From Damngak Dzö
Revision as of 11:05, 2 June 2025 by Mort (talk | contribs)

DNZ-05-CA-001-003
Wylie title ' DNZ-05-CA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 5', Text 1, Subtext 3, Pages ' (Folios ' to ')
Author ས་ཆེན་ཀུན་དགའ་སྙིང་པོ་
Citation Sa chen kun dga' snying po. '. In Gdams ngag rin po che'i mdzod, Vol. 5: . Kalimpong: Rigpe Dorje Publications, 2024.
Side notes Recto: lam 'bras gces btus   Verso: sa skya'i skor
More details More details
Genre
Cycle གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa)
[edit]
༈ །གསུང་ངག་རིན་པོ་ཆེའི་རྣམ་འགྲེལ་དོན་བསྡུས་ཚིགས་བཅད་ ཨ་སེང་མ། མ་བཞུགས་སོ། །ཀླད་དོན་མཆོད་བརྗོད། ན་མོ་གུ་རུ་བི་ཡ། དམ་བཅའ་ལས་འཕྲོས་པ། རྗེ་བཙུན་རིན་ཆེན་དམ་པའི་གསུང་གང་ཞིག །མུན་བྲལ་ཟླ་ཤར་འོད་ཟེར་གང་ཞིག་གིས། །བདག་ལྟའི་བློ་ཡི་མུན་པ་བྲལ་གྱུར་ནས། །རང་གི་སེམས་ལ་སྣང་བ་ཅུང་ཟད་ཐོབ། །གྲོགས་མཆོག་དམ་པ་ཐོས་པས་རྒྱུད་སྦྱངས་ཤིང༌། །བྱང་ཆུབ་ཆེད་དུ་སྒྲུབ་པའི་གོ་བགོས་ནས། །དམ་པའི་སྤྱན་སྔར་ལུང་ནོས་དམ་བཅས་པ། །མི་མཆོག་ཁྱེད་ཀྱི་བཀའ་སྩལ་ལྕི་བར་འགྱུར། །ཐམས་ཅད་མཁྱེན་པའི་བཀའ་ནི་རྒྱ་མཚོ་བཞིན། །ཟབ་ཅིང་གཏིང་དཔག་དཀའ་ལ་ཐུག་པ་མེད། །རྡོ་རྗེའི་ཐེག་པ་དགོངས་པ་དུ་མ་ཡིས། །གསུངས་ཤིང་རྡོ་རྗེའི་ཚིག་གིས་རྒྱས་བཏབ་པ། །ལུང་བསྟན་གྱུར་པ་ཀླུ་སྒྲུབ་ལ་སོགས་སམ། །མཁའ་འགྲོས་བྱིན་རླབས་བི་པ་ལ་སོགས། །གྲུབ་ཐོབ་རྣམས་ཀྱི་གདམས་ངག་ལ་བརྟེན་ནས། །རྗེས་འཇུག་སྐྱེ་བོས་བཀའ་རྣམས་རྟོགས་པར་འགྱུར། །དོན་གྱིགཙོ་བོ་བི་ལ་སོགས་པའི། །ལམ་གྱི་གསུང་ངག་ཁྱེད་ཀྱི་ཐུགས་ལ་མངའ། །འོན་ཀྱང་བཀའ་དྲིན་མི་འགོག་པ་ཡི་ཕྱིར། །རང་བློ་ལས་བྱུང་འདི་ཙམ་ཡི་གེར་བཀོད། །གཞུང་དོན། འཁོར་འདས་ཐུན་མོང་གི་ལམ་ལྔ། སྣང་བ་གསུམ་གྱི་ལམ་གྱིས་གཞི་བཅས་ཏེ། །ཉམས་བླང་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཚད་མ་སྙན་བརྒྱུད་བཞི་ཡིས་སྤྲོས་པ་གཅོད། །རྟེན་འབྲེལ་ལྔ་ཡིས་ལམ་གྱི་ས་མཚམས་བཅད། །འཇིག་རྟེན་པའི་ལམ་བདུན། འདུ་ལུགས་གསུམ་དང་ཕྱོགས་མེད་བདུན་དག་གིས། །རྣམ་པར་ཕྱེ་བས་སྒྲོ་སྐུར་བྲལ་བར་མཛོད། །སེམས་འཛིན་གནས་ལུགས་རྣམ་གསུམ་རྟོགས་པ་ཡིས༑ ༑ཏིང་ངེ་འཛིན་གྱི་ཉེ་རྒྱུ་རྟོགས་པར་བྱ། །རང་ལུས་དག་ལ་ཉམས་གསུམ་སྐྱེས་པ་ཡིས། །གང་ཡང་ཏིང་ངེ་འཛིན་དུ་མཁྱེན་པར་མཛོད། །དྲོད་གསུམ་རིམ་པ་ཡིན་མིན་སྐྱེ་བ་ཡིས། །གང་ཡང་བྱུང་རྒྱལ་དག་ཏུ་བཏང་བར་མཛོད། །དེད་དཔོན་ལྟ་བུའི་ཁྲིད་ལུགས་རྣམ་གསུམ་གྱིས། །ཏིང་འཛིན་ཉམས་ཀྱི་བྱེ་བྲག་རྟོགས་པར་མཛོད། །འདུས་པ་གསུམ་ལ་དཔེ་གསུམ་སྦྱར་བ་ཡིས། །ལམ་གྱི་ས་མཚམས་ཐེ་ཚོམ་ཆོད་པར་མཛོད། །རྟེན་འབྲེལ་རྣམ་གསུམ་རང་ལ་འཛོམས་པ་ཡིས། །རྒྱུ་རྐྱེན་གཞན་མེད་རེ་དོགས་བྲལ་བར་མཛོད། །གེགས་སེལ་ལས་སྲུང་བ་སུམ་ཅུ། ཐབས་དང་ཤེས་རབ་ཟུང་འཇུག་རྣལ་འབྱོར་པ། །གཉིས་ལ་བར་ཆད་འཇུག་སྟེ་གཅིག་ལ་མིན། །སྲུང་བ་བརྒྱད་བརྒྱད་བཅུ་དྲུག་དག་ཏུ་སྟེ། །ཐབས་ལ་དད་པ་ལ་སོགས་རྣམ་པ་བརྒྱད། །ཤེས་རབ་སད་པ་རྣམ་པ་བཞི་ཡིས་བསྲུང༌། །ནང་གི་བདུད་ལ་དབང་བཞིའི་བརྡ་ཡིས་ཟློག །གཉིས་ལ་ཐུན་མོང་སྲུང་བ་བཅུ་བཞི་སྟེ། །དང་པོ་ལམ་ལ་འཇུག་དང་ཞུགས་པ་དང༌། །སེམས་ཟིན་ཅུང་ཟད་བརྟན་དང་ཆེར་བརྟན་པའི། །བར་ཆད་རིམ་གྱིས་སེལ་བར་ཤེས་པར་བྱ། །མན་ངག་བདུན་ཅུ། རྩ་ཡི་ཟུག་ལ་ལ་དོར་ཤིན་ཏུ་གཅེས། །རླུང་གི་ཟུག་ལ་རྔན་དགས་བྱིན་ཏེ་ཟློག །རླུང་རེངས་པ་ལ་ལ་དོར་བྱིན་རླབས་དང༌། །བདེ་བ་བསྒོམ་དང་རྣམ་པ་གསུམ་དུ་གསུངས། །གདམས་ངག་དྲུག ལྟ་སྒོམ་གཉིས་ལ་དུག་དབྱུང་བདུད་རྩི་བསྟན། །ལ་དོར་མན་ངག་དྲུག་ཏུ་ཤེས་པར་བྱ། །འཁོར་ལོ་བཞིའི་གེགས་སེལ། ཐིག་ལེ་འབར་དང་གཡོ་དང་བརྟན་པ་དང༌། །རྣམ་གསུམ་དག་གིས་བདེ་སྟོང་མཆོག་ཏུ་འགྱུར། །འབར་བའི་ཚེ་ན་ཐིག་ལེའི་ཟུག་འབྱུང་སྟེ། །ཁ་སྦྱོར་དག་ལ་བརྟན་པར་གྱུར་པ་དང༌། །དུད་འགྲོའི་འགྱུར་བ་བཞི་ཡིས་བཟློག་པ་ཡིས། །ལུས་ལ་ཐིག་ལེ་གཡོ་བ་མེད་པར་བྱ། །ཀུན་ཏུ་ཁྱབ་ཅིང་བརྟན་པར་བྱ་བའི་ཕྱིར། །ལུས་ལ་གཏུན་ཤིང་འཁོར་ལོ་བསྐོར་བ་དང༌། །ཡན་ལག་བཞི་ཡི་རླུང་གི་ཞགས་པ་འཕང༌། །བུ་ཆུང་སྤྱོད་ལམ་དག་གིས་བརྟན་པར་འགྱུར། །ཉམས་ལེན་བསྡུས་ཏེ་བསྟན་པ། རྗེ་བཙུན་དཔལ་ལྡན་བི་པ་ཡི་གཞུང༌། །དབང་བཞིའི་ལམ་ལ་ལྟ་གྲུབ་བརྒྱད་ཀྱིས་བསྡུས། །སྐྱོན་རྣམས་ཡོན་ཏན་དག་ཏུ་བསླང་བ་དང༌། །བར་ཆད་དངོས་གྲུབ་དག་ཏུ་བསླང་བར་གྱིས། །གེགས་སེལ་བསྡུས་ཏེ་བསྟན་པ། གང་ཡང་ཉམས་ཀྱི་སྣང་བར་མཁྱེན་བགྱིས་ན། །བདུད་དང་གོལ་ས་རང་གྲོལ་དག་ཏུ་འགྱུར། །གྲུབ་མཐའ་རྙོགས་པར་གདམས་པ། ཐེ་ཚོམ་མེད་པར་བརྩོན་པ་ཆེར་མཛད་ན། །གྲུབ་མཐའ་རྙོགས་པར་འགྱུར་རོ་མི་མཆོག་ཁྱེད། །མཇུག་དོན། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན། བདག་ལྟ་འདུ་བའི་ནང་ཞུགས་ནས། །སྒྲུབ་ལ་དད་ཀྱང་ལྷོད་པར་འགྱུར། །རྗེ་བཙུན་བི་པ་ཡི་གཞུང༌། །ཡི་གེར་བཀོད་པ་དག་ཀྱང་མེད། །རང་གི་སེམས་ལ་སྣང་བ་ཙམ། །བཀོད་ན་དམ་པའི་བཀའ་ལས་འདས། །གྲོགས་ཀྱི་བཀའ་སྩལ་བཅག་གྱུར་ཀྱང༌། །མཁའ་འགྲོས་དཔང་མཛོད་བཟོད་པར་གསོལ། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་ས་སྐྱ་པ་ཆེན་པོ་ལ། མདོ་སྨད་ཀྱི་དགེ་སློང་བྱང་ཆུབ་སེམས་དཔའ་ཆེན་པོ་ཨ་སེང་གིས་ཞུས་ཏེ་དོན་བསྡུས་པ་འདི་མཛད་དོ། །སྭ་མཱཔྟ་མི་ཐཱི། འདི་ལ་སྤྲུ་ལུང་པ་ཀུན་སྨོན་དང༌། ཀུན་མཁྱེན་བསོད་ནམས་སེངྒེ་སོགས་སྔ་ཕྱིའི་འགྲེལ་པ་མང་དུ་བཞུགས།