DNZ-09-TA-019-005

From Damngak Dzö
Revision as of 10:25, 29 May 2025 by Jeremi (talk | contribs)

DNZ-09-TA-019-005
Wylie title
Location gdams ngag rin po che'i mdzod
Volume 9, Text 19, Subtext 5, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༈ །།དམ་ཆོས་དགོངས་པ་གཅིག་པའི་ཆིངས་རྣམ་བཞི་བཞུགས། དྲི་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་འདྲེས་ཤེས་བྱའི་དངོས་པོ་ཇི་ལྟ་བ། །ཐམས་ཅད་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །མཉམ་མེད་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །རྒྱལ་བ་དེ་ཡི་ཞལ་ནས་གསུངས་པ་ཡིས། །དམ་ཆོས་ཁྱད་འཕགས་ཐུན་མོངས་མ་ཡིན་པ། །མངོན་དུ་མཛད་པའི་བཞེད་ལུགས་དཔག་མེད་ཀྱང༌། །རྨོངས་པས་དྲན་པ་ཅུང་ཟད་ཙམ་ཞིག་བྲི། །དེའང༌། ༈ ཆོས་རྗེ་རིན་པོ་ཆེ་རྒྱལ་བ་འབྲི་གུང་པའི་བཞེད་དགོངས། རྡོ་རྗེའི་གསུང་ཚིག་བརྒྱ་དང་ལྔ་བཅུ་པ་ལྷན་ཐབས་དང་བཅས་པ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་གཅིག་པ་འདི། ཆིངས་རྣམ་པ་བཞིས་སྟོན་པ་ཡིན་གསུང༌། དེ་ལ་དང་པོ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་གཅིག་པ་ཡིན་ཚུལ་ཇི་ལྟར་སྟོན་པ་དང་གཅིག །རྡོ་རྗེའི་གསུང་ཅི་ལྟར་ཡིན་ཚུལ་སྟོན་པ་དང་གཉིས། ཆོས་ཀྱི་ངོ་བོ་ཅི་ལྟར་ཡིན་བྱ་བ་སྟོན་པ་དང་གསུམ། ཉམས་སུ་ཇི་ལྟར་ལེན་ཚུལ་སྟོན་པ་དང་བཞི་ཡིན་ནོ། །དང་པོ་དགོངས་པ་གཅིག་པ་ཅི་ལྟར་ཡིན་བྱ་བ་ལ་བཞི་སྟེ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་སྐྲུན་པས་ན་ཡུམ་དུ་གཅིག །འདི་ཉིད་ལ་བརྟེན་ནས་རྒྱལ་བ་ཐམས་ཅད་སངས་རྒྱས་པས་གཤེགས་ཤུལ་དུ་གཅིག །དཔེར་ན་གྲུ་གོང་གི་མི་བཞིན་ནམ། མ་བུ་བཞིན་དུ་དགོངས་པ་གཅིག །རྒྱལ་བ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ངོར་ཡེ་ཤེས་བརྙེས་པར་གཅིག་པ་དང་བཞིའོ། །གཉིས་པ་རྡོ་རྗེའི་གསུང་ཅི་ལྟར་ཡིན་བྱ་བ་ལ་ཡང་བཞི་སྟེ། ཐ་སྙད་མཁན་པོའི་ཚིག་དང་རྟོག་གེས་རྟོགས་པར་དཀའ་བའི་དོན་གྱིས་རྡོ་རྗེ། དཔེར་ན་རྫས་ཀྱི་དངོས་པོ་རྡོ་རྗེ་ཕ་ལམ་བཞིན་དུ་གཞན་གྱིས་མི་ཐུབ་པའི་དོན་གྱིས་ན་རྡོ་རྗེ། མི་ཕྱེད་རྡོ་རྗེ་བཞིན་དུ་གཞན་གྱིས་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེ། བོད་རྒན་སྤྱི་པའི་གྲུབ་མཐའ་སྣ་ཚོགས་ཀྱི་ནང་འདིར་དཀོན་ཞིང་རྨད་དུ་བྱུང་བའི་དོན་གྱིས་ན་རྡོ་རྗེ་དང་བཞིའོ། །གསུམ་པ་ཆོས་ཀྱི་ངོ་བོ་ཅི་ལྟར་ཡིན་ཚུལ་ལ་བཞི་སྟེ། ངོ་བོ་འཁོར་འདས་ཐམས་ཅད་ལ་ནམ་མཁའ་བཞིན་དུ་མི་ཁྱབ་པ་མེད་པ་དང་གཅིག །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དངོས་པོ་ཐམས་ཅད་ལ་མི་སྟོང་པ་མེད་པ་དང་གཉིས། ཡིད་བཞིན་གྱི་ནོར་བུ་བཞིན་དུ་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་དང་མི་ལྡན་པ་མེད་པ་དང་གསུམ། ཉོན་མོངས་པའི་སྐྱོན་ཐམས་ཅད་ཀྱིས་གོས་པ་མེད་པ་དང་བཞིའོ། །བཞི་པ་ལ་ཡང་བཞི་སྟེ། བླ་མ་དང་ཆོས་ཉམས་ལེན་ཅི་ལྟར་ཡིན་ན། བླ་མ་འཇིག་རྟེན་མགོན་པོ་ཡིན་བྱ་བ་དང་གཅིག །ཆོས་གདམས་ངག་ཕྱག་རྒྱ་ཆེན་པོ་ཡིན་བྱ་བ་དང་གཉིས། གང་ཟག་ནི་འཇིག་རྟེན་བློས་སྤངས་པ་གཅིག་དགོས་བྱ་བ་དང་གསུམ། གནས་རི་ཁྲོད་དང་ནགས་ཁྲོད་དུ་ཉམས་སུ་ལེན་པ་དང་བཞིའོ། །དེ་ལྟར་ཆོས་ཀྱི་གནད་རྩ་བ་བཞི་ལ། རེ་རེ་ཡང་བཞི་བཞིར་གྱེས་པ་འདི། དགོངས་པ་གཅིག་པའི་ཆིངས་ཡིན་ཞེས་དཔལ་དམ་ཆོས་གླིང་པ་བཞེད་དོ། །དེ་ལྟར་ན་མཉམ་མེད་འབྲི་ཁུང་པའི་དམ་པའི་ཆོས་ཀུན་དང་ཐུན་མོང་མ་ཡིན་པ་དགོངས་པ་གཅིག་པ་བྱ་བ་ལ། རྡོ་རྗེའི་གསུང་རྐང་པ་བརྒྱ་ལྔ་བཅུ་ཡོད། ཚོམས་ཆེན་པོ་བདུན་ཡོད། ཁོག་དབུབས་བཀའ་བརྒྱུད་བླ་མའི་རྣམ་ཐར་བརྒྱུད་པ་བྱུང་ཁུངས་དང་བཅས་པ་ཡོད། གཞུང་ལྔ་ལྡན་ཡོད༑ ཉམས་ལེན་སྡོམ་གསུམ་གནད་གཅིག་ཡོད། དམ་ཆོས་དགོངས་པ་གཅིག་པ་ལ། ལམ་ཟབ་མོ་བླ་མའི་མོས་གུས་ཡོད། ངོ་སྤྲོད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོད། གཏན་འབེབས་དུས་གསུམ་རྒྱལ་བའི་དགོངས་པ་ཡོད། གཙོ་བོར་སྟོང་ཉིད་རྒྱུ་དང་འབྲས་བུ་ཡོད། གཞིར་བཞག་སྣང་བ་རང་སེམས་ཡོད། ཆོས་ཐམས་ཅད་ཅེས་བྱ་བ་ནི། འཁོར་འདས་གཉིས་སུ་འདུས། འཁོར་འདས་གཉིས་རང་གི་སེམས་ལ་འདུས། སེམས་སྟོང་པ་ཆོས་སྐུར་གཏན་ལ་ཕབ་པས། དོན་དེས་ན། དཔེར་ན་གདུགས་ཀྱི་ཚུལ་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དབྱེ་བ་མེད་པར་ཁོག་ཕུབ། གདུགས་ཀྱི་ཤམ་བུའི་ཚུལ་དུ་རྒྱུ་འདི་སོང་ན་འབྲས་བུ་འདི་འབྱུང་བྱ་བ་ཤ་མོང་གི་སུལ་བཞིན་མ་འདྲེས་པར་སོ་སོར་ཤན་ཕྱེ། གདུགས་ཀྱི་ཡུ་བའི་ཚུལ་དུ་སྡོམ་གསུམ་གནད་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན། གདུགས་ཀྱི་ཏོག་གི་ཚུལ་དུ་བླ་མའི་མོས་གུས་ཀྱིས་བོགས་འདོན་པའོ། །བསྟན་བཅོས་མཚན་ཉིད་དང་ལྡན་པ་ལ་སྐྱོན་དྲུག་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པ་ཞིག་དགོས་ཏེ། དེ་སྐད་དུའང༌། ཐེག་བསྡུས་འགྲེལ་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང༌། །ངན་གཡོ་བརྩེ་བྲལ་སྙིང་རྗེར་ལྡན། །ཞེས་པས་སྐྱོན་དྲུག་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའོ།