DNZ-06-CHA-020-006

From Damngak Dzö
Revision as of 10:22, 29 May 2025 by Jeremi (talk | contribs)

DNZ-06-CHA-020-006
Wylie title
Location gdams ngag rin po che'i mdzod
Volume 6, Text 20, Subtext 6, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༈ །བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་བྱང་སེམས་ཀུན་དགའ་ལེགས་རིན་གྱིས་མཛད་པའི་འཆད་ཐབས་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཝེ། ཕུལ་བྱུང་སྨོན་པའི་ཆུ་གཏེར་ལས་འཁྲུངས་སྟོང་ཉིད་བཅུ་དྲུག་ཆ་ཤས་རྫོགས། །སྙིང་རྗེའི་སྣང་ཆ་རི་དྭགས་གཟུགས་ཀྱིས་ཉེར་མཛེས་ཕྲིན་ལས་ཞི་བསིལ་འོད། །ག་བུར་དོག་པས་མཚོན་མིན་བསྐལ་བཟང་ཨུཏྤལ་བཤེས་སུ་སྤྲོ་མཁས་པའི། །འཇམ་དབྱངས་བླ་མ་སྨྲ་བའི་ཟླ་བ་མཆོག་དེར་ཕྱག་གིས་འདུད། །རྒྱལ་ཀུན་ཡེ་ཤེས་རང་གཟུགས་རལ་གྲི་ཅན། །མཚན་དཔེ་ངོམ་པའི་ཟོལ་གྱིས་བརྩེ་བ་ཆེར། །རྒྱལ་སྲས་འཇུག་པའི་སྲོལ་ཆེན་དོན་ཚན་བཞིར། །བསྡུས་ཏེ་གདམས་པའི་གྲགས་དཀར་རྣ་བའི་དཔྱིད། །ཚུལ་དེ་འཆད་བྱར་བྱས་པའི་རྩོད་བྲལ་གཞུང༌། །ཇི་བཞིན་འཆད་ལ་ཉེར་མཁོའི་མཚམས་སྦྱོར་འདིས། །འབྱུང་འགྱུར་འཆད་པའི་ཁྲིར་འཛེགས་གསར་བུ་རྣམས། །འཆད་བྱེད་ངག་གི་འདོད་འཇོ་ཐོབ་ཕྱིར་སྤེལ། །དེ་ཡང་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་དེད་དཔོན་བྱང་ཆུབ་སེམས་ཀྱིས་རྒྱུད་ཕྱུག་པ་དག་གིས་སྐལ་བ་དང་ལྡན་པའི་སློབ་མ་རྣམས་ལ་ཞེན་པ་བཞི་བྲལ་གྱི་ལམ་ནས་རྣམ་གྲོལ་རིན་ཆེན་གླིང་དུ་དཀྲི་བའི་ཚུལ་ལ། རྗེ་བཙུན་རིན་པོ་ཆེས་མཛད་པའི་ལོ་རྒྱུས་ཁྲིད་ཡིག་ཉམས་དབྱངས་ཀྱི་ཚུལ་ཅན། རྗེ་ས་པཎ་དང་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་ཟིན་བྲིས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེང་གེས་མཛད་པའི་ཁྲིད་ཡིག །མ་ཧཱ་པཎྜི་ཏ་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཁྲིད་ཡིག་སོགས་ཡིག་སྣ་མང་དུ་བཞུགས་པ་ལས། དེང་སང་ཁྲིད་ཡིག་ཕལ་ཆེར་རྡོ་རྗེ་འཆང་གི་རུས་དབོན་བྱང་ཆུབ་སེམས་དཔའ་ཀུན་དགའ་ལེགས་པའི་རིན་ཆེན་གྱིས་རྗེ་བླ་མའི་གསུང་སྒྲོས་ཟིན་བྲིས་སུ་བཏབ་པའི་སྟེང་ནས་མཛད་པ་ཤས་ཆེ་བས་དེའི་ཚུལ་ལ། ཐོག་མར་གཙུག་ལག་ཁང་སོགས་གནས་ཡིད་དུ་འོང་བར། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་གཙོ་འཁོར་བཞུགས་པའི་རྟེན་གྱི་དྲུང་དུ་ཅི་འབྱོར་བའི་མཆོད་པ་བཤམས་ལ། སློབ་དཔོན་རང་ཉིད་རྟེན་ལ་ཁ་ཕྱོགས་པས་ཕྱག་དང་བཅས་ཏེ། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་སྔོན་ཏུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཞེས་སོགས་སྤྱོད་འཇུག་ནས་འབྱུང་བའི་ཚིག་གིས་སྨོན་འཇུག་སེམས་བསྐྱེད་པ་བླངས་པས་བྱང་སྡོམ་སོར་ཆུད་པར་བྱས་ནས། སྐྱབས་སེམས་སྔོན་ཏུ་བཏང་ནས་སློབ་མ་ལ་འབོག་རྒྱུའི་དམིགས་རྐང་གང་ཡིན་དེ་ཐུན་གཅིག་བསྒོམས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་ཀྱི་བསྔོ་བས་རྒྱས་འདེབས་པ་ཉི་མ་རྗེས་མ་རྣམས་ལའང་འགྲེའོ། །དེ་ནས་སློབ་མ་རྣམས་བོས་ལ་ཐོག་མར། སློབ་དཔོན་གྱིས་བདུད་ཚར་བཅད་པའི་སྔགས་བདུན་ཙམ་བསྒྲང་བའི་ཚེ། སློབ་མ་རྣམས་ཀྱིས་ཕྱག་བྱས་ནས་གྲལ་རིམ་བཞིན་འཁོད་པ་ལ་སློབ་དཔོན་གྱིས་བསྐུལ་ཏེ། སྨྲ་བསམ་བརྗོད་མེད་སོགས་ཤེར་སྙིང་ཚར་གཅིག་དང༌། བདུད་བཟློག་ཚར་གསུམ་གྱི་མཇུག་ཏུ། རྫོགས་པའི་བྱང་ཆུབ་སོགས་ཤླཽ་ཀ་གཅིག་དང༌། བསོད་ནམས་འདི་ཡིས་སོགས་བརྗོད། དཔལ་ལྡན་རྩ་བའི་བླ་མ་སོགས་དང༌། འགྲོ་བའི་བླ་མ་སོགས་བརྒྱུད་འདེབས་ཟུར་ནས་འབྱུང་བ་དལ་བུས་བསྒྲིགས་འདོན་བྱས་པའི་ཚེ། མཆོད་གཡོག་པས་མེ་ཏོག་གྲལ་མགོ་ནས་བཀྱེ། གྲལ་གཤམ་ནས་བསྡུས། ཕྱག་གསུམ་བཙལ་ལ་འགྲེང་སྟེ་འདུད་པ་དང་བཅས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པའི་དྲུང་དུ་ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་བཀའ་ཁྲིད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་ཞུ། ཞེས་བརྡ་སྦྱར་ནས། མཎྜལ་སོ་བདུན་མ་ཕུལ། སྤྲོ་ན། གང་གི་མཆོད་རྫས་མ་དང༌། དེང་ནས་བྱང་ཆུབ་སོགས་ཀྱང་བྱ། དེ་ནས་སློབ་དཔོན་གྱིས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སྐད་གསང་མཐོན་པོས་འདི་སྐད་བརྗོད་པར་བྱའོ། །འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ལ་དོན་ཉམས་སུ་ལེན་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བཞག །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་ཏུ། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ངག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། ཉལ་བ་དང༌། བསྙེས་པ་དང༌། སློབ་དཔོན་ལ་གཞོགས་དང་རྒྱབ་ཀྱིས་ཕྱོགས་པ་ལ་སོགས་པ་སྤངས་ཏེ། ཙོག་པུའམ་པུས་མོ་བཙུགས་ཏེ་གུས་པའི་སྤྱོད་ལམ་དང་ལྡན་པས། ངག་སྨྲ་བ་བཅད་དེ། ཡིད་རྩེ་གཅིག་པའི་སྒོ་ནས། གསང་བ་བསམ་གྱིས་མི་ཁྱབ་པ་ལས། སངས་རྒྱས་འཇིག་རྟེན་འབྱུང་བ་བརྒྱ་ལམ་ན། །མི་ཡི་ལུས་ནི་ཤིན་ཏུ་རྙེད་པར་དཀའ། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་འཇིག་རྟེན་ན་ནི་ཤིན་ཏུ་དཀོན། །ཞེས་གསུངས་པ་ལྟར་རྐྱེན་དེ་དག་ཚོགས་ནས་ཆོས་ཉན་ཏུ་ཡོད་པ་ལ་དགའ་ཞིང་སྤྲོ་བ་དང་བཅས་པས་གསན་དགོས་ལ། ཁྱད་པར་དུ་མདོ་ལས། ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུངས་ཤིག །ཅེས་གསུངས་པའི་ལྡོག་ཕྱོགས་སུ་གྱུར་པ་ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་བུབ་པ་ལྟ་བུའི་སྐྱོན་དང༌། ཡིད་གཏད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་དང༌། དྲན་པ་དང་ཤེས་བཞིན་གྱིས་བཟུང་ཡང༌། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་གསུངས་པ་ལྟར། འཆད་པ་པོ་འདི་བས་ཁོ་བོ་རང་རིགས་དང་ཡོན་ཏན་ལ་སོགས་པ་དུ་མའི་སྒོ་ནས་ཁྱད་པར་འཕགས་སོ་སྙམ་པའི་ང་རྒྱལ་དང༌། འཆད་པ་པོ་འདི་ལ་སྐྱོན་གྱི་རྣམ་པ་འདི་ལྟ་བུ་ཞིག་ཡོད་དོ་སྙམ་པའི་མ་དད་པ་དང༌། བཤད་བྱའི་ཆོས་དེ་ལ་ཤེས་ན་སྙམ་པའི་དོན་གཉེར་གྱི་བློ་མེད་པ་དང༌། གཟུགས་སོགས་ཕྱི་རོལ་གྱི་དངོས་པོ་ལ་རྟོག་དཔྱོད་དང༌། རྩེད་མོ་དང་ཀུ་རེ་ལ་སོགས་པས་ཡིད་གཡེང་བ་དང༌། དུག་གསུམ་གྱི་རྟོག་པ་འོག་འགྱུ་རྒྱ་འབྱམས་པ་དང༌། ཏིང་ངེ་འཛིན་ལ་མཉམ་པར་འཇོག་ལོ་བྱེད་པ་སོགས་ཡིད་ནང་དུ་སྡུད་པ་དང༌། ད་དེ་ག་ཙམ་ལ་ཆོས་ཀྱི་མཚམས་བྱས་ན་ལེགས་ཏེ་སྙམ་པ་ཆོས་ཉན་པའི་སྐྱོ་བ་སྟེ། དྲི་མ་དྲུག་པོ་གང་རུང་དང་ལྡན་པ་ནི་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་ངེས་པར་སྤང་དགོས། གཞན་ཡང་དཔོན་སློབ་གཉིས་ཀས་འདུ་ཤེས་དྲུག་བསྟེན་ཅིང་ཕར་ཕྱིན་དྲུག་ལྡན་ཏུ་ཉམས་སུ་ལེན་དགོས་ཏེ། སློབ་དཔོན་ལ་སྨན་པ། ཆོས་ཉན་པ་རྣམས་ནད་པ། ཆོས་ལ་སྨན་བཟང་པོ། ཉོན་མོངས་པ་ལ་ནད་དྲག་པོ། ནན་ཏན་གྱིས་བསྒྲུབ་པ་ལ་ནད་ཉེ་བར་གསོ་བ། དེ་བཞིན་གཤེགས་པ་ལ་མི་བསླུ་བའི་ཕྱིར་སྐྱེས་བུ་དམ་པ་དང༌། ཐབས་འདིས་བདེ་བར་གཤེགས་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱའོ་སྙམ་པའི་འདུ་ཤེས་དྲུག་དང༌། སློབ་དཔོན་གྱིས་ཆོས་ཀྱི་ཚིག་དོན་སྟེར་བ་དང༌། དེའི་ཆེད་དུ་ཡོན་དབུལ་བ་ལ་སོགས་པ་སྦྱིན་པ། ཉན་བཤད་ཀྱི་མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས། ལུས་ངག་གི་དཀའ་སྤྱད་ལ་མི་སྐྱེ་བའི་བཟོད་པ། ཉན་བཤད་ལ་སྤྲོ་བའི་བརྩོན་འགྲུས། ཆོས་ལ་རྩེ་གཅིག་པའི་བསམ་གཏན། ཚིག་དང་དོན་རབ་ཏུ་རྣམ་པར་དབྱེ་བའི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞིག་ངེས་པར་དགོས་པས་དེ་དག་ཚུལ་བཞིན་ཏུ་གསལ་བཏབ་ནས་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། འདིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་ནས། ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་གནང༌། དེས་གངས་ཅན་མཁས་པའི་གཙུག་རྒྱན་སྙིགས་དུས་ཀྱི་ཐུབ་དབང་གཉིས་པ་ཀུན་མཁྱེན་ཀུན་དགའ་བཟང་པོ་ལ་གནང༌། དེས་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ལ་གནང༌། དེས་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ལ། དེས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ལ། དེས་མཁས་པ་ཆེན་པོ་སྤྱན་སྔ་དཀོན་མཆོག་རྒྱ་མཚོ་ལ། དེས་རྗེ་བཙུན་ངག་དབང་མཆོག་ལེགས་རྡོ་རྗེ་ལ། དེས་རང་གི་དབོན་མཁྱེན་རབ་བསྟན་འཛིན་བཟང་པོ་ལ། དེས་དབོན་བྱམས་པ་ངག་དབང་ལྷུན་གྲུབ་ལ། དེས་རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ་ལ། དེས་འཇམ་མགོན་གནས་གསར་བ་ལ། དེས་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ། དེས་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ་ལ། འཇམ་དབྱངས་འཁོན་སྟོན་ངག་དབང་རྡོ་རྗེ་རིན་ཆེན་ལ་གནང༌། དེས་བདག་གི་རྩ་བའི་བླ་མ་ཆེ་གེ་མོ་ལ་གནང༌། དེས་བདག་ཅག་ལ་དགྱེས་བཞིན་ཏུ་བཀའ་དྲིན་ཆེན་པོས་གནང་བའོ། །ཞེས་པས་མཚོན་རང་རང་གི་ཐོབ་ཡིག་དང་བསྟུན་ནས་བསྒྱུར་ཤེས་པར་བྱའོ། །གཉིས་པ་མན་ངག་དངོས་ལ་སྔོན་འགྲོ། དངོས་གཞི་ཞེས་པ་ནས། ལས་ལ་བརྩོན་པར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །གཉིས་པ་དངོས་གཞི་ལ་བཞི་ལས། དམིགས་པ་དང་པོ་ནི། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞལ་སྔ་ནས། དང་པོ་ཚེ་འདིར་མ་ཞེན་པ། །ཞེས་པ་ནས། ཆོས་བརྒྱད་ཀྱི་བསམ་གཏན་བཤོལ་ལ་ཞོག །ཅེས་གསུངས་པ་ལྟར། ཚེ་འདི་ལ་མ་ཞེན་པ་གཅིག་དགོས་ཀྱི་ཞེས་པ་ནས། དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྙམ་དུ་བསྒོམ་མོ། །བཞི་པ་ནི། དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་མཐའ་དག་ཚང་བ་ཤིན་ཏུ་དཀོན་པའི་ཕྱིར་རྙེད་པར་དཀའ་སྟེ། དལ་བ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ལྷ་དང་ཀླ་ཀློ་དང༌། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་དང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར་མི་ཁོམ་པའི་གནས་བརྒྱད་དང༌བྲལ་བ་ཞིག་དགོས་ཀྱི། དེ་ལ་དམྱལ་བ་ནི་སྡུག་བསྔལ་དྲག་པོས་གཟིར་བ་དང༌། ཡི་དྭགས་ནི་སེམས་འཚིགས་པའི་རང་བཞིན་ཡིན་པ་དང༌། དུད་འགྲོ་ནི་ཀུན་ཏུ་རྨོངས་ཤིང་རྒྱུད་ངོ་ཚ་དང་ཁྲེལ་མེད་པ་ཤས་ཆེ་བ་དང༌། ལྷ་ཚེ་རིང་པོ་ནི་འགལ་རྐྱེན་ལོག་ལྟ་དང་མངོན་པའི་ང་རྒྱལ་སྐྱེ་བའི་གནས་ཡིན་པ་དང༌། ཀླ་ཀློ་ནི་མ་བག་མར་ལེན་པ་སོགས་བླང་དོར་ཕྱིན་ཅི་ལོག་ཏུ་སྤྱོད་ཅིང་སྐྱེས་བུ་དམ་པ་དང་འཕྲད་པར་དཀའ་བ་དང༌། ལོག་ལྟ་ཅན་ནི་དགེ་བ་ལ་མཐོ་རིས་དང་ཐར་པའི་རྒྱུར་མི་སེམས་ཤིང༌། དཀོན་མཆོག་དང་ལས་འབྲས་ལ་སོགས་མི་བདེན་པར་འདོད་པ་དང༌། སངས་རྒྱས་ཀྱིས་སྟོང་པའི་འཇིག་རྟེན་ཏུ་སྐྱེས་པའི་མི་རྣམས་ལ་བསྒྲུབ་རྒྱུའི་དམ་པའི་ཆོས་མེད་པ་དང༌། ལྐུགས་པ་ནི་ལྕེའི་དབང་པོ་ལ་སྐྱོན་ཞུགས་པ་སྟེ། དེ་དག་བླང་དོར་གྱི་རྣམ་དབྱེས་རྨོངས་ཤིང་ཆོས་ཀྱི་ཐ་སྙད་ལས་འདས་པའི་ཕྱིར་དམ་པའི་ཆོས་བསྒྲུབ་ཏུ་མི་ཁོམ་མོ། །དེས་ན་དལ་བའི་རྟེན་ཐོབ་པ་ཤིན་ཏུ་དཀའ་སྟེ། རིགས་དྲུག་གི་འགྲོ་བ་ཕལ་མོ་ཆེ་མི་ཁོམ་པའི་གནས་ཀྱི་ནང་ན་འདུག་པའི་ཕྱིར་རོ། །འབྱོར་པ་བཅུ་དང་ལྡན་པ་ལ། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས། དང་པོ་ནི། མིར་སྐྱེས་ཡུལ་གྱི་དབུས་སུ་སྐྱེས། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་མ་ལོག་པ། །ཞེས་གསུངས་ཏེ། མིར་སྐྱེ་བར་དཀོན་པའི་ཚུལ་ནི་སྔར་བཤད་ཟིན་ཏོ། །ཡུལ་གྱི་དབུས་སུ་སྐྱེ་བའང་དཀོན་ཏེ། འཕགས་པ་ཐོགས་མེད་ཀྱིས་འཁོར་རྣམ་བཞི་གང་རུང་བཞུགས་པའི་ས་ཕྱོགས་ལ་ཡུལ་དབུས་དང༌། མི་བཞུགས་པ་ལ་མཐའ་འཁོབ་ཏུ་གསུངས་པའི་ཕྱིར། འཁོར་རྣམ་བཞི་མི་བཞུགས་པའི་ས་ནི་ནམ་མཁའི་ཁྱོན་ཙམ། བཞུགས་པའི་ས་ནི་ཤིང་རྟའི་འཕང་ལོ་ཙམ་དུ་སྣང་བའི་ཕྱིར་རོ། །དབང་པོ་ཚང་བ་དཀོན་ཏེ། སྡོང་པོ་བཀོད་པ་ལས། དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའ། ཞེས་གསུངས་སོ། །གནས་ལ་དད་པའང་དཀོན་ཏེ། ལེགས་པར་གསུངས་པ་དམ་པའི་ཆོས་འདུལ་བ་ལ་སྙིང་ནས་དད་པ་ཐོབ་པ་བརྒྱ་ཞིག་ན་རེ་རེ་ཙམ་དུ་སྣང་བའི་ཕྱིར་རོ། །ལས་ཀྱི་མཐའ་མ་ལོག་པའང་དཀོན་ཏེ༑ མཚམས་མེད་ལྔ་རང་གིས་བྱེད་པ་དང༌། གཞན་ལ་བྱེད་དུ་འཇུག་པ་དང༌། གཞན་གྱིས་བྱས་པ་དགའ་བ་བསྒོམ་པ་ཆེས་མང་དུ་སྣང་བའི་ཕྱིར་རོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འབྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འབྲང༌། །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་ཏེ། དེའང་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ཤིན་ཏུ་དཀོན་ཏེ། སངས་རྒྱས་འབྱོན་པའི་བསྐལ་པ་ལ་སྒྲོན་བསྐལ་དང༌། མི་འབྱོན་པ་ལ་མུན་བསྐལ་ཞེས་བྱ་ཞིང༌། ད་ལྟར་གྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱོན་པས་བསྐལ་པ་བཟང་པོ་ཞེས་བྱ་ལ། དེ་ནས་མུན་བསྐལ་དྲུག་ཅུའི་རྗེས་སུ་ཡོན་ཏན་བཀོད་པ་ཞེས་བྱ་བའི་སྒྲོན་བསྐལ་གཅིག །དེ་ནས་མུན་བསྐལ་ཁྲིའི་རྗེས་སུ་སྙན་པ་ཆེན་པོ་ཞེས་བྱ་བའི་སྒྲོན་བསྐལ་གཅིག །དེ་ནས་མུན་བསྐལ་སུམ་བརྒྱའི་རྗེས་སུ་དཔེ་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་གཅིག་སྟེ། དེ་ལྟར་ན་མུན་བསྐལ་ཁྲི་སུམ་བརྒྱ་དྲུག་ཅུའི་རིང་ལ་སྒྲོན་བསྐལ་བཞི་ལས་མི་འབྱུང་ཞིང༌། སྒྲོན་བསྐལ་གྱི་ཡང་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་ཡར་འཕེལ་ལ་སངས་རྒྱས་མི་འབྱོན་པར་གསུངས་པའི་ཕྱིར་དུས་ཕལ་ཆེར་སངས་རྒྱས་མི་འབྱོན་པས་འདའ་བ་ཡིན་ནོ། །དེས་ཆོས་གསུངས་པའང་དཀོན་ཏེ། གདུལ་བྱ་ཆོས་ཀྱི་སྣོད་དུ་གྱུར་པ་མེད་ན་སངས་རྒྱས་རྣམས་ཆོས་མི་གསུང་བར་བཤད་པའི་ཕྱིར་དང༌། འོ་སྐོལ་གྱི་སྟོན་པ་འདི་ཡང་སངས་རྒྱས་པའི་ཚུལ་བསྟན་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །ཞེས་གསུངས་ཤིང་ཐུགས་ལས་ཆུང་ངུར་བཞུགས་པ་ལ། མི་མཇེད་ཀྱི་བདག་པོ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་དགོས་པ་བྱུང་བར་བཤད་པའི་ཕྱིར་རོ། །བསྟན་པ་གནས་པའང་དཀོན་ཏེ། བསྐལ་བཟང་འདིའི་ཡང་སངས་རྒྱས་སྔ་མ་སྔ་མའི་བསྟན་པ་རྫོགས་ནས་ཕྱི་མ་ཕྱི་མའི་བསྟན་པ་མ་བྱུང་གི་བར་ལ་བསྟན་པ་མེད་པའི་ཕྱིར་རོ། །བསྟན་པའི་རྗེས་སུ་བདག་གཞན་འཇུག་པ་ཡོད་པའང་དཀོན་ཏེ། ཕྱི་རོལ་མུ་སྟེགས་བྱེད་དང་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པའི་འཇིག་རྟེན་པ་ཆེས་མང་ཞིང༌། བསྟན་པའི་རྗེས་སུ་ཞུགས་པར་རློམ་པ་ཕལ་མོ་ཆེ་ཡང་སྡེ་སྣོད་དང་རྒྱུད་སྡེ་དང་དེ་དག་དགོངས་འབྲེལ་ཚད་ལྡན་རྣམས་ཚིག་གི་ན་ཡམ་ཡིན་པར་བསམ་ནས་རྣ་བར་ཐོས་པ་ཙམ་ཡང་དོན་ཏུ་མི་གཉེར་བར་དེ་དག་གི་དགོངས་པ་མི་ཤེས་པའི་བླུན་པོ་རྣམས་ཀྱིས་གང་དྲན་སྦྱར་བའི་རྗེས་སུ་འཇུག་པ་དང༌། དེ་ལྟ་བུ་ལ་ཉན་བཤད་སྒོམ་གསུམ་བྱེད་པ་མང་ཞིང་། སྡེ་སྣོད་ཤེས་པར་རློམ་པའི་སྙིང་མེད་རྣམས་ཀྱང་དེ་འདྲའི་སྒྲ་གྲག་སྟོང་གི་རྗེས་སུ་རི་བོང་ཅལ་རྒྱུག་བྱེད་པར་སྣང་བའི་ཕྱིར་རོ། །གཞན་ཕྱིར་སྙིང་ནས་བརྩེ་བའང་དཀོན་ཏེ། རྙེད་པས་རྙེད་པ་འཚོལ་བའི་ལོག་འཚོ་ཅན་དག་ལ་མགྲོན་ལན་འཇལ་བ་མང་ཡང༌། རབ་ཏུ་བྱུང་བ་འདུ་འཛི་དང་ཁྱིམ་ལ་མི་དགའ་ཞིང་བསོད་སྙོམས་ཀྱི་ཟས་ལ་བརྟེན་ནས་ཀློག་པ་དང༌བསམ་གཏན་བྱེད་པ་དག་ལ་བསོད་སྙོམས་སྟེར་བ་དཀོན་པའི་ཕྱིར་རོ། །དེས་ན་ལུས་རྟེན་གཅིག་གི་སྟེང་དུ་ཆོས་མཐའ་དག་ཚང་བ་ནི་ཉིན་མོའི་སྐར་མ་ཙམ་དུ་དཀོན་པས་ངོ་བོའི་སྒོ་ནས་ཀྱང་རྙེད་པར་དཀའ་སྙམ་དུ་སྒོམ་མོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི་ཞེས་པ་ནས། མྱུར་དུ་ཆོས་བྱ་དགོས་སྙམ་དུ་བསྒོམ་མོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ལན་གཅིག་བསྐྱར་ན། དོ་ནུབ་ནས་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་བཏང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལ་སྔོན་འགྲོ། དངོས་གཞི་ཞེས་པ་ནས་མྱུར་དུ་ཆོས་བྱ་དགོས་སྙམ་དུ་བསྒོམ་མོ་ཞེས་པའི་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ཚར་གཅིག་བསྐྱར། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་པ་ནི། ཐུན་དེ་ལས་ལྡང་བར་འདོད་ན་བྱ་སྟེ། དེའང་འདི་ལྟར་བསྔོ་རྒྱུ་སོགས་ནས། མདོ་ལས་འབྱུང་བ་གང་ཤེས་བྱས་ལ་ཐུན་མཚམས་ཐམས་ཅད་དུའང་དངོས་གཞི་ཉམས་ལེན་གྱི་རྩི་དང་མ་བྲལ་བའི་ངང་ནས་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ༑ ཞེས་དང་། སྐྱེས་རབས་ལས་འབྱུང་བའི། བསོད་ནམས་འདི་ཡིས་སོགས་དང༌། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལ་ཞེས་སོགས་ཤླཽ་ཀ་གཅིག་ལ། སློབ་མ་རྣམས་ཀྱིས་ཉན་འདི་ལ་ཞེས་འདོན་པ་བསྒྱུར། ཆོས་རྒྱལ་འཕགས་པས་མཛད་པའི། བདུད་ཀྱི་སྡེ་དང་ཞེས་སོགས་ཤླཽ་ཀ་གཅིག་དང༌། བཟང་སྤྱོད་ནས་འབྱུང་བའི། སྲིད་པ་ཐམས་ཅད་དུ་ཡང་སོགས་ནས། མཛོད་གྱུར་ཅིག་བར་མཉམ་དུ་མཛད་ནས་གྲོལ་ལོ། ༈ །ཉིན་གཉིས་པ་ལ་གཞན་འདྲ། འོ། ནམ་མཁའ་དང་ཞེས་པ་ནས་མྱུར་དུ་ཆོས་བྱ་དགོས་སྙམ་དུ་བསྒོམ་མོ་ཞེས་པའི་བར་ཁ་སང་བཞིན་བསྐྱར། དེས་ཚེ་འདི་ལ་ཞེན་པ་སྤངས་པས་ངན་སོང་དུ་མི་ལྟུང་ཞིང་བློ་ཆོས་སུ་འགྲོ་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ནས། ད་དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། གཉིས་པ་ནི། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེས། མྱ་ངན་འདས་པ་སྒྲུབ་པ་ལ། །སོགས་ནས། ཞེན་པར་བྱེད་རྣམས་ཐེ་ལེ་ལེ། །ཞེས་གསུངས་པ་ལྟར། ཁམས་གསུམ་འཁོར་བར་ཞེན་ན། ཆོས་བྱས་ཀྱང་ཞེས་པ་ནས། བསྐོར་བ་བྱེད་པར་བསམས་ཏེ་འགྲོ་བ་ལྟ་བུའོ། །ཞེས་པའི་བར། སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་དུ་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་གཏོང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལའང་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། སྔོན་འགྲོ་དང་དངོས་གཞིའི་དམིགས་རྐང་དང་པོ་ཡན་ཆད་ཕུལ་ཟིན། གཉིས་པ་ནི། འཁོར་བ་ལ་ཞེན་ན་སོགས་གོང་བཞིན་བསྐྱར། སླར་ཡང་སོགས་ནས་ཚར་གཅིག་བསྐྱར་མཐར། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་པ་སོགས་ཉིན་དང་པོ་དང་འདྲའོ། ༈ །ཉིན་གསུམ་པ་ལ། འོ། ནམ་མཁའ་དང་མཉམ་པའི་ཞེས་པ་ནས། ལོ་རྒྱུས་དང་གདམས་ངག་དངོས་གཉིས་སོ་ཞེས་པའི་བར་འདྲ། དེ་ལ་ལོ་རྒྱུས་དང་སྔོན་འགྲོ་དངོས་གཞིའི་དམིགས་ཁྲིད་དང་པོ་ཡན་ཆད་ལེགས་པར་ཕུལ་ཟིན། གཉིས་པ་ནི། འཁོར་བ་ལ་ཞེན་ན་ཞེས་པ་ནས། འགྲོ་བ་ལྟ་བུའོ། །དེས་ཁམས་གསུམ་ལ་ཞེན་པ་སྤངས་པས་འཁོར་བར་མི་འཁྱམས་པ་དང༌། ཆོས་ལམ་དུ་འགྲོ་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ནས། ད་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། གསུམ་པ་ནི། བདག་དོན་ལ་ཞེན་ན་བྱང་སེམས་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེས། ཞེན་པ་བྲལ་ན་མྱ་ངན་འདས། །སོགས་ནས། སངས་རྒྱས་ཤོག་ཅེས་གསུངས་པའི་དོན། སྔར་བཤད་པ་ལྟར་འཁོར་བ་མཐའ་དག་ཅེས་པ་ནས། ཉམས་སུ་བླང་གསུངས་སོ། །སླར་ཡང་ཐུགས་ངེས་པར་བྱ་བའི་སླད་དུ་ལན་གཅིག་བསྐྱར་ན༑ དོ་ནུབ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་བར་དུ་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་སྐྱེས་ན་དེའི་དབང་དུ་མི་བཏང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་བཏང་ནས། དངོས་གཞི་ལ་བཞི་ཡོད་པའི་གསུམ་པ་ནི། བདག་དོན་ལ་ཞེན་ན་ཞེས་པ་ནས། ཉམས་སུ་བླང་གསུངས་སོ་ཞེས་པའི་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས་ཚར་གཅིག་བསྐྱར་མཐར། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་སོགས་མན་ཆད་འདྲའོ། ༈ །ཉིན་བཞི་པ་ལ། འོ། ནམ་མཁའ་སོགས་ནས། ལོ་རྒྱུས་དང་གདམས་ངག་དངོས་ལ་གཉིས་སོ། །དེ་ལ་ལོ་རྒྱུས་ནས་དངོས་གཞིའི་དམིགས་ཁྲིད་གཉིས་པ་ཡན་ཆད་ཕུལ་ཟིན། གསུམ་པ་ནི། བདག་དོན་ལ་ཞེན་ན་ཞེས་པ་ནས། ཉམས་སུ་བླང་གསུངས་སོ་བར་གོང་བཞིན། དེས་བདག་དོན་ལ་ཞེན་པ་སྤངས་པས་ཉན་རང་དུ་མི་གོལ་བ་དང༌། ལམ་གྱི་འཁྲུལ་པ་སེལ་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ནས། ད་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། བཞི་པ་ནི། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེས། བདག་ཇི་ལྟར་འདུག་ཀྱང་ཞེས་པ་ནས། གང་དགར་ཞོག་ཅེས་གསུངས་པ་ལྟར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལེགས་པར་སྐྱེས་ཀྱང༌། ཞེས་པ་ནས། གོ་འཕང་མངོན་ཏུ་འགྱུར་བ་ཡིན་ནོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་བཏང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་བཏང་ནས། དངོས་གཞི་ལ་བཞི་ཡོད་པའི་བཞི་པ་ནི། འཛིན་པ་བྱུང་ན་ཞེས་པ་ནས། གོ་འཕང་མངོན་ཏུ་འགྱུར་བ་ཡིན་ནོ་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས་ཚར་གཅིག་བསྐྱར། ཡང་དེ་འདྲ་བ་ཚར་གཅིག་སྟེ་ཚར་བཞི་སོང་བ་ན། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་པ་ནི། ཐུན་དེ་ལས་ལྡང་བར་འདོད་ན་བྱ་སྟེ། དེའང་འདི་ལྟར་བསྔོ་རྒྱུ་སོགས་ནས། མདོ་ལས་འབྱུང་བ་གང་ཤེས་བྱས་ལ་ཐུན་མཚམས་ཐམས་ཅད་དུའང་དངོས་གཞི་ཉམས་ལེན་གྱི་རྩི་དང་མ་བྲལ་བའི་ངང་ནས་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །དེས་དངོས་པོ་དང་མཚན་མ་ལ་ཞེན་པ་སྤངས་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཐབས། འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ཟིན་ཏེ། མདོར་ན་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཀྱི་སྙིང་པོ༑ ཕ་རོལ་ཕྱིན་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ། མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་ལུང་ཞེན་པ་བཞི་བྲལ་གྱི་གདམས་ངག་ཟབ་མོ། བདག་ཅག་གི་བླ་མ་དགེ་བའི་བཤེས་གཉེན་ཆེ་གེ་མོའི་ཞལ་སྔ་ནས་ཇི་ལྟར་ཐོབ་པ་བཞིན་ཕུལ་གྲུབ་པ་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང༌། ཐོག་མར་འབད་རྩོལ་དྲག་པོའི་སྒོ་ནས་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་ཐུགས་རྒྱུད་ལ་ཉམས་མྱོང་ཁྱད་པར་ཅན་རེ་འཁྲུངས་ངེས་ཤེས་པ་མཛད་ནས། སྐལ་པ་དང་ལྡན་པའི་གང་ཟག་རྣམས་གདམས་པ་ཟབ་མོས་རྗེས་སུ་འཛིན་པ་ལ་སོགས་པ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་འཚལ། ཁྲིད་ཡོངས་སུ་རྫོགས་པར་ཐོབ་པའི་གཏོང་རག་ཏུ་མཎྜལ་རྒྱས་བསྡུས་གང་རིགས་ཕུལ་ལ། དེ་ལྟར་རང་རེ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་འཆད་ཉན་ཚུལ་བཞིན་ཏུ་བྱས་པ་ལ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་བར་མ་དོར་ཆུད་མི་ཟ་བའི་ཕྱིར་འཁོར་གསུམ་རང་བཞིན་གྱི་མི་དམིགས་པའི་བསྔོ་བ་དང༌། སྨོན་ལམ་རྣམ་པར་དག་པས་རྒྱས་འདེབས་དགོས་པས། ཞེས་མཚམས་སྦྱར་ནས་ཞྭ་ཕུད་ལ། ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ཀྱིས་སོགས་མཆོད་བསྔོ་དང༌། སྤྱི་བསྔོ་རྒྱས་པར་བྱས་ལ་གྲོལ་ལོ། །སླར་སྨྲས་པ། ཨེ་མ་གསུང་རབ་རྒྱ་མཚོའི་བརྗོད་བྱའི་བཅུད། །སྔོན་བྱོན་ཐུབ་པ་རྣམས་ཀྱིས་ལེགས་མྱངས་ཤིང༌། །བདེ་གཤེགས་རིགས་ཅན་ཀུན་ལ་སྦྱིན་འོས་པ། །བདེན་གཉིས་བྱང་ཆུབ་སེམས་ལས་གཞན་དུ་ཅི། །དེ་ཕྱིར་འཇམ་དབྱངས་ཞལ་ལུང་བསམ་འཕེལ་དབང༌། །མདོ་སྔགས་མ་འདྲེས་འཆད་ཚུལ་གོས་ལྷུབ་རྩེར། །བཀོད་པས་མུན་སྤྲུལ་སྨྲ་རྣམས་དོགས་བྲལ་ཞིང༌། །མཁས་ཀུན་དགའ་བའི་རྒྱལ་མཚན་བསྒྲེངས་ལ་གཞོལ། །ཨི་དམ་ལས་བྱུང་རབ་དཀར་དགེ་བ་དེས། །ཨུ་ད་ག་བཞིན་འགྲོ་ཁམས་སྦྱངས་བྱས་ནས། །ཨེ་ཝཾ་གླིང་གཞིར་སྨོས་པ་ཐུབ་པའི་ཆོས། །ཨོ་ད་ནམ་བཞིན་འབད་མེད་སྤྱོད་གྱུར་ཅིག ༑ཅེས་ཞེན་པ་བཞི་བྲལ་གྱི་ཁྲིད་འཆད་ཐབས་རང་བཟོས་གཞུང་ལུགས་རྙོག་པ་བགྲུངས་པའི་ཀེ་ཏ་ཀ་ཞེས་བྱ་བ་འདི་ནི། སློབ་དཔོན་རིན་པོ་ཆེ་དཔལ་ལྡན་བསོད་ནམས་རྩེ་མོའི་ཞབས་ཀྱི་ཆོས་ལ་འཇུག་པའི་སྒོ་དང༌༑ ངོར་ཆེན་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་པའི་ཆོས་འབྱུང་སོགས་ལ་ལེགས་པར་དཔྱད་དེ། དམིགས་མེད་ཐུགས་རྗེའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་ཐར་རྩེ་མཁན་ཆེན་ཡབ་སྲས་གཙོ་བོར་སྨོས་པའི་ཡོངས་འཛིན་ཆོས་བཞིན་སྤྱོད་ཅིང་ཆོས་བཞིན་ཏུ་འདོམས་པ་མང་པོའི་ཞབས་ཀྱི་རྡུལ་ཕྲེང་སྤྱི་བོར་བཀོད་པའི་བྱ་བྲལ་བ་འཁྱམས་པོ་ངག་དབང་ལེགས་གྲུབ་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་ཏུ་བྲིས་པའོ༑ ༑མངྒ་ལ་ཤྲཱི་ཛྭཱ་ལ་ཛམྦུ་དྭཱི་པ་མཎྜནྟུ།། །།