འཕང་མཆོག །ཐོབ་པའི་རྒྱུ་རུ་དགེ་ཀུན་བསྔོ་ཞིང་སྨོན་པའི་གྲོགས་སུ་ལ་འུར་བྱོན། །པད་མཚོར་ངང་པ་ཇི་བཞིན་མཐའ་མེད་སྡུག་བསྔལ་སྲིད་མཚོར་དགྱེས་རོལ་ཏེ། །ཕྱོགས་ཀྱི་མཐའ་གྲུ་ཟླུམ་པོར་འཁྱུད་པའི་རྣམ་དཀར་ཡོན་ཏན་ཟླ་མེད་ཀྱིས། །ཉིན་བྱེད་འབུམ་གྱི་ཁེངས་པ་འཕྲོག་པའི་ཀུན་ཕན་འོད་ཀྱི་དཀྱིལ་འཁོར་གྱིས། །སྒྲུབ་བསྟན་པད་ཚལ་ཕྱོགས་བརྒྱར་འབྱེད་ལ་ཟླ་མེད་བླ་མ་འཇམ་མགོན་

མཆོག །གཙུག་ཏུ་བཀུར་བས་བློ་གྲོས་འདབ་སྟོང་མངོན་པར་བཞད་པའི་སྲས་མཆོག་རྣམས། །དམ་པའི་ཚུལ་དགུའི་བརྟུལ་ཞུགས་དང་བཅས་འདུ་བྱེད་བཟང་པོས་ཉེར་བསྐྲུན་པའི། །ལེགས་བྱས་རྨད་བྱུང་འཛད་མེད་གཏེར་གྱི་དཔལ་ལའང་སྐྱེངས་པ་སྟེར་བཟོད་པས། །ཡོངས་སུ་བསྐྲུན་པའི་ཕུན་ཚོགས་སྡེ་བཞི་ཡུན་རིང་མི་འཛད་གངྒཱའི་རྒྱུན། །རྣམ་གྲོལ་རྒྱ་མཚོར་གཅིག་ཏུ་འདྲེས་པས་འདོད་དགུ་འཇོ་བའི་ནོར་བུའི་གཏེར། །བསྟན་འགྲོར་སྨན་པའི་རྨད་བྱུང་དཔལ་ཡོན་ཇི་སྲིད་འཁོར་བའི་མུར་ཐུག་པ། །དེ་སྲིད་ཆོས་ཀྱི་བདུད་རྩིའི་འབྲུ་ཆར་ཕྱོགས་དུས་ཀུན་ཏུ་ཡོངས་བབས་པས། །རྒུད་ཚོགས་ཞི་ཞིང་གཏན་བདེའི་དཔལ་ལ་སྐྱེ་ཀུན་ཅི་དགར་རོལ་གྱུར་ཅིག །བཀའ་གཏེར་མདོ་སྔགས་བསྟན་པ་རྒྱ་མཚོའི་ངོ་མཚར་ཡོངས་རྫོགས་མཛོད་ཆེན་ལྔའི། །ཤིང་རྟའི་སྲོལ་འབྱེད་བསྟན་པའི་སྲོག་མཐུད་རྨད་བྱུང་ཕྲིན་ལས་མཆོག་གི་ཆ། །གངས་ཅན་སྒྲུབ་བརྒྱུད་ཡོངས་ཀྱི་གདམས་པའི་ཆུ་བོ་མ་ལུས་བསྡུས་པའི་མཛོད། །བསམ་སྦྱོར་དག་པས་པར་དུ་བསྐྲུན་པའི་རྣམ་དཀར་བགྱི་བ་འདི་ཡི་མཐུས། །སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་བརྒྱད་ཀྱི་སྨིན་གྲོལ་བདུད་རྩིའི་རྒྱུན་བཟང་གང་། །གང་གི་ཐུགས་མཚོར་བསྐྱིལ་ལས་ལེགས་འཁྲུངས་གདམས་མཛོད་ས་བརྟོལ་དབང་པོ་ཉིད། །རབ་རྒྱས་གྲིབ་བསིལ་ཉེར་འཚོའི་རྟེན་བཅས་ཐོས་བསམ་སྒོམ་པར་ཉེར་བརྩོན་པས། །རྨད་བྱུང་ཉམས་རྟོགས་དགའ་སྟོན་མཆོག་ལ་སྐྱེ་ཀུན་རང་དབང་སྤྱོད་པར་ཤོག །བརྩེ་བས་བསྐྱོད་པའི་ཆོས་སྤྱན་ཡངས་ཤིང་ཐབས་མཁས་མཛད་པ་རྨད་བྱུང་གིས། །གསུང་རབ་སྤྱི་དང་གདམས་པའི་མཛོད་ཀུན་གསལ་མཛད་དགེ་བའི་བཤེས་ གཉེན་ཀུན། །ཆོས་ཀྱི་ཁྲི་ལ་ཞབས་པད་བསྐལ་བརྒྱར་རྡོ་རྗེའི་ཁམས་སུ་རབ་བརྟན་ཅིང་། །ཕན་བདེའི་གསོས་སུ་ཕྲིན་ལས་འོད་སྣང་ཕྱོགས་དུས་ཀུན་ཁྱབ་ནུབ་མེད་ཤོག །བཀའ་གཏེར་མདོ་སྔགས་བསྟན་པ་ཡོངས་ཀྱི་ངོ་མཚར་ཡོངས་རྫོགས་མཛོད་ཆེན་ལྔའི། །ཤིང་རྟའི་བཀའ་སྲོལ་འཆད་ཉན་སྒོམ་པས་འཛིན་མཛད་བཤད་དང་སྒྲུབ་པའི་སྡེ། །ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་བསྐྱེད་རྫོགས་ཏིང་འཛིན་མཐར་ཕྱིན་ངང་༑ ༑ངེས་དོན་སྙིང་པོའི་དོན་བརྒྱུད་བསྟན་པ་སྲིད་མཐར་གནས་ཤིང་རྒྱས་གྱུར་ཅིག །སྙིགས་མའི་རྒུད་ཚོགས་ཀུན་ནས་བདོ་བའི་སྟོང་གསུམ་མི་མཇེད་འཇིག་རྟེན་འདིར། །འཇིགས་རུང་ནད་ཡམས་མུ་གེའི་མནར་གཅོད་མི་ཟད་མཚོན་རྣོན་རེག་བྱ་གང་། །རྒྱལ་བས་བསྔགས་པའི་རྣམ་དཀར་བཟང་པོའི་རྡོ་རྗེའི་གོ་ཆ་བཙན་པོ་ཡི། །མཐུ་ཡིས་མནན་པས་གླགས་ལྟའི་གོ་སྐབས་ནམ་ཡང་རྙེད་པར་མ་གྱུར་ཅིག །ནད་མེད་ཚེ་རིང་འབྱོར་ལྡན་མཐོ་རིས་ཡོན་ཏན་བདུན་ལྡན་མངོན་མཐོའི་དཔལ། །བརྒྱུད་མར་སྤྱོད་ཅིང་ངེས་ལེགས་ལམ་བཟང་བརྩོན་པ་དྲག་པོས་ལེགས་པར་སྒྲུབ། །ས་ལམ་རིམ་བགྲོད་སྐྱེ་རྒུས་ཡོངས་འགེངས་རྩོད་ལྡན་བརྟན་པ་ཅིག་ཅར་འཕྲོག །རྫོགས་ལྡན་དགའ་སྟོན་མགྲོན་དུ་ཁུག་ཅིང་བདེ་སྐྱིད་གླུ་དབྱངས་སྒྲོགས་གྱུར་ཅིག །མཐོ་རིས་སྤྱོད་རྣམས་ཡུལ་གྱི་ལོངས་སྤྱོད་མྱངས་པས་མི་བཅིང་ཆོས་ལ་འཇུག །དམ་པའི་བཤེས་དང་ཚུལ་བཞིན་འགྲོགས་ཏེ་དམ་ཆོས་རིག་ཅིང་སྤྱོད་པའི་ངང་། །བསམ་སྦྱོར་དག་པས་གཞན་གྱི་དོན་ལ་གཅིག་ཏུ་གཞོལ་ཅིང་ཚོགས་གཉིས་ཀྱི། །སྣང་བའི་ལམ་ནས་སྣང་བའི་མཐར་ཐུག་བླ་མེད་བྱང་ཆུབ་དེར་བགྲོད་ཤོག །ཆགས་སྡང་རྨོངས་པས་ཀུན་ནས་བསླངས་པའི་དཀར་མིན་ལས་ཀྱིས་བཀོད་པ་ཡི། །ངན་འགྲོའི་གནས་སུ་བཟོད་དཀའ་འཇིགས་རུང་སྡུག་བསྔལ་སྣ་ཚོགས་མི་བཟད་པས། །ཀུན་ཏུ་མནར་བའི་མྱ་ངན་མུན་པར་ཆུད་རྣམས་སྔར་བྱས་དགེ་བའི་མཐུས། །མུན་ནས་སྣང་བའི་མཐར་ཐུག་རྒྱལ་བའི་གོ་འཕང་མཆོག་དེར་བགྲོད་པར་ཤོག །བསྟན་པའི་སྲི་ཞུ་མངོན་པར་སྒྲུབ་ལ་རབ་དཀར་ལྷག་བསམ་ཟླ་མེད་ཀྱིས། །གཏན་པ་མེད་པའི་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཉིད་ཀྱང་རྣམ་ཀུན་ཏུ། །ནད་མེད་ཚེ་རིང་བདེ་སྐྱིད་དཔལ་འབྱོར་ཡོངས་སུ་རྒྱས་ཏེ་ཆོས་ལྡན་གྱི། །བྱ་བ་མ་ལུས་ལྷུན་གྱིས་གྲུབ་ཅིང་རྣམ་གྲོལ་གོ་འཕང་མྱུར་བགྲོད་ཤོག །བྷ་ཝནྟུ་སརྦ་མངྒ་ལཾ། །ཅེས་པའང་བོད་ཡུལ་སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་བརྒྱད་ཀྱི་གདམས་པའི་ཆུ་བོ་མ་ལུས་གཅིག་ཏུ་བསྡུས་པའི་མཛོད་ཆེན་པོ་གང་ཉིད་གླེགས་བམ་བཅོ་བརྒྱད་དུ་བཀོད་བསྒྲིགས་ཀྱིས་དཔེ་སྐྲུན་བགྱིས་པའི་སྨོན་ཚིག་ཏུ་མཁན་པོའི་མིང་ཙམ་འཆང་བ་ བློ་གྲོས་རྣམ་རྒྱལ་ནེ་གི་ནས་སྤྱི་ལོ་༢༠༢༣ ཟླ་བ་༡༠ ཚེས་༩ ཉིན་ལ་དབར་བཀའ་བརྒྱུད་ཐེག་ཆེན་གླིང་གི་བཤད་གྲྭ་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་དུ་སུག་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ།། །།