DNZ-06-CHA-018-004

From Damngak Dzö
Revision as of 10:22, 29 May 2025 by Jeremi (talk | contribs)

DNZ-06-CHA-018-004
Wylie title
Location gdams ngag rin po che'i mdzod
Volume 6, Text 18, Subtext 4, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༈ །དཔལ་ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ། ན་མོ་གུ་རུ། ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་ཞེས་བྱ་བ། རྗེ་འབྲོག་མིས། རྗེ་ནཱ་རོ་ཏ་པ་ལ་གདམས་ངག་ཞུས་པས། རྒྱུད་གཞུང་སློབ་དང་གདམས་ངག་ཤུགས་ལ་ཡོང་གི་གསུངས། རྒྱུད་གཞུང་ཤཱནྟི་པ་ལ་ཉན་ལགས་བྱས་པས། འོ་ན་ལེགས། ཁྱེད་ཐག་རིང་དུ་བགྲོད་པ་ལ་སྡུག་བསྔལ་ལམ་སློང་བ་གལ་ཆེ་བ་ཡིན་གྱི་གསུངས་ནས། རྒྱུད་ལས། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པའི་དོན་ལ་ཟབ་པའི་གནད་དགུ་སྟེ། སྔོན་ཏུ་འགྲོ་བ་ལ་བྱིན་བརླབ་དབབ་པ་ཟབ་པའི་གནད་དུ་ཆེ། ཐུན་རེ་རེའི་སྔོན་ཏུའང་སྐྱབས་འགྲོ་སེམས་བསྐྱེད་དང༌། ལྷ་དང་བླ་མ་བསྒོམ་པ་ཟབ་པའི་གནད་དུ་ཆེ། གཉུག་མའི་དོན་བསྒོམ་པ་ལ་རྒྱུད་དོན་ངེས་པ་ཟབ་པའི་གནད་དུ་ཆེ། སེམས་མ་ཟིན་པ་ཟིན་པར་བྱེད་པ་ལ་ནང་དུ་བཟུང་བ་ཟབ་པའི་གནད་དུ་ཆེ། ཟིན་པ་བརྟན་པར་བྱེད་པ་ལ། ཕྱི་རུ་བཟུང་བ་ཟབ་པའི་གནད་དུ་ཆེ། བརྟན་པ་ངང་ལ་གནས་པར་བྱེད་པ་ལ་སོར་བཞག་པ་ཟབ་པའི་གནད་དུ་ཆེ། གནས་པ་བོགས་འབྱིན་པ་ལ་རྩལ་སྦྱང་བ་ཟབ་པའི་གནད་དུ་ཆེ། ཡིད་འཕྲང་བཅད་པ་ལ་བཟླས་པ་ཟབ་པའི་གནད་དུ་ཆེ། ཀུན་ལ་ཐུན་མོང་དུ་དུག་མེད་བསྔོ་བས་རྒྱས་གདབ་པ་ཟབ་པའི་གནད་དུ་ཆེ། དེ་ཡན་ཆད་འབྲོག་མིའི་གསུངས་སོར་བཞག་ནས། དེ་དག་གི་དོན་ཞིབ་པར་བརྗོད་ན། བྱིན་བརླབ་དབབ་པའི་ཕྱིར་གསོལ་བ་གདབ། དེའི་སྣོད་དུ་རུང་བར་བྱ་བའི་ཕྱིར་མཎྜལ་ཕུལ། སྣོད་ཀྱི་དྲི་མ་དག་པའི་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ། ཟབ་དོན་དང་པོའོ། །གཉིས་པ་ཐུན་མོང་གི་སྔོན་འགྲོ་སེམས་བསྐྱེད་དེ་བྱ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལྷ་དང་བླ་མ་ རང་སྐད་ཅིག་གིས་ལྷར་བསྒོམ། དེའི་སྤྱི་བོར་བླ་མ་བསྒོམས་ལ། མོས་གུས་བྱས་པས་ལྷ་ལ་ཐིམ་ནས་དེ་ལ་སེམས་བཟུང༌། བསྒོམ། གསུམ་པ་སྡུག་བསྔལ་གསུམ་འཁོར་བའི་རང་བཞིན་ལ༑ དེ་སེམས་ཀྱི་རང་བཞིན་གཉུག་མ་མཐོང་ན་སེལ་བའི་གསུམ་སེལ་ལོ། །སྡུག་བསྔལ་གྱི་རང་བཞིན་ཤེས་ན་སྤྲུལ་སྐུ་ཐོབ། འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་ཤེས་ན་ལོངས་སྐུ་ཐོབ། འདུ་བྱེད་ཀྱི་རང་བཞིན་ཤེས་ན་ཆོས་སྐུ་ཐོབ། དེ་ཐམས་ཅད་རང་བཞིན་མེད་པར་མཉམ་པར་ཤེས་པས་སྒྲིབ་པ་གསུམ་ལས་རྣམ་པར་གྲོལ་ནས་ངོ་བོ་ཉིད་སྐུ་ཐོབ་བོ། །རྐང་པ་གསུམ་པའི་དོན་དེ་ཉམས་སུ་སྣང་བ་ནི་སྣང་སྲིད་འཁོར་འདས་ཆོས་ཐམས་ཅད་སེམས་ཡིན་ལ། དེ་གསལ་བ་སེམས་ཀྱི་མཚན་ཉིད་ཡིན། སྟོང་པའི་རྩལ་སྦྱོང་སྟོང་པ་སེམས་ཀྱི་རང་བཞིན་ཡིན། སྣང་བའི་དུག་སྦྱོང༌། གསལ་སྟོང༌། མཁའ་སྤྲིན་སུས་ཀྱང་མི་ཕྱེད་པ། ཡིན་པ་བཞིན་མ་བཅོས་པར་གཉུག་མའི་རང་ཞལ་མཐོང༌། དེ་ལྟར་ཤེས་པས་རིག་ཀྱང་ནང་དུ་མ་ལུས། སྣང་ཡང་ཕྱི་རུ་མ་ལུས་པར། གང་སྣང་རྡོ་རྗེའི་ཡེ་ཤེས་སུ་རོ་གཅིག་པ་ཡིན་པས། བླ་མས་ཞིབ་པར་ངོ་སྤྲད་དོ། །བཞི་པ་ནི། སྤྲོས་བཅས་སྤྲོས་མེད་གཉིས། དང་པོ་ནི། སྙིང་དཀར་ནག་གི་མཚམས་སུ་ཟླ་བའི་དལ་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་ཐིག་ལེ་ཡུངས་འབྲུ་ཙམ་དཀར་ཧྲིལ་ལེ་བ་ཞིག་ལ་བཟུང༌། སྤྲོས་མེད་སེམས་ཀྱི་རང་བཞིན་ལ་བལྟ༑ དེ་ཉིད་ཉིན་མོ་གོམས་པས་བདེ་སྟོང་དང༌། རིག་སྟོང་གི་ཉམས་སྐྱེ། མཚན་མོ་གོམས་པས་འོད་གསལ་ཟིན་པའི་གནད་ཡིན་ནོ། །ལྔ་པ་ནི། སྤྲོས་བཅས། སྤྲོས་མེད་གཉིས། དང་པོ་ནི། སྣའི་རྩེ་མོར་ཐིག་ལེ་སྲན་མ་ཙམ་ཞིག་གི་ནང་དུ། མཚན་མ་གང་ཡང་རུང་བ་ལ་སེམས་བཟུང༌། སྤྲོས་མེད་གང་སྣང་གི་རང་བཞིན་བལྟ། དེ་ཉིད་ཉིན་མོ་གོམས་པས་གསལ་སྟོང་དང༌། སྣང་སྟོང་གི་ཉམས་སྐྱེ། མཚན་མོ་གོམས་པས་རྨི་ལམ་ཟིན་པའི་གནད་ཡིན་ནོ། །དྲུག་པ་ནི། ཡིན་ལུགས་རང་ངོ་ཤེས་པས་རང་བཞིན་གྱི་སོར་བཞག་དང༌། ལྷུག་པར་རང་སོ་བཟུང་བའི་སོར་བཞག་གོ །བདུན་པ་ནི། གནས་པ་ངར་དང་བཅས་པའི་རྩལ་སྦྱོང༌། སྣ་ཚོགས་ལམ་དུ་སྦྱོང་བའི་རྩལ་སྦྱོང་གཉིས་སོ། །བརྒྱད་པ་ནི། བླ་མས་ངོ་འཕྲོད་པས་གོ་བ་མཐའ་རྒྱ་ཆོད་པས་དེ་ལས་འདས་པ་མ་རྙེད་པ་ལ་ཟླ་བ་དང༌། བསམ་སྒོམ་གྱིས་ཉམས་སུ་མྱངས་ནས་དེ་ལས་དབུལ་བ་མ་རྙེད་པ་ལ་ཟླ་བ་གཉིས་སོ། །དགུ་པ་ནི། རང་འཁྲིས་མེད་པར་གཞན་དོན་དུ་བསྔོ་བ་རིན་པོ་ཆེའི་རྒྱས་གདབ་པ་ཐུན་རེ་རེའི་མཇུག་ཏུ་ཤེས་པར་བྱའོ། །རྗེ་ནཱ་རོ་པའི་གདམས་ངག །བླ་ཆེན་འབྲོག་མིས་ཟབ་པའི་གནད་དགུ་ཕྱེ་ཡང༌། ཅུང་ཟད་མི་གསལ་བས་བློ་དམན་རྣམས་ཀྱིས་བདེ་བླག་ཏུ་མ་གོ་ནས། འབྲིང་མཚམས་མ་ཇོ་སངས་རྒྱས་སྐྱིད་ཀྱིས་གསོལ་བ་བཏབ་པའི་ངོར་བྲིས་པའོ། །ཡང་འདིའི་གནད་བཞི་པ་མན་ཆད་རླུང་གི་གནད་དང་བསྟུན་ནའང་ལེགས་པས། གནད་གཉིས་པ་སྔོན་དུ་སོང༌། གསུམ་པའི་དོན་བསྒོམ་པས་ལུས་རྣམ་སྣང་གི་ཆོས་ཚང་བར་བྱས་ལ། ལུས་སྲོག་རྩོལ་གྱིས་བསམ་གཏན་གྱི་ལམ་བཙལ་ལ། ནང་དུ་འཛིན་པའི་སྲོག་ནས་མགོ་བཟུང་སྟེ། ལས་སྦྱོར་གྱི་གནད་ཀྱིས་བསྒོམ་མོ། །འདི་ལ་གེགས་སེལ་ལ་སོགས་པ་མི་བཞེད་དེ། སྣ་ཚོགས་ལ་རྩལ་སྦྱོང་བ་ཉིད་གེགས་སེལ་ཡིན་པས་སོ་གསུངས་སོ། །རྩལ་སྦྱོང་ཚུལ་བླ་མའི་ཞལ་ལས་རག་གོ །སེམས་གདོད་མ་ནས་སྐྱེ་མེད་དུ་ཤེས་པས། ཀུན་གྱིས་གཉུག་མའི་རང་ཞལ་མཐོང་ནས། སྐྱེ་མེད་འཆི་མེད་གཏིང་ནས་གོ་བས། འདི་ཕྱི་བར་དོ་གསུམ་དུ་ཅིས་ཀྱང་གྲོལ་བ་ཐོབ་པ་ཡིན་ནོ། །སྙིང་དང་འདྲ་བའི་གདམས་པ་ ཨྠིྀ། སརྦ་མདྒ་ལཾ་བྷ་བ་ཏུ།། །།