DNZ-17-TSA-014-001
DNZ-17-TSA-014-001
༄༅། །རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་འཕོ་བའི་ལོ་རྒྱུས་གདམས་ངག་དང་བཅས་པ་བཞུགས་སོ། །
༄༅། །ༀ་སྭ་སྟི་སིདྡྷཾ། རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་འཕོ་བ་མཁའ་སྤྱོད་མའི་ལོ་རྒྱུས་ནི། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་བྱོན་ནས་མཁའ་འགྲོ་ནི་གུ་མ་ལ་གསང་སྔགས་ཀྱི་ཆོས་ལ་སོགས་པ་མཐའ་ཡས་པ་གསན་ནས། ཚུར་བོད་དུ་འབྱོན་དུས་བུ་ཁྱོད་ལ་འཕོ་བའི་གདམས་ངག་ཟབ་མོ་སྟེར་རྒྱུ་ཡོད་དེ། ད་ལྟ་སྟེར་བའི་དུས་ལ་མ་བབས་པས། ཁྱོད་ཀྱི་སྐྱེ་བ་ཕྱི་མ་ལ་སྟེར་བ་ལ་ཁོ་མོ་ཡོང་གསུང༌། རས་ཆེན་དཔལ་འབྱོར་བཟང་པོ་ནི། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་སྐྱེ་བ་ཡིན་པར་བཞེད། ས་སྐྱ་པའི་དགེ་བཤེས་མཐིལ་ཕྱིན་པ་ལ། ཉིན་གཅིག་སྐྱོ་སངས་ལ་ཕེབས་པའི་སར་གཟུགས་མེད་པའི་བུད་མེད་ཀྱི་སྐད་ཅིག་གིས་ཐ་སྙད་ཀྱི་མཐའ་ལ་ཆོད་པའི་དུས་མི་ཡོང༌། དེ་ལས་སྔགས་ཀྱི་མྱུར་ལམ་ཟབ་མོ་ཉམས་སུ་བཞེས་དགོས་པ་ཡིན་ཟེར་བས། བླ་མ་ལ་འདི་འདྲ་བྱུང་ཞུས་པས། བླ་མས་དེ་མཁའ་འགྲོ་མའི་ལུང་བསྟན་ཡིན་པར་འདུག །དེ་ཤིན་ཏུ་འཐད། མཆོད་ཁང་གཅིག་གི་ནང་དུ་རྡོ་རྗེ་ཕག་མོའི་སྐུ་འདྲ་ཡོད་པས་དེར་སོང་ལ་སྒྲུབ་པ་གྱིས་དང༌། ཞག་བདུན་ནས་འགྲུབ་པ་ཡོད་གསུངས་པས། ཞག་བདུན་གྱི་ནང་པོ་ཕག་མོ་དབུ་ཕྱོགས་ཕྱོགས་པ་ལན་གསུམ་བྱུང་བས། བླ་མ་ལགས་ཕག་མོ་འགྲུབ་པའི་རྟགས་བཞིན་མ་བྱུང༌། དབུ་ཕྱོགས་ཕྱོགས་པ་ལན་གསུམ་བྱུང་ཞུས་པས། ཕག་མོ་འགྲུབ་པའི་རྟགས་དེ་ཀ་ཡིན་མོད། ད་དུང་ཁྱོད་ཡིད་མ་ཆེས་ན་སླར་བདུན་གཉིས་ལ་སྒྲུབ་པ་གྱིས་གསུངས་པས༑ བདུན་གསུམ་གྱི་ནངས་པར་ཕག་མོས་དངོས་སུ་གསུང་བྱོན་ནས། ཁྱོད་ཤངས་དང་འུ་ཡུག་གི་མཚམས་ལ་སོང་དང༌། ཁང་གཅིག་མ་སྒོ་བྱང་དུ་བལྟ་བ་གཅིག་ཡོད༑ དེའི་ནང་ན་ཨ་མ་སྔགས་མཁན་མ་ཟེར་བའི་རྒན་མོ་གཅིག་ཡོད་པས། དེ་ལ་ཕྱག་འཚོལ་གསོལ་བ་ཐོབ་དང༌། དེས་རྗེས་སུ་འཛིན་པར་ཡོད་གསུངས། དེར་བྱོན་ནས་ཁང་པ་དེའི་སྒོ་བརྡུངས་ཙ་ན། བུ་མོ་གཞོན་ནུ་མ་གཅིག་བྱུང༌། ཨ་མ་སྔགས་མཁན་མ་ཨེ་བཞུགས་ཞུས་པས། ཨ་མ་སྔགས་མཁན་མ་མདའ་ན་མི་ན་བ་གཅིག་ལ་སྔགས་རྒྱག་སར་སོང༌། དོ་ནུབ་འབྱོན་པར་མེད་ཁྱོད་གལ་ཆེན་པོ་ཡོད་ན་དོ་ནུབ་སྡོད། མེད་ན་སོང་ཟེར་བས་གལ་ཆེན་པོ་ཡོད་བྱས་ནས་གནས་གཡར་ནས། དོ་ནུབ་གཟིམས་པས་མཚན་ཕྱེད་འོ་དོད་ཆེན་པོ་ཤོར་བས་རྣལ་འབྱོར་པ་འོ་དོད་མ་འདེབས་ཅི་བྱུང་ཟེར་བས༑ ང་ཕག་ནག་པོ་གཡག་ཙམ་གཅིག་གིས་ཁང་པའི་རྨང་ནས་རློག་ནས་འགྱེལ་གྲབས་བྱུང་བས་སྐྲག་ནས་འོ་དོད་བྱས་པ་ཡིན་བྱས་པས། དེ་སྐྱོན་མེད་པས་ནང་ཞོགས་ཨ་མ་ཡོང་བའི་རྟགས་ཡིན། ཨ་མ་ནམ་ཡོང་དེས་དེ་ཙུག་བྱེད་པ་ཡིན་ཟེར་བས། ཨ་མ་སྔགས་མཁན་མོ་རྡོ་རྗེ་ཕག་མོ་དངོས་ཡིན་པར་འདུག་སྙམ་པའི་དད་པ་སྐྱེས། ཕྱིར་ནང་ཉི་མ་རྩེ་ཤར་དུས་བྱོན་བྱུང་བས། ཕྱག་འཚལ་གསོལ་བ་བཏབ་པས། རྗེས་སུ་འཛིན་པར་ཞུ་ཞུས་པས། སྡུག་བཙུན་ཁྱོད་སྨྱོ་བའམ་འཁྲུལ། ཁྱོད་ངས་ཆ་ལ་མི་འཇོག་ཟེར་བ་ཨེ་ཡིན་གསུངས་ནས་བཀའ་བཀྱོན་གནང་བ་ལ། སྨྱོ་བ་དང་འཁྲུལ་པ་མ་ཡིན་བླ་མས་ལུང་བསྟན་བྱས་ནས་ཡི་དམ་ཕག་མོ་སྒྲུབ་པ་ལ་བཏང༌། ཕག་མོས་གསུང་བྱོན་ནས་ཤངས་དང་འུ་ཡུག་གི་མཚམས་ལ་སོང་དང༌། ཁང་པ་གཅིག་མ་སྒོ་བྱང་དུ་བལྟ་བ་གཅིག་ཡོད། དེར་སོང་དང་ཨ་མ་སྔགས་མཁན་མ་བྱ་བ་གཅིག་ཡོད་པས་དེ་རང་རྗེས་སུ་འཛིན་པར་ཞུ་ཞུས་དང་རྗེས་སུ་འཛིན་པར་ཡོད་གསུངས་པས། ད་རྗེས་སུ་འཛིན་པར་ཞུ་ཞུས་པ་ན། སྤྱིར་ང་རྟེན་བུད་མེད་ཀྱི་ལུས་ཡིན། སྒོས་སུ་ན་སོ་རྒས། ངས་རྗེས་སུ་འཛིན་ནུས་པ་མེད། ང་ལ་མཁའ་འགྲོ་སུ་ཁ་མ་ཟེར་བ་ཡིན། ཁྱོད་མཁའ་འགྲོ་ནི་གུ་མས་རྗེས་སུ་འཛིན་པར་ཡོད། མཁའ་འགྲོ་ནི་གུ་མ་ང་མིན་པ་ཤེས་མཁན་སུ་ཡང་མེད། ཕ་རིའི་གྲོང་ཕ་གིར་སོང་དང་ཁང་པ་སྒོ་ཤར་ལ་ལྟ་བ་སྒོ་ཁྱི་ཁྲ་ཆུང་ཡོད་པ་དེའི་སྒོ་བརྡུང་དང༌༑ བུ་མོ་ལོ་བཅུ་དྲུག་ལོན་པ་ཙམ་གཅིག་གིས་བ་བཞོར་ཡོང་བ་དེའི་བཞོ་ཟོ་ཕྱག་གཡས་པ་ན་ཁྱེར། གཡོན་པས་སྒོ་ཕྱེ་ནས་སྒོ་ཟིམ་བྱས་ཡོང༌། དེ་དུས་སྒོ་ཧར་ཕྱེ་ལ་འཆོངས། ཕྱག་འཚོལ། གསོལ་བ་ཐོབ་ལ་རྗེས་སུ་འཛིན་པར་ཞུ་ཞུས་དང༌། རྗེས་སུ་འཛིན་པར་ཡོང་གསུངས། དེར་ཇི་སྐད་གསུངས་པ་བཞིན་བཙལ་བས་རྙེད་ནས། ད་རྗེས་སུ་འཛིན་པར་ཞུ་ཞུས་ཙ་ན། སྤྲང་བཙུན་ཁྱོད་སྨྱོ་བ་ཡིན་ནམ་འཁྲུལ་པ་ཡིན། ཁྱོད་ངས་ཆ་ལ་མི་འཇོག་ཟེར་བ་ཨེ་ཡིན་གསུངས་པས། སྨྱོ་བ་དང་འཁྲུལ་པ་མ་ཡིན་ཨ་མ་སྔགས་མཁན་མས་བཏང་བ་ཡིན་བྱས་པས། ཨ་མ་སྔགས་མཁན་མས་ང་ལ་འདི་འདྲ་གཏོང་བ་ཟེར། ད་འོ་ན་ཁྱོད་རང་ཕུ་ཡེ་ན་སོང་དང་ང་སླེབ་ཡོང་ཟེར། དེ་ནས་ཉི་མ་ཕྱེད་ཙམ་ལ་བྱོན་བྱུང་ནས། ད་ཁྱོད་ལ་གདམས་ངག་དགོས་ཟེར་ན་ཚོགས་འཁོར་བཤམས་གསུངས། ཚོགས་འཁོར་བཤམས་པའི་ཆས་ཅི་ཡང་མེད་ཞུས་པས། འོ་ན་ང་ཡི་གདམས་ངག་འདི་བཀའ་གཉན་དྲག་པས་གནང་ཐུབ་པ་གཅིག་མེད། ཕ་རི་ཚུ་རིའི་རྫི་བོ་འདི་ཚོ་ལ་ཕྱེ་ཕུད་སློངས་ལ་ཤོམས་གསུངས་པས། ཕྱེ་ཕུད་སློངས་པས་རྩམ་པ་ཐང་ཆུང་གང་རྙེད་པ་ལ་ཚོགས་བྱིན་རླབས་བྱས་པས། སྤང་ཤོངས་དེ་ཚོགས་ཀྱིས་གང་བྱུང༌། སྤྱན་འདྲེན་བྱས་ནས་མཁའ་འགྲོ་མ་འབུམ་ཕྲག་ཙམ་པ་གཅིག་འདུས་བྱུང༌། ཚོགས་དངོས་སུ་བཞེས་ནས། དེ་ནས་མཁའ་འགྲོ་ནི་གུ་མ་བཞེངས་ནས་སྐད་ལན་གསུམ་རྒྱབ་བྱུང་བས་མཁའ་འགྲོ་འབུམ་ཙམ་པ་དེ་མཁའ་འགྲོ་མ་བདུན་དུ་སོང༌། ད་ཁྱོད་ཀྱིས་ཕྱག་དང་མཆོད་པ་སུ་ལ་བྱེད། གདམས་ངག་ཟབ་མོ་སུ་ལ་ཞུ་གསུངས་པས། ཕྱག་དང་མཆོད་པ་ཁྱེད་རང་ལ་བྱེད། གདམས་ངག་ཟབ་མོ་ཁྱེད་རང་ལ་ཞུ་ཞུས་པས། འཕོ་བ་མཁའ་སྤྱོད་མ་འདི་གནང་ནས། ཤིན་ཏུ་དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །མཁའ་འགྲོ་དགྱེས་པའི་དམ་རྫས་དང་བཅས་ཏེ། །ཕཊ་ལྔ་ཧིག་ལྔ་རྡོ་རྗེའི་ཚིག་རྐང་ལྔས། །འཆུག་མེད་མཁའ་སྤྱོད་འཕོ་བའི་གདམས་ངག་སྟོན། །ཞེས་གསུངས་སོ། །དེ་ནས་ཁྱོད་འདི་ནས་སོང་ལ་ཏི་སེ་ལ་ལོ་གསུམ། ཙཱ་རི་ལ་ལོ་གསུམ་སྒྲུབ་པ་གྱིས། དེ་ནས་ཀོང་པོ་ཆབ་ནག་ལ་སོང་དང༌། མཁའ་འགྲོ་མ་སེང་གདོང་མའི་ཐོད་པ་དེ་ཁྱོད་ཀྱི་ལག་ཏུ་ཡོང་བ་ཡོད་གསུངས་པས། ཁོང་གིས་མཁའ་འགྲོ་མ་སེང་གདོང་ཟེར་བ་ཨེ་ཡོད་ཟེར་འདྲི་ཞིང་སོང་བས་མཁའ་འགྲོ་སེང་གདོང་མ་ཟེར་བ་ནི་མེད། ལྐུག་མ་སེང་གདོང་ཟེར་བ་གཅིག་ཡོད་པ་དེ་ནི་ངེད་རྒན་རྒོན་གཉིས་ཀྱི་བུ་མོ་ཡིན། དེ་ཤི་ནས་རྒྱང་པ་སོང་ཟེར། འོ་ན་རོ་དེ་ཅི་བྱས་བྱས་པས་རོ་དེ་རི་འདེབས་ཡ་གི་ན་རྡོའི་འོག་ན་མནན་ནས་བཞག་ཡོད་ཟེར། དེར་ཁོང་གིས་བྱོན་རྡོ་ཕུང་དེ་རློག་ནས་གཟིགས་པས་རོ་དེ་འདུག་པས་ཐོད་པ་དེ་བཅད་ནས་ཡར་ལོག་བྱོན། དེ་ནས་ཡར་འབྲི་སྟག་གི་མཚམས་ན་བླ་མ་རྒྱབ་ར་བ་ལ་འཕོ་བའི་བཀའ་བབས། དེར་ཐམས་ཅད་ཀྱིས་ཁོང་གདན་འདྲེན་བྱེད་པ་གཅིག་བྱུང་བས། ཉིན་གཅིག་ཁོང་ཚེ་འདས་ཀྱི་སར་འཕོ་བ་འདེབས་པ་ལ་བྱོན། ཚུར་ལོག་བྱོན་ཙ་ན། མི་གཅིག་གིས་ངེད་གྲོགས་མཆེད་གཉིས་ཡོད་པས་གཅིག་སྲིན་དུག་གིས་ཤི་ནས་མ་བྱུང་ཟེར་རྫུན་གྱིས་བླ་མའི་རྟ་ཁལ་འཆང་ལ་ཁད་བྱས་ནས་འཕོ་བ་འདེབས་པ་ལ་འབྱོན་དགོས་ཟེར་ཞུས་པས། བླ་མས་ས་སྟོང་དུ་འདུག་པས་རྟ་བབས་མ་ནུས་པས་རྟ་ཐོག་ནས་འཕོ་བ་བཏབ་པས། མི་དེས་བླ་མ་སྐུ་མཁྱེན་རོའི་སྔས་འགོ་རུ་རྟ་བབས་ཙམ་མཛད་འཕོ་བ་བཏབ་དགོས་ཞུས་པས། རྟ་འབབ་དགོས་མེད་ཁྱེད་རང་སོང་དང་འཕོ་བ་ཐེབས་ཡོད་གསུངས་པས། ཁོས་ཟླ་བོའི་ཙར་སོང་ཙ་ན་ཟླ་བོ་ཤི་ཚར་འདུག །རྗེས་ཞིག་ན་དབུ་མ་པའི་བྱ་བྲལ་འགའ་ཞིག་ཙཱ་རི་མཇལ་བ་ལ་འགྲོ་བས་གྲུ་པ་ལ་གྲུ་གཏོང་རོགས་གྱིས་བྱས་པས། གྲུ་བཏང་བས་ཁོང་ཚོ་བྱང་པ་ལ་སོགས་པས་གྲུ་ལ་སླག་པས་གྲུ་པས་ཀྱང་ཨེ་སྐྲག་བསམ་སྡིགས་རི་བྱས་གྲུ་མ་ཆོད་པ་སྐད་ཀྱིས་གྲུ་ཆུའི་གཞུང་ལ་གཏོང་ཁོང་ཚོ་ལ་དེ་རིང་ངེད་རང་ཚོ་ཚེའི་དུས་བྱེད་པར་འདུག་པས་ཁྱེད་ཚོ་ལ་བླ་མ་ལ་གསོལ་འདེབས་དང་གདམས་ངག་འདྲ་བྱེད་རྒྱུ་མེད་པ་ཨེ་ཡིན་བྱས་པས། ཁོང་ཚོ་གྲུ་པས་དེ་ཟེར་ཙ་ན་བདེན་པ་ཨི་ཡིན་བསམ་རང་རང་གི་འཕོ་བ་སྤར་བས་བྱ་བྲལ་ཐམས་ཅད་ཤི་སོང་ངོ༌། །དེས་ན་ལག་གཡོག་མེད་པ་དང༌། ན་ཚ་དྲག་པོས་བཏབ་པ་དང༌། རྒས་འཁོགས་པས་རང་ལ་འཕོ་བ་སྤར་ན་འཕོ་བ་སྤར་བའི་དུས་ལ་མ་བབས་པས་རང་བསད་པའི་ལྟུང་བ་ཡོང་གསུངས་པ་ནི་ཞལ་གདམས་ཡིན། འདི་ནི་འཕོ་བའི་ལོ་རྒྱུས་དང་བླ་མ་བརྒྱུད་པའི་རིམ་པ་ཡིན། གདམས་ངག་དངོས་ཀུན་ལ་བསྟན་པ་དང་བསྲེ་བསླད་བྱས་ན་མཁའ་འགྲོ་མ་བསད་པ་དང་འདྲ༑ མཁའ་འགྲོས་སྙིང་ཁྲག་འཐུང་ཞེས་གདམས་ངག་མྱུར་ལ་ཟབ་པའོ། །མངྒ་ལམ།