DNZ-18-TSHA-010-013

From Damngak Dzö
Revision as of 10:25, 29 May 2025 by Jeremi (talk | contribs)

DNZ-18-TSHA-010-013
Wylie title
Location gdams ngag rin po che'i mdzod
Volume 18, Text 10, Subtext 13, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
(༡༣) །བཀའ་གདམས་ལྐོག་ཁྲིད་ཀྱི་ཁྲིད་ཡིག ༑བཀའ་གདམས་ལྐོག་ཁྲིད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རྡོ་ལེབ་གཅིག་བསམ། དེའི་སྟེང་དུ་རང་ལུས་བཞག །དེ་ལ་རྒྱལ་བསེན་ས་བདག་ཐེའུ་རང་བཞིས་ཕྱོགས་བཞི་ནས་ཐོ་བ་རེ་ཐོགས་ནས་བརྡུངས་པས་ཤ་ཁྲག་གི་ཟེགས་མས་སུམ་གཉིས་ཙམ་བཀང༌། རྒྱལ་བསེན་ས་བདག་ཐེའུ་རང་བཞིས་གྲི་རེ་རེས་གཏུབས། རྒྱལ་བསེན་ཀླུ་གསུམ་གྱིས་ཆགས་སྡང་རྨོངས་གསུམ་བསྐྱེད་དེ། རང་ཤ་རང་གིས་ཟ་བས། དེ་ནས་མདུན་དུ་བསེན་མོ་བཀུག་ནས་སྙིང་རྗེ་བསྒོམ། ལུས་ཤ་རུལ་བསེན་མོས་ཟོས་པས་ཚིམ་པར་བསམ། མོའི་སེམས་ཉིད་ཐིག་ལེ་སྙིང་ཁ་ནས་བྱུང༌། སྣ་བུག་གཡས་ནས་མདུན་ན་གནས་པ། རང་སེམས་ཐིག་ལེ་ཡང་ཡར་རྒྱང་ཐོན་པར་བསམ། མོའི་སེམས་ཇེ་རིང་ཇེ་རིང་ལ་མཁའ་ལ་ཡལ། རང་སེམས་ཐིག་ལེ་མོའི་སྣ་བུག་གཡོན་དུ་ནུབ་སྟེ། མོའི་གཟུགས་ནམ་མཁའ་ལ་སྟོང་སངས་སངས་སོང༌། དེའི་ངང་ལ་བཞག །རྒྱལ་པོ་ལ་ལུས་སྦྱིན་པ་སྔར་དང་འདྲའོ། །གནོད་བྱེད་ཀླུ་མདུན་དུ་བཀུག །རོ་སྟོད་དུ་ཁོའི་ཕོ་བྲང་བསམ། ཕོ་བ་ཁྲག་དང་ཆུ་སེར་མཚོ་དང༌། རྒྱུ་མ་ལོང་ཁ་འཁོར་གྱི་སྦྲུལ་དང་སྲིན་བུ་ས་བདག་སྦལ་ལྕང་ལ་སོགས་པ་འཁོར་དང༌༑ དོན་སྙིང་སྣ་ལྔ་རིན་ཆེན་ལྔ་དང་མི་གཙང་ལྗན་ལྗིན་དྲི་དང་སྤོས་སུ་བསམ། དེ་ནས་ཁོས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཀོ་བ་སྐྱི་གྲིས་བཞར་བ་བཞིན་དུ་བྱུང་ནས་རང་ལ་སྨིན་པར་བསམ། རང་གི་དགེ་བདེ་ཐམས་ཅད་ཁོང་ལ་སྨིན་པར་བསམ། དར་ཅིག་བསྒོམ། ལམ་གཅིག་ཆོད། འདུན་མ་གཅིག་དྲིལ། རྟོགས་པ་འབུར་འཇོམས། གཉེན་པོ་བཅོམ་བརྡེག་ལ་ས་ལམ་མི་བརྩི། ང་བདག་དེ་རིང་བརླགས་ན་དེ་རིང་སངས་རྒྱ། སང་མེད་ན་སང་སངས་རྒྱ། ང་བདག་ནམ་མེད་ན་སངས་རྒྱ་བ་ཡིན་ནོ། །ཀུན༵་ནས་མ་ཐུལ་གྱོང་པོའི་སེམས། །དག༵འ་བཞིན་སྦྲུལ་མདུད་གྲོལ༵་ཚུལ་དུ། །བདག་འཛིན་མཆོ༵ག་ཏུ་སྤོང་བའི་ཐབས། །དམིགས་ཐོ་ཡི་གེར་བཀོད་འདིའོ། །མཆིམས་ཀྱི་ཡིག་རྙིང་ལས་བཏུས་སོ།