DNZ-10-THA-001-002

From Damngak Dzö
Revision as of 10:17, 29 May 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-10-THA-001-002

༈ དཔལ་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཏུམ་མོ་ལ་ལུས་ཀྱི་འཕྲུལ་འཁོར། སེམས་ཀྱི་དམིགས་པ། རླུང་གི་བཅོས་ལུགས་གསུམ་ཡོད་པ་ལས། ལུས་ཀྱི་འཁྲུལ་འཁོར་དང༌། རླུང་གི་བཅོས་ལུགས་གཉིས་དང་པོ་ལྟར་བྱས་པས་ཕྱིས་ཀྱང་ཆོག །དམིགས་པ་འཕྲོ་འཕྲོར་སྤོ་བ་ཡིན། དང་པོ་ལུས་ཀྱི་འཕྲུལ་འཁོར་ནི། ཙོག་པུར་བསྡད། རྐང་པ་རེའུ་མིག་ལྟར་བསྣོལ་གོས་སྟན་ལ་བཅུད་སྐོར་འདྲ་བ་ཞིག་བྱས་ལ། རང་གི་འཕོངས་ཞབས་སུ་བཅུག་ལ། རྐང་པ་བས་སོར་བཞིས་མཐོ་བར་བྱ། སྒལ་ཚིགས་བསྲང༌། མགོ་བོ་ཧ་ཅང་མི་སྒུ་དགྱེ་སྒུ་རན་པར་བྱ། སྒོམ་ཐག་ཅིག་བཅུག་ལ་དེའི་ཞབས་ན་ཚུར་ལ་ལག་པ་གཉིས་མཉམ་དུ་བསྣོལ་ལ། ལྟེ་བའི་འོག་སོར་གསུམ་གྱི་ས་ན་ཚུར་མནན་ནོ༑ ༑དེ་ནི་ལུས་ཀྱི་འཁྲུལ་འཁོར་རོ། །སེམས་ཀྱི་དམིགས་པ་ནི། དེ་ལྟར་འཁྲུལ་འཁོར་བྱས་ནས། སེམས་ཅན་གྱི་དོན་དུ་བློ་བསྐྱེད། ཡི་དམ་གྱི་ལྷར་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ་རང་ཡི་དམ་དུ་བསྒོམས་པའི་ནང་དུ་རྒྱ་རྒྱུ་ལྟ་ལྟོ་ཉལ་ཉིལ་མེད་པ། སྟོང་སོང་ངེ་བ་ཞིག་བསམ་པ་ཁྲིད་གཅིག་ཡིན། དེ་ནས་གཞན་ཐམས་ཅད་གོང་ལྟར་བྱས་ལ། ལྟེ་བ་ནས་ཨ་ཤད་དམར་སེང་ངེ་བ་ཞིག་ལས་མེ་སོར་བཞི་ཙམ་གཞུང་ནག་ཏུ་འདུག་པར་འབར་བར་བསམ་པ་ནི་སེམས་ཀྱི་དམིགས་པའོ། །རླུང་གི་བཅོས་ལུགས་ནི། དང་པོ་སྣ་སྒོ་ནས་ལན་གསུམ་གཡས་གཡོན་དུ་བསལ་ནས། རྔུབས་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་བཞིའོ། །ཞེས་གསུངས་པས་དང་པོ་མི་རིང་ཚུར་རྔུབས་ལ། རིང་ན་གྲང་བར་འགྲོ། དེ་ནས་རྩ་གཡས་གཡོན་གཉིས་ནས་མར་ལ་ཏ་ར་ར་སོང་ནས། ལྟེ་བའི་མེ་ལ་ཏིམ་ཏིམ་ཐིམ་པར་བསམ་པ་ནི་དགང་བའོ། །དེ་ནས་སྟེང་རླུང་མར་མནན། འོག་རླུང་ཡར་ཅུང་ཟད་ཅིག་འཐེན་ནས་མནན་པ་ལ་འགྲོ་འོང་མེད་པར་ཞི་བས་ན་གཞིལ་བའོ། །རླུང་མ་ཐུབ་ནས་བཏང་བའི་དུས་སུ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ལ་བུག་པ་དཀར་ཧ་རེ་བ་ཞིག་ཡོད་པ་ན་ཡར་ལ་སྔོ་ཕྱུར་ཕྱུར་སོང་བ་ནི་མདའ་ལྟར་འཕང་བ་དང་བཞིའོ། །རླུང་མི་སྒོམ་ཙ་ན་སྤྱི་བོའི་བུག་པ་དེ་ཟླ་བའི་དཀྱིལ་འཁོར་སེན་མོ་ཟླུམ་པོ་ཙམ་གཅིག་གིས་བཅད་པར་བསམ། དེ་ལྟར་ཐུན་གྲངས་དང་ཐུན་ཚད་མེད་པར་ནུས་ཚད་བསྒོམ། རྗེས་ལ་བདག་གིས་གཏུམ་མོ་བསྒོམས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་དུ་བསམ་མོ། །ནུབ་མོ་རྨི་ལམ་སྦྱོང་བར་འདོད་པས། ནུབ་མོ་ཉལ་ཁར། རང་ཡི་དམ་ལྷར་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ། རང་ཡི་དམ་དུ་བསྒོམས་པའི་ལྟོང་ལྟོང་གི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ་གཅིག་གི་ལྟེ་བར་ༀ་དམར་སེང་ངེ་བ་ཞིག་བསམ་པའི་ༀ་དེ་ལ་ཤེས་པ་གཏད་ལ། དོ་ནུབ་རྨི་ལམ་བཟང་པོ་རྨི་བར་བྱ། གསལ་པོར་རྨི་བར་བྱ། རྨི་ལམ་དུ་བླ་མ་དང་དེ་བཞིན་གཤེགས་པའི་ཞལ་བལྟ་བར་བྱ། རང་གི་ལུས་ལས་འོད་འཕྲོ་བར་བྱ་སྙམ་པའི་འདུན་པ་བདུན་བདུན་ཙམ་རེ་བྱ། དེ་ནས་གཉིད་ལོག་ཁར་ༀ་ལ་ཤེས་པ་གཏད་ལ་གཉིད་ལོག་གོ །སད་ཀོ་ཅོག་དེ་ལྟར་བྱ། ཉིན་པར་ཅི་མཐོང་མཐོང་རྨི་ལམ་ཡིན་ཨང་སྙམ་དུ་བསམ་མོ། །དེ་ལྟར་ཞག་བཅུ་གཅིག་བསྒོམ་མོ། །འཁྲུལ་འཁོར་ལ་སོགས་པ་གཞན་ཐམས་ཅད་གོང་དང་འདྲའོ། །དམིགས་པ་སྤོ་བ་ནི། ལྟེ་བ་ནས་སྙིང་གའི་བར་དུ་སོར་ཕྱེད་དང་བཅུ་གསུམ་ཡོད་པ་ལ་ལྟེ་བའི་ཨ་ལས་མེ་སོར་བཞི་ཙམ་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེས་ལུས་གང་བ་ལ་དམིགས་ལ་རླུང་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་རླུང་གཅིག་མནན་དེ་ལྟར་སྒ་ར་ར་བྱ། རྨི་ལམ་ལ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་གོང་དང་འདྲ། མགྲིན་པའི་པདྨའི་ལྟེ་བའི་ༀ་གྱི་སྟེང་དུ་བླ་མ་རྣམས། སྒོས་སུ་རྩ་བའི་བླ་མ་བཞུགས་པར་བསམ་ལ། དམིགས་པ་དེ་ལ་གཏད་ལ། དོ་ནུབ་ནི་ཅིས་ཀྱང་རྨི་ལམ་མང་པོར་རྨི། གསལ་པོར་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་བཏང༌། མ་ཟིན་ན་ད་ཅི་མ་ཟིན་པས་ད་ཟིན་པར་བྱ་སྙམ་པ་ཡང་ཡང་སད་ཀོ་ཅོག་བྱའོ། །ཉིན་པར་གྱི་དུས་སུ་ཟས་ཟ་བའང་རྨི་ལམ་གྱི་ཟས་ཟ་བ་ཡིན་ཨང་སྙམ་པ་ལ་སོགས་པ་བྱ་བ་གང་བྱེད་ཀྱང་རྨི་ལམ་ཡིན་ཨང་སྙམ་དུ་བསམ་མོ། །ལུས་ཀྱི་འཁྲུལ་འཁོར། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་ཐམས་ཅད་ཁྲིད་མ་ཚར་བར་དུ་གོང་དང་འདྲ། དམིགས་པ་སྤོ་བ་ནི། ལྟེ་བ་ནས་སོར་བརྒྱད་ཙམ་དུ་འབར་བའི་མེ་དེས་སྙིང་གའི་ཧཱུཾ་ལ་རེག་རེག་ཙམ། སོར་བཅུ་གཉིས་ཀྱི་ས་ན་ཡར་ལ་དམར་སེང་ངེ་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེའི་ས་བོན་ལས་མེ་སྐྱེས་པས་ལུས་གང་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ཕྱག་རྒྱ་ཆེན་པོ་རང་ལུགས་སུ་བསྒོམ་པ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་ཐུན་གྲངས་དང་ཐུན་ཚད་མེད་པར་བསྒོམ་པ་ནི་བླ་མ་མི་ལའི་ལུགས་ཡིན། རྨི་ལམ་ལ་ཡང་བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ། མདུན་གྱི་ནམ་མཁའ་ལ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་བཞུགས་པར་བསམ་ལ། བདག་གི་ལུས་ལོངས་སྤྱོད་ཕུལ་ལ། དོ་ནུབ་རྨི་ལམ་ཟིན་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། དེ་ནས་རང་གི་མགྲིན་པའི་པདྨ་དམར་པོ་འདབ་མ་བཞི་པའི་མདུན། ཤར་ཕྱོགས་ཀྱི་འདབ་མའི་སྟེང་དུ་ཨ་དཀར་པོ་ཞིག་བསམ་ལ། དེ་ལ་ཤེས་པ་གཏད་ལ། དོ་ནུབ་རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའི་སྙམ་པའི་འདུན་པ་ཉི་ཤུ་རྩ་གཅིག་བྱས་ལ། རྟོག་པས་བར་མ་ཆོད་པར་ཨ་ལ་ཤེས་པ་གཏད་ལ། ཨ་དེ་རང་ཡང་བསྒོམ་པའི་ངང་དུ་བཏང་ལ་ཉལ་ལོ། །སད་ཀོ་ཅོག་ཀྱང་ད་ཅི་མ་ཟིན་པས་ད་ཟིན་པར་བྱའོ་སྙམ་པའི་འདུན་པ་བཏང༌། དེ་ལྟར་བྱས་པས་བཟུང་བ་ནི་སྲོད་ལ་བཟུང༌། ཟིན་པ་ནི་ཐོ་རེངས་ཟིན་པ་ཡིན་པས་ནམ་སང་སེང་ལ་ཟིན་ནས་འོང༌། ཟིན་པར་བྱུང་ན་ཉི་མའི་སྲབ་མདའ་ལ་བཟུང་ལ་ཉི་ཟླའི་སྟེང་དུ་འགྲོ་བའམ་རི་རབ་ཀྱི་ཁར་འགྲོ་བའམ། སུམ་ཅུ་རྩ་གསུམ་གྱི་གནས་སུ་འགྲོ་བ་ལ་སོགས་པ་རྨི་ལམ་ཡིན་པས་ཅི་ཡང་བཏུབ་སྙམ་དུ་བསམ་ལ་བྱ། ནུབ་ཕྱོགས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ལྟ་བ་ལ་སོགས་པ་རྨི་ལམ་ཡིན་པས་བཏུབ་སྙམ་དུ་བསམ་ལ་བལྟ། ཉིན་པར་གྱི་དུས་སུ་བྱ་བ་ཅི་བྱེད་ཐམས་ཅད་རྨི་ལམ་གྱི་བྱ་བ་ཡིན་སྙམ་དུ་བསམ་ཞིང་བྱའོ། །དེ་ལྟར་ཞག་བཅུ་གཅིག་བྱའོ། །གཏུམ་མོ་ལ་སྟེང་རླུང་ཁ་སྦྱོར་བ་ལ་སོགས་པ་ཐམས་ཅད་གོང་དང་འདྲ། སྙིང་གའི་ཧཱུཾ་ལ་དམིགས་ལ། མེ་དེ་ལས་སོར་བཞི་སྐྱེས་པས་སོར་བཅུ་དྲུག་གི་ས་ན་ཡར་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེའི་ས་བོན་དེ་ལས་མེ་སྐྱེས་ནས་ལུས་གང་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་གསུམ་སྒ་ར་ར་བྱ། རྨི་ལམ་ལ་དམིགས་པ་གོང་གི་ཐམས་ཅད་བཞག་ལ། རང་གི་མགྲིན་པའི་པདྨའི་གཡས་ཕྱོགས་ཀྱི་སྟེང་དུ་ནུ་སེར་པོ་གཅིག་བསམ་ལ་དམིགས་པ་གཏད། དོ་ནུབ་རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བྱའོ། །དེ་ལྟར་བྱས་པས་རྨི་ལམ་མ་ཟིན་ན། ད་གོ་ཟློག་རྣམ་གསུམ་བྱ་བ་ནི། སྲོད་ཀྱི་དུས་སུ་རྨི་ལམ་ཟིན་པ་དང༌། རྨི་བའི་འདུན་པ་གཞན་མི་བྱ་བར། ཐོ་རེངས་གཉིད་ལས་སད་པར་བྱའོ་སྙམ་པའི་འདུན་པ་བཏང་གཉིད་རིབ་པ་ཐུན་ཅིག་ལོག ༑དེ་ནས་མཇིང་ལ་སད་དུས་སུ་མདུན་གྱི་ནམ་མཁའ་ལ་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང་མཁའ་འགྲོ་ལ་སོགས་པ་བཞུགས་པར་བསམ་ལ། དེ་རྣམས་ལ་བདག་གི་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ། རྨི་ལམ་ཟིན་པར་མཛད་དུ་གསོལ་ཞེས་པའི་གསོལ་བ་གདབ། ཐོ་རངས་སད་པར་བྱའོ་སྙམ་པའི་འདུན་པ་བཏང་ལ་ཉལ་ལོ། །དེ་ནས་ཐོ་རངས་སད་པའི་དུས་སུ་རང་གི་མགྲིན་པའི་གཡས་ཕྱོགས་ཀྱི་པདྨའི་སྟེང་གི་ནུ་སེར་པོ་ལ་ཤེས་པ་གཏད་ལ། རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བཏང་ལ་ཉལ་ལོ། །དེ་ལྟར་ཞག་བཅུ་གཅིག་བྱའོ༑ ༑གཏུམ་མོའི་གཞན་ཐམས་ཅད་གོང་དང་འདྲ། མེ་དེ་ལས་ཡང་སོར་བཞི་སྐྱེས་པས་སྙིང་ག་ནས་སོར་བརྒྱད་ཀྱི་མཐོ་བ་ན་ཡར་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེས་ལུས་གང་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་བསྒོམས་པས་ལུས་ཁོལ་བུར་ནི་དྲོད་འབྱུང༌། ལུས་སྤྱི་ལ་ཁྱབ་པ་ནི་མ་བྱུང་ན། ཕྱི་རོལ་དུ་མེའི་འཁོར་ལོ་གཅིག་བསམས་པའི་ནང་དུ་རང་ཡི་དམ་དུ་བསྒོམ་ཞིང་རླུང་མནན། དེ་ཙུག་བྱས་ཤིང་བསྒོམ་པས་ཕྱི་རོལ་དུ་ནི་དྲོད་ཆེ། ནང་དུ་ནི་དྲོད་ཆུང་ཞིང་གྲང་བར་འདུག་ན། ནང་དུ་རྩ་གསུམ་ཀའི་ནང་ན་ཡར་ལ་མེ་ད་ལ་ལ་འབར་བར་བསམ་ཞིང་རླུང་མནན་ནོ། །དེ་ཙུག་བསྒོམས་པའི་དུས་སུ་ལུས་ལ་ཁོལ་བུར་ན་ཚའམ་ཟུག་གཟེར་བྱུང་ན། གང་ན་བའི་ས་དེར་གཏུམ་མོའི་མེ་ལྕེ་དེ་ལ་གཏད་ལ་རླུང་མནན་ཅིང་བསྒོམ། དེ་བཞིན་བྱས་ཤིང་བསྒོམ་པ་ནི་ཁོ་རང་གི་སྒོམ་ལུགས་དང་བཅོས་ཐབས་དང་གེགས་སེལ་བ་ཡིན་ནོ། །རྨི་ལམ་ལ་གོང་ལྟར་བྱས་པས་ཀྱང་མ་ཟིན་ན། ཡང་ཉལ་ཁར་རང་གི་མགྲིན་པའི་ནུབ་ངོས་རྒྱབ་ཀྱི་ཕྱོགས་ཀྱི་པདྨའི་སྟེང་གི་ཏ་དམར་པོ་ལ་ཤེས་པ་གཏད་ལ། དོ་ནུབ་རྨི་ལམ་བཟང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བྱ། དེ་ལྟར་བྱས་པས་རྨི་ལམ་ཡིན་སྙམ་པའི་ཧྲབ་ཧྲིབ་ཙམ་བྱུང་ན་སྤེལ་སྦྱང་བྱ་བ་ནི། རྨི་ལམ་དུ་ཆུ་ཆེན་པོ་རྨིས་ན་རྨི་ལམ་གྱི་ཆུས་ཁྱེར་བ་མེད་སྙམ་དུ་བསམ་ལ་སླར་འབོག །ཕྱམ་ཆེན་པོ་བྱུང་ཡང་རྨི་ལམ་གྱི་ཕྱམ་ཡིན་སྙམ་དུ་བསམ་ལ་སླར་མ་ཆོད། དེ་ལྟར་དུ་ཉི་ཟླ་མཐོང་ཡང་རྨི་ལམ་ཡིན་སྙམ་དུ་བསམས་ལ་སྟེང་དུ་འགྲོ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ལྟ་བའམ། རྒྱལ་བ་རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པའི་ཞིང་ཁམས་ལྟ་བ་ལ་སོགས་པ་བྱེད་པ་ནི་སྦྱང་བའོ། །སྤེལ་བ་ནི། རྨི་ལམ་དུ་ཁྱིའམ་བུད་མེད་ལ་སོགས་པ་གཅིག་རྨིས་ན། རྨི་ལམ་ཡིན་པས་ཅི་ཡང་བཏུབ་སྙམ་དུ་བསམ་ལ་མང་པོར་སྤེལ་ཞིང་བསྒོམ་མོ། །ཧྲབ་ཧྲིབ་ཟིན་ནས་དེ་ལྟར་བྱ། འཁྲུལ་འབྱམས་སུ་སོང་ནས་ཡེ་ཟིན་དུ་མ་ཉན་ན། འཁྲུལ་འབྱམས་རླུང་གིས་གཅོད་པ་བྱ་བ་ཡིན་པས། ནུབ་མོ་ཉལ་ཁར་སྟེང་རླུང་སྟེང་འོག་ཁ་སྦྱར་ལ་ཐུབ་ཐང་བདུན་རེ་བྱ་ཞིང༌། དེའི་རྗེས་ལ་ནུབ་ཕྱོགས་ཀྱི་ཏ་དམར་པོ་ལ་ཤེས་པ་གཏད་ཅིང་འདུན་པ་བྱས་ལ་ཉལ་ལོ། །ཞག་གྲངས་སྔར་དང་འདྲ། ཡང་ལུས་ཀྱི་འཁྲུལ་འཁོར་ལ་སོགས་པ་ཐམས་ཅད་གོང་དང་འདྲ་བ་བྱས་ནས། སྙིང་ག་བས་སོར་བརྒྱད་ཙམ་ན་ཡར་ལ་འབར་བས་མེ་དེས་མགྲིན་བ་བས་ཀྱང་སོར་གཉིས་ཙམ་ན་ཡར་ལ་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ལུས་མེས་གང་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་གསུམ་ཀ་གྲངས་དང་ཐུན་མཚམས་མེད་པར་བྱའོ༑ ༑རྨི་ལམ་ལ། བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་སྤྱི་བོར་བསྒོམ་ལ། ནུབ་མོ་ཉལ་ཁར་རང་གི་མགྲིན་པའི་པདྨ་དམར་པོ་འདབ་མ་བཞི་པ་ཡོད་པའི་རང་གི་གཡོན་ཕྱོགས་ཀྱི། བྱང་ངོས་ཀྱི་འདབ་མའི་སྟེང་དུ་ར་ལྗང་གུ་བསམས་ལ། དེ་ལ་ཤེས་པ་གཏད་ལ་དོ་ནུབ་རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བྱའོ། །དེས་མ་ཟིན་ན་བཅུ་གཅིག་བྱ། དེས་ཀྱང་མ་ཟིན་ན་ཉི་ཤུ་རྩ་གཅིག་བྱ། རྟོག་པས་བར་མ་ཆོད་པར་བྱས་ལ་གཉིད་ལོག་གོ །ཡང་སད་ཀོ་ཅོག་དེ་ལྟར་བྱ། ཡང་ནམ་མཁའ་སང་སེང་ལ་གཉིད་སད་པའི་དུས་སུ་དེ་ལྟར་བྱ། བར་བར་དང་སྐབས་སྐབས་སུ་མདུན་གྱི་ནམ་མཁའ་ལ་བླ་མ་དང༌། དཔའ་བོ་མཁའ་འགྲོ་ལ་སོགས་པ་རྣམས་བཞུགས་པར་བསམས་ལ། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་ཉིན་པར་ཡང་སྔ་དྲོ་ཕྱི་འཕྲེད་ཀུན་ལ་ཉལ་ཞིང་དེ་ལྟར་བྱའོ། །དེ་ལྟར་བྱས་ནས་བཟུང་བ་ནི་སྲོད་ལ་བཟུང་ནས། ཟིན་པ་ནི་ཐོ་རངས་ཟིན་པ་བྱ་བ་ཡིན་པས། ཐོ་རངས་ཟིན་ནས་འོང༌། དེ་ལྟར་བྱས་ཀྱང་མ་ཟིན་ན་ཡང་གོང་ལྟར་བྱ་ཞིང་བསྒོམ། དེ་ལྟར་སྤྱིར་ཡང་ཞག་བཅུ་གཅིག་བྱ། གཏུམ་མོའི་འཁྲུལ་འཁོར་གོང་ལྟར་བྱས་ལ། ཨ་ཝ་དྷཱུ་ཏི་འདོད་པ་འདྲ། །ཡི་གེ་ཧཾ་ནི་སྟེར་བ་འདྲ། །ཞེས་པས། རྩ་ཨ་ཝ་དྷཱུ་ཏི་ལུས་ཀྱི་ནང་ན་ཡར་ལ་དྲང་སང་ངེ་ཡར་རྩེ་ཚངས་པའི་བུ་ག་ན་ཡར་ཟུག་པའི་ནང་ན་མར་ལ་ཡི་གེ་ཧཾ་གི་རྣམ་པ་བདུད་རྩིའི་རང་བཞིན་མགོ་མར་ལ་བསྟན་ནས་བའི་ནུ་མ་བཞིན་ཙ་རེ་ཡོད་པར་བསམ། མར་རྩེ་ལྟེ་བར་ཟུག་པའི་ནང་ན་ཡི་གེ་ཨ་ཡོད་པར་བསམ། རྩ་གཡས་གཡོན་གཉིས་སྔར་དང་འདྲ་བར་བསམ་ལ། སྟེང་རླུང་མནན་པ་ཙམ་གྱིས་མགྲིན་པའི་མེ་སོར་གཉིས་པོ་དེ། མགྲིན་པ་བས་སོར་དྲུག་ཙམ་ན་ཡར་འབར་བས། ཧཾ་ལས་བདུད་རྩི་ཕྲལ་ཙམ་ཕྲལ་ཙམ་བྱེད་པར་བསམ་ཞིང་སྟེང་རླུང་མནན་པ་ཞག་གསུམ་ འདི་ལ་དམིགས་པ་གཅིག་ཏུ་མཛད་པ་ཡིན། བྱ། དེ་ནས་འོག་རླུང་ཡར་འཐེན་ནས་ཚུར་བསྡམས་པས་ལྟེ་བའི་ཨ་ལས་མེ་དམར་ནར་གྱིས་ཡར་འབར་བས་ཧཾ་ལ་རེག །ཧཾ་ལས་བྱང་ཆུབ་ཀྱི་སེམས་སྐུད་པ་ཙམ་དཀར་ནར་གྱིས་མར་བྱུང་ནས་ལྟེ་བའི་ཨ་གསོས། ཨ་ལས་མེ་ཡར་འབར་ཧཾ་ལས་བྱང་སེམས་མར་འཛག་པའི་འབར་འཛག་ལ་དམིགས་ཤིང༌། རླུང་སྟེང་འོག་ཁ་སྦྱར་ཞིང་བསྒོམ་པ་ཞག་བཅུ་གཅིག་བྱ། དེ་ལྟར་བསྒོམས་པས་བདེ་བ་སྐྱེས་ན་ལག་པ་གཉིས་ཁུ་ཚུར་བཅངས་ལ་བྲང་དུ་བསྣོལ་ལ་ལུས་ཁྱབ་པར་དགྲམ་མོ། །བླ་མ་རིན་པོ་ཆེའི་ལུགས་ལ་འདི་ཕྱིན་ཆད་འོག་རླུང་ཡོད་གསུང༌། རྨི་ལམ་ལ་ནུབ་མོ་གཉིད་དུ་ཧྲིབ་ཧྲིབ་འགྲོ་བའི་དུས་སུ། མགྲིན་པའི་པདྨའི་ལྟེ་བའི་ༀ་ལ་ཤེས་པ་གཏད། སང་འདི་བྱ་དང༌། གནངས་འདི་བྱ་ཙམ་དྲན་པའི་དུས་སུ་མགྲིན་པའི་པདྨའི་སྟེང་གི་མདུན་གྱི་ཨ་ལ་ཤེས་པ་གཏད། དེ་ནས་སྔས་བདེ་མི་བདེ་ཙམ་དྲན་པའི་དུས་སུ་གཡས་ཀྱི་ནུ་ལ་ཤེས་པ་གཏད། དེ་ནས་རྟོག་པ་བྲེང་ཙམ་འོང་བའི་དུས་སུ་རྒྱབ་ཀྱི་ཏ་ལ་ཤེས་པ་གཏད། དེ་ནས་གཉིད་དུ་འགྲོ་བའི་དུས་སུ་གཡོན་གྱི་ར་ལ་ཤེས་པ་གཏད། དེ་ནས་གཉིད་དུ་ཧྲུམ་གྱིས་སོང་བའི་དུས་སུ་དབུས་ཀྱི་ༀ་དང་བླ་མ་ལ་ཤེས་པ་གཏད་ལ་གཉིད་ལོག །དེ་ནས་དེ་ཕན་ཆོད་ལ་འདུན་པ་འདིས་ཆོག །རྨི་ལམ་མང་པོ་རྨི། གསལ་པོར་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་འདིས་ཆོག་གོ །འདི་ནི་ཁྲིད་ཚར་ནས་རྒྱུན་པར་བྱེད་པའི་དུས་ཡིན་ནོ། །དེ་ལྟར་བྱས་པས་ཟིན་ན་སྤེལ་སྦྱང་ལ་སོགས་པ་ཤེས་པར་བྱའོ། །རྨི་ལམ་ཁྲིད་རྫོགས་སོ། །རླུང་སྔོན་འགྲོ་ཐམས་ཅད་གོང་ལྟར་བྱས་ལ། རྩ་གསུམ་སྨིན་མཚམས་སུ་འཕྲོད། དེ་ནས་གྱེས། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། དེ་ནས་ལྟེ་བའི་འོག་སོར་བཞིའི་ གསུམ་གསུང་། གཡས་གཡོན་གྱི་རྩེ་མོ་གཉིས་དབུ་མའི་ནང་དུ་ཚུད་པར་བསམ་པའི་རྩའི་མདོ་དབུ་མའི་ནང་དུ་མི་མོ་ཁབ་ རྒྱ་ཁབ་སོར་བཞི་པ་གཅིག །ཙམ་ཞིག་འབར་བ་ལ་སེམས་གཏད། འོག་སྒོ་ཚུར་བསྡམས་ལ་སྟེང་རླུང་མར་མནན། མ་ཐུབ་པའི་དུས་སུ་རྔུབས་ཆུང་ཕྱེད་འཛིན་བྱ་ཞིང་ཐུན་གྲངས་ཐུན་མཚམས་མེད་པར་བསྒོམ། འོད་གསལ་གྱི་ཁྲིད་ལ་སེམས་གསུམ་བསྒོམ་པ་གོང་དང་འདྲ་བ་ལ། ནུབ་མོ་གཉིད་ཀར་ཙོག་པུ་དང་གློ་གཡས་པ་ས་ལ་དབབ་པ་ལ་སོགས་པའི་ཉལ་ཐབས་གང་ཡང་འདི་ལ་གཏུབ་པས་བྱས་ལ། རང་ཡི་དམ་དུ་བསྒོམས་པའི་སྙིང་གི་ནང་དུ་པདྨ་སྔོན་པོ་འདབ་མ་བཞི་པ་གཅིག་གི་ལྟེ་བ་ལ་ཧཱུྃ་སྔོན་པོ་བསམས་ལ་ཤེས་པ་གཏད་དེ། དོ་ནུབ་རྨི་ལམ་མི་རྨི་བར་བྱ། གཉིད་འོད་གསལ་དུ་ཚུད་པར་བྱ་ཞེས་པའི་འདུན་པ་བདུན་རེ་ཙམ་བྱ་ཞིང༌། ཧཱུྃ་ལ་ཤེས་པ་ལྷན་གྱིས་གཏད་ལ་ཉལ་ལོ། །སད་དོ་ཅོག་དེ་ལྟར་བྱའོ། །ཉིན་པར་གྱི་དུས་སུ་བསྒོམས་པ་རང་གིས་ཆོག །གཞན་འདུན་པ་ལ་སོགས་པ་མི་དགོས་གསུང༌། གཏུམ་མོ་བསྒོམ་པའི་དུས་སུ་སྣ་སུབ་ཅིང་བྱུང་ན་ཚུར་ལ་བཀུག་དྲགས་པས་སྣ་རང་དུ་རླུང་སེམས་འདུས་པ་ཡིན་པས། དེ་བསལ་བའི་ཐབས་ནི། ཡང་ན་ལྟག་པས་མཇིང་པ་མནན། །ཞེས་པས། ཕྱིར་དགྱེ་བའི་དྲང་བར་བྱ་ཞིང་བསྒོམ་ན་དེས་སེལ་ལོ། །གཏུམ་མོའི་དམིགས་པ་མེ་ཟངས་མའི་མོ་ཁབ་ཙམ་ལ་དམིགས་པ་གོང་བཞིན་བསྒོམ། མ་བདེ་བ་བྱུང་ན་དེར་ཨ་ཞིག་བསམ་ལ་དེ་ཞུ་བས་ནང་ཐམས་ཅད་ལ་ཕན་པར་བསམ་གསུང༌། འོད་གསལ་རང་གི་ཐུགས་ཀའི་པདྨའི་ཤར་ཕྱོགས་ཀྱི་འདབ་མའི་སྟེང་དུ་ཨ་དཀར་པོ་གཅིག་བསམ། དེ་ནས་དེའི་སྟེང་དུ་བླ་མ་ཞལ་ཚུར་བསྟན་ནས་བཞུགས་པར་བསམ་ལ། གཉིད་ཁར་དོ་ནུབ་རྨི་ལམ་མི་རྨི་བར་བྱ། གཉིད་འོད་གསལ་དུ་ཚུད་པར་བྱ། གཏི་མུག་གི་གཉིད་དུ་མི་འགྲོ་བར་བྱ་ཞེས་པའི་འདུན་པ་བདུན་བྱས་ལ་ཨ་དང་བླ་མ་ལ་ཤེས་པ་ལྷན་གྱིས་གཏད་ལ་ཉལ་ལོ། །དེ་ནས་སད་ཀོ་ཅོག་ཀྱང་དེ་ལྟར་བྱ། ཉིན་པར་གྱི་དུས་སུ་སྦྱང་མི་དགོས། བསྒོམ་པ་རང་ཡིན་དེས་ཆོག །བསྒོམ་པའི་དུས་སུ་དྲོད་ནི་ཤིན་ཏུ་ཆེ། བདེ་བ་ཆུང་ན། སྔར་གྱི་གཏུམ་མོའི་མེའི་མལ་དེར་ཐིག་ལེ་དཀར་པོ་སྲན་མ་རློན་པ་ཙམ་ཅིག་ལ་དམིགས་ལ་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ་མོ། །རེས་མོ་ཁབ་ཙམ་རེས་མོ་ཁབ་ཙམ་གསུམ་རེས་བྱ་གསུང༌། མ་བདེ་ན་མོ་ཁབ་ཙམ་ལས་སྐྱེས་པའི་མེས་གང་ན་སར་ཕུག་པར་བསྒོམ་གསུང༌། འདི་ནི་ཚད་པ་ཅན་ཐིག་ལེ་བསྒོམ་བྱ་བ་ཡིན་གསུང༌། ལར་ལུས་དྲོད་ཆེ་ཡང་གྲང་འདར་བྱེད། གྲང་བའི་བབས་ཡོད་ན་རྩ་གཡོན་པ་ནས་དབུ་མར་རླུང་འཕོ་མ་ནུས་པ་ཡིན་པས་དེ་འཕོ་བར་བྱེད་པའི་གདམས་ངག་ནི་རླུང་གནོན་པའི་དུས་སུ་རང་གི་གསང་གནས་ཀྱི་མགོ་ཐུར་དུ་བསྟན་ཅིང་བསྒོམ། ཁ་ཟས་ཀྱིས་བཅོས་པར་བྱའོ། །འོད་གསལ་མ་ཟིན་ན། ཡང་རང་གི་སྙིང་གའི་པདྨ་སྔོན་པོ་འདབ་མ་བཞི་པའི་གཡས་ཕྱོགས་ཀྱི་འདབ་མའི་སྟེང་དུ་ནུ་སེར་པོ་གཅིག་བསམ་ལ། དེ་ལ་ཤེས་པ་གཏད་ལ་གོང་བཞིན་དུ་འདུན་པ་བཏང་ངོ༌། །གཏུམ་མོ་ལ་སྔར་གྱི་མེ་མོ་ཁབ་ཙམ་གྱི་མལ་དེར་པདྨ་དམར་པོ་འདབ་མ་བཞི་པ་ཅིག་གི་སྟེང་ན། མེ་གླང་པོ་ཆེའི་སྣ་ཞིགས་ལྟ་བུ་ཀྱོག་པོ་ཅིག་ལྟེ་བར་སླེབ་ཙམ་དུ་འབར་བ་ལ་དམིགས་ལ་རླུང་མནན། འདིའི་མིང་ནི་གཏུམ་མོ་ཨ་ཤད་ཟེར་ གོང་མ་གསུམ་དང་དམིགས་པ་བཞི་རེ་མོས་སྒ་ར་ར་བྱ་གསུང༌། རོ། །རེས་ཟངས་མའི་མོ་ཁབ་ཙམ་རང་ལ་དམིགས་ཏེ་བསྒོམ་མོ། །རེས་མཁལ་མ་གཉིས་ཀྱི་ནང་དུ་རམ་དམར་ནག་རེ་བསམ་ལ་དེ་ལ་དམིགས་ཏེ་རླུང་བསྒོམ། རམ་ལ་དམིགས་པ་དེ་ཐུན་མགོ་ལ་ལན་གསུམ་གསུམ་ཙམ་རེ་ལ་དམིགས་ཏེ་རླུང་བསྒོམ། རྒྱུན་དུ་མང་ན་ཐིག་ལེ་འབྱུང་ཉེན་ཡོད་པས་ཉུང་བར་བྱ། རཾ་བསམས་པའམ་བླ་མ་བསམ་པའང་ཡོད། གཏུམ་མོའི་སྔོན་འགྲོ་གོང་དང་འདྲ། དམིགས་པ་མེ་ལྕེ་ལྟེ་བར་སླེབ་པའི་ཨ་ཤད་ཀྱི་མེ་དེ་ལྟེ་བ་ནས་སོར་དྲུག །སྙིང་གར་སོར་དྲུག་གིས་ཅུང་ཟད་མ་སླེབས་པ་ལ་དམིགས་ནས་རླུང་ཐུན་རེ་མནན་པས་ལུས་ཀྱི་ནང་ཐམས་ཅད་གང་བར་བསམ་ཞིང་བསྒོམ་པ་ལན་གསུམ་བྱ། རླུང་བཏང་བའི་དུས་སུ་མེའི་ས་བོན་ལ་ཚུར་འདུས་པར་བསམ། ཐུན་འཇོག་ཁར་ཡང་ལུས་ཀྱི་ནང་ཐམས་ཅད་མེས་གང་བར་བསམ་པ་ལན་གསུམ་བྱ། དེ་མིན་ཚེ་མེའི་ས་བོན་སྙིང་གར་ཅུང་མ་སླེབས་པ་ལ་དམིགས་པར་བྱ། རེས་མེ་ཟངས་མའི་མོ་ཁབ་ཙམ་ལ་དམིགས་ལ་བསྒོམ། རེས་མཁལ་མ་གཉིས་ཀྱི་རམ་ལ་དམིགས་ལ་གོང་བཞིན་བསྒོམ་མོ། །འོད་གསལ་ལ་རང་གི་སྙིང་གའི་པདྨ་འདབ་མ་བཞི་པའི་ནུབ་ཀྱི་ཏ་དམར་པོ་ལ་དམིགས་པ་གོང་བཞིན་བྱའོ། །འདིའི་དུས་སུ་སྟོད་ན་བའམ། གྲོག་མ་འགྲོ་བ་འདྲ་བ་བྱུང་ན་རང་གི་ཁ་རྒྱབ་ཏུ་བསྟན་ཞིང་བསྒོམས་པས་ཆོག་གོ །གཏུམ་མོ་ལ་སྔོན་འགྲོ་ཐམས་ཅད་གོང་ལྟར་བྱས་ལ་སྔར་གྱི་རང་གི་ལྟེ་བ་ནས་སོར་དྲུག་གིས་མཐོ་བ་ན་ཡར་ལ་འབར་བའི་མེ་དེས། རང་གི་སྙིང་ག་ན་ཡར་སླེབས་པར་འབར་བར་བསམ་ཞིང༌། སྤྲོ་བསྡུ་དང་ཐུན་གྲངས་གོང་ལྟར་བྱའོ། །འོད་གསལ་ལ། རང་གི་སྙིང་གའི་པདྨ་འདབ་མ་བཞི་པའི་གཡོན་ཕྱོགས་ཀྱི་འདབ་མའི་སྟེང་དུ་ར་ལྗང་གུ་བསམ་ལ། ཤེས་པ་གཏད་ལ་འདུན་པ་མི་སྤོ་བ་ཡིན་པས་གོང་བཞིན་བྱ༑ གཉིད་ཁར་འདུན་པ་བརྗེད་ན་ཉིན་པར་དོ་ནུབ་ནི་ཅིས་ཀྱང་འདུན་པ་མི་བརྗེད་པར་བྱའོ་སྙམ་པའི་འདུན་པ་བྱ། གཏུམ་མོའི་སྤྲོ་བསྡུ་དང་ས་བོན་སྔོན་འགྲོ་ཐམས་ཅད་གོང་དང་འདྲ། སྙིང་ག་བས་སོར་དྲུག་ཙམ་ན་ཡར་འབར་བར་བསམ། འོད་གསལ་ལ་གཞན་ཐམས་ཅད་གོང་དང་འདྲ། རྟོག་པ་སྣ་ཚོགས་འཕྲོ་བའི་དུས་སུ་རང་གི་སྙིང་གའི་པདྨའི་སྟེང་གི་ཤར་ཕྱོགས་ཀྱི་ཨ་དང་བླ་མ་ལ་ཤེས་པ་གཏད། སང་དང་གནངས་ཀྱི་རྟོག་པ་ཡོད་པའི་དུས་སུ་ནུ་ལ་ཤེས་པ་གཏད། སྔས་བདེ་མི་བདེ་ཙམ་དྲན་པའི་དུས་སུ་ཏ་ལ་ཤེས་པ་གཏད། ཕྱིའི་སྣང་བ་འགགས། ནང་གི་ཤེས་པ་མ་འགགས་ཙམ་པའི་དུས་སུ་ར་ལ་གཏད། གཉིད་དུ་འགྲོ་བདེ་བའི་དུས་སུ་དབུས་ཀྱི་ཧཱུྃ་སྔོན་པོ་ལ་ཤེས་པ་གཏད་ལ་ཅོག་གིས་གཉིད། ཐམས་ཅད་ལ་གཞན་གོང་དང་འདྲ་འདི་ལ་འདུན་པ་དེ་གཉིས་གཉིས་བྱའོ། །བླ་མ་རིན་པོ་ཆེའི་འོད་གསལ་གྱི་ཁྲིད་རྫོགས་སོ། །གཏུམ་མོའི་སྤྲོ་བསྡུ་ལ་སོགས་པ་གོང་དང་འདྲ། མེ་སྙིང་ག་བས་སོར་དྲུག་ཙམ་ན་ཡར་འབར་བ་དེ། རླུང་མནན་པ་ཙམ་གྱིས་རང་གི་མགྲིན་པ་བས་ཀྱང་སོར་གཉིས་ཙམ་ན་ཡར་འབར་བར་བསམ། བར་དོའི་ཁྲིད་དང་པོ་ལ་ད་ལྟའི་རང་གི་ཤེས་པ་ལ་བལྟས་ལ། ད་ལྟ་རང་གི་ཤེས་པ་འདི་སྤྲོས་པ་མཐའ་དག་དང་བྲལ་བར་འདུག །རྨི་ལམ་གྱི་ཤེས་པ་རང་དང་འདྲ་བར་སྤྲོས་པ་མཐའ་དག་དང་བྲལ་བར་འདུག །སྲིད་པ་བར་དོའི་ཤེས་པ་ཡང་འདི་གཉིས་རང་དང་འདྲ༑ སྤྲོས་པ་མཐའ་དག་དང་བྲལ་བར་འདུག་ཨང་སྙམ་པ་ཉིན་མཚན་ལ་ཁྱད་པར་མེད་པར་རྣམས་དྲན་པའི་དུས་སུ་འདུན་པ་བདུན་བདུན་ཙམ་རེ་བྱའོ། །དེ་ཡང་བླ་མ་རས་ཆུང་པའི་ཞལ་ནས། ཚེ་འདི་དང་ཕྱི་མ་བར་དོ་གསུམ། །མཉམ་པ་ཉིད་དུ་བསྒོམས་བསྒོམས་ནས། །འཆི་བའི་འཇིགས་པ་བརྗེད་དེ་ཐལ། །གསུངས་པའང་འདི་ལ་ཟེར་བ་ཡིན་གསུང༌། གཏུམ་མོའི་གཞན་ཐམས་ཅད་གོང་དང་འདྲ། དམིགས་པ་སྔར་གྱི་མེ་མགྲིན་པ་བས་སོར་གཉིས་ན་ཡར་འབར་བ་དེ། རླུང་ཐུན་གཅིག་མནན་པས་མགྲིན་པ་བས་སོར་བརྒྱད་ཙམ་ན་ཡར་འབར་བ་ལ་ཐུན་གཅིག་མེས་ལུས་གང་བ་ལ་ཐུན་གཅིག །ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་ཐུན་གཅིག་བསྒོམ་པ་སྒ་ར་ར་བྱའོ། །བར་དོའི་ཁྲིད་གཉིས་པ་ལ། ཕྱི་སྣོད་དང་ནང་བཅུད་ཀྱི་དངོས་པོ་ཐམས་ཅད་ཡི་དམ་གྱི་ལྷར་ཧྲམ་མེར་བཞུགས་པར་བསམ་ལ། ཐམས་ཅད་ཡི་དམ་གྱི་ལྷར་སྣང་བ་འདི་རྣམས་ཀྱང་རང་གི་སེམས་ཡིན། སེམས་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་ཨང་སྙམ་དུ་བསམ། ད་ལྟའི་སེམས་འདི་དང༌། རྨི་ལམ་དང་སྲིད་པ་བར་དོའི་སེམས་གསུམ་ཀ་ཡང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་ཨང་སྙམ་པའི་འདུན་པ་ཉིན་མཚན་མེད། ནམ་དྲན་ནོ་ཅོག་འདུན་པ་བྱའོ། །ཡང་རང་གི་མགྲིན་པ་བས་སོར་བརྒྱད་ཙམ་ན་ཡར་འབར་བ་དེས། ཡི་གེ་ཧཾ་ནི་སྟེར་བ་འདྲ། །ཨ་ཝ་དྷཱུ་ཏི་འདོད་པ་འདྲ། །ཞེས་པས་ཚངས་བུག་ན་མར་ལ། ཧཾ་བའི་ནུ་མ་བཞིན་དཀར་ཙ་རེ་ཡོད་པ་ལ་མེས་རེག་ཙམ་རེག་ཙམ་ཧཾ་ལས་བྱང་སེམས་ཕྲལ་ཙམ་ཕྲལ་ཙམ་བྱེད་པ་ལ་དམིགས་ཤིང་རླུང་གོང་བཞིན་མནན། བར་དོའི་ཁྲིད་གསུམ་པ་ལ། ཕྱིའི་དངོས་པོ་ཐམས་ཅད་བླ་མའི་སྐུ་རྡུལ་ཕྲ་རབ་ཏུ་སྤུང་ངེ་བཞུགས་པར་བསམ་ལ། བླ་མ་བཞུགས་པ་འདི་རྣམས་ཀྱང་རང་གི་སེམས་ཡིན། སེམས་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་ཨང་རྨི་ལམ་གྱི་སེམས་ཀྱང་འདི་དང་འདྲ་བ་ཡིན། སྲིད་པ་བར་དོའི་སེམས་ཀྱང་འདི་དང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་འདུག་ཨང་སྙམ་དུ་བསམ་པ་གོང་བཞིན་བྱའོ། །གཏུམ་མོ་ འདིའི་དུས་ཚོད་དུ་རང་གི་གསང་གནས་གཡས་གཡོན་དུ་མ་འཁྱོགས་པ་ཤིན་ཏུ་དྲངས་པ་གལ་ཆེ། དེ་ལྟར་བྱས་ན་རླུང་དབུ་མར་ཚུད་པ་ལ་ཚེགས་མེད་གསུངས། ལ་རླུང་མནན་པ་ཙམ་གྱིས་སྔར་གྱི་མེ་དེས་ཧཾ་ལ་རེག་རེག་བྱས་པ་ཙམ་གྱིས་ཧཾ་ལས་བྱང་ཆུབ་ཀྱི་སེམས་སྐུད་པ་དཀར་པོ་བརྐྱང་བ་བཞིན་སྐྱ་ནར་གྱིས་མར་བབས་པས་ལྟེ་བའི་ཨ་ལ་ཐིམ་པར་བསམ། མེ་ཡང་ཧཾ་ལ་རེག་པར་བསམ་ཞིང་དེ་གཉིས་ཀྱི་འབར་འཛག་ལ་དམིགས་ཤིང་བསྒོམ་པ་གོང་བཞིན་བྱའོ། །གཏུམ་མོ་འབར་འཛག་གི་ཁྲིད་རྫོགས་སོ། །བར་དོའི་ཁྲིད་བཞི་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བུད་མེད་གཟུགས་དང་ལང་ཚོ་དང་ལྡན་པ། རང་གང་ལ་ཆགས་པ་ལྟ་བུར་བསམ་ལ། བུད་མེད་ལ་ཆགས་པས་ནི་ཁམས་གསུམ་འཁོར་བར་འཁྱམས་པ་ཡིན་པས། ད་ལྟ་ཡང་མི་ཆགས་པར་བྱ། སང་གནངས་སྲིད་པ་བར་དོར་ཡང་དྲན་པར་བྱ་དགོས་སྙམ་དུ་བསམ། དེ་ནས་བུད་མེད་དུ་སྣང་བ་འདི་རྣམས་ཀྱང་རང་གི་སེམས་བུད་མེད་དུ་སྣང་བ་ཡིན། སེམས་ནི་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན། རྨི་ལམ་གྱི་སེམས་དང་ད་ལྟའི་འདི་དང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་ཡིན། སང་གནངས་སྲིད་པ་བར་དོའི་སེམས་ཀྱང་ད་ལྟའི་འདི་དང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་ཡིན། དེ་ལྟར་དྲན་པ་བྱ་དགོས་སྙམ་པ་ནམ་དྲན་ནོ་ཅོག་གོང་བཞིན་དུ་འདུན་པ་བྱའོ། །བར་དོའི་ཁྲིད་རྫོགས་སོ། །འདི་པའི་ལུགས་ཀྱི་འཕོ་བ་ལ་ཁྲིད་མི་བྱེད། བར་དོའི་ཁྲིད་གོང་གི་དམིགས་པ་ཀུན་གྱིས་ཚར་བ་དེ་རང་ཡིན། གཏུམ་མོ་ལ་ཡང་ཨ་ཐུང་འབར་འཛག་བྱ་བའི་ཁྲིད་ཚར་བ་དེ་རང་ཡིན། ལར་ཨ་ཐུང་ལ་འདོད་ལུགས་མང༌། བླ་མ་རིན་པོ་ཆེ་བ་དང་འགས་ལྟེ་བའི་ཨ་ལས་མེ་འབར་བ་ལ་བྱེད། འགས་འདོམས་ཀྱི་གྲུ་གསུམ་མེའི་རང་བཞིན་ལའང་ཨ་ཐུང་ཟེར་བ་ལ་སོགས་པ་ཨ་ཐུང་ལ་འདོད་ལུགས་ཀྱང་མང་ལ། དེ་རེ་རེ་ལའང་རྩ་དབུ་མ་ཟུག་པའི་འདོད་ལུགས། ལུས་ཀྱི་འཕྲུལ་འཁོར་གྱི་གནད་མི་འདྲ་བའི་འདོད་ལུགས། ལར་མང་ཡང༌། ཨ་ཐུང་འདིའི་དབང་དུ་བྱས་ན་གོང་གི་གང་དང་ཡང་མི་འདྲ་བའི་གནད་ལ། དང་པོ་རྩའི་གནས་ལུགས་གོང་ལྟར་ཅོག་པུར་བྱས་ནས། རྩ་དབུ་མའི་ཡར་རྩེ་ཚངས་བུག་ཏུ་ཟུག །མར་རྩེ་ལྟེ་བའི་འོག་སོར་བཞིའི་ས་ན་ཉའི་ཁ་བཞིན་ཡོད་པ་ལ། གཡས་གཡོན་གཉིས་ཀྱི་ཡར་རྩེ་ཚངས་བུག་ཏུ་དབུ་མའི་ནང་དུ་ཟུག །ཡང་གྱེས་པས་མགྲིན་པར་དབུ་མ་ལ་ཟུག །ཡང་གྱེས་སྙིང་གར་དབུ་མ་ལ་ཟུག །ཡང་གྱེས་ལྟེ་བར་དབུ་མ་ལ་ཟུག །ཡང་གྱེས་ནས་འདི་པའི་འདོད་ལུགས་ཀྱིས་ལྟེ་འོག་སོར་གསུམ་ཙམ་རྩ་དབུ་མའི་སྣེ་མོ་བས་སོར་གཅིག་གིས་མཐོ་བར་ཟུག་ནས་ཡོད་པའི་ལྟེ་འོག་སོར་གཉིས་ཙམ་པས་ཡང་མཐོ་བ་ནས་ལྟེ་བར་མནན་ཡང་གནད་ཆུང༌། མར་སྣ་ནས་དབུ་མའི་རྩེ་མོ་མནན་ཡང་དབུ་མའི་ཁ་དབྱེ་དཀའ་གནད་ཆུང་བས་དབུ་མའི་རྩེ་ལྟག་ལྟེ་བའི་འོག་ཏུ་མཉམ་བཞག་གི་ཕྱག་རྒྱའི་མཐེའུ་ཆུང་གཉིས་ཀྱི་རུས་མདུད་གཉིས་སྟབས་གཅིག་འོང་བ་དེས་མནན་ནས། དབུ་མ་ཉའི་ཁ་འདྲ་བར་ཡོད་པ་དེའི་ལྟག་པར་མནན་པས་ཁ་དྭངས་ཀྱིས་བྱེ་ནས་འོང༌། དེ་ནི་རྩའི་གནད་དོ། །ཨ་ཐུང་ནི་དབུ་མའི་སྣེ་མོ་ནས་ལྟེ་བར་སླེབས་པ་ཙམ་གྱིས་ཟངས་ལྕགས་བསྲེགས་པ་འདྲ་བའི་དམར་ཙེ་རེ་བ་སོར་བཞི་པ། ཕྲ་སྦོམ་ཁབ་ཙམ་ཞིག་ལ་དམིགས་ལ། རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། མེ་ཁབ་ཙམ་དེ་ལས་གཞན་དང་འདྲ་བའི་བསྐྱེད་བསྟུང་འབར་འཛག་གང་ཡང་མེད་དོ། །འདིའི་དམིགས་པ་དངོས་གཞི་ནི་མིན། བོགས་འདོན་ཡིན་པས་རྒྱབ་གྲང་བར་བྱུང་ན་སྔོན་འགྲོ་འཁྲུལ་འཁོར་ལ་སོགས་པ་ཐམས་ཅད་གོང་ལྟར་ལ། རང་གི་ ཨན་སྟོང་རུས་པ་མ་གཏོགས་པ་དེ་མན་གྱི་སྒལ་ཆུང་བཅུ་དྲུག་གི་ས་ཡིན་པས་ལྟེ་བའི་ཐད་སོ་མིན་ཏེ་རྩ་དབུ་མའི་འདོད་ལུགས་ཀྱི་གསང་གནས་ཀྱི་ཐད་སོ་ཡིན་གསུང༌། བཅུ་དྲུག་མདོ་ནས་སྤྱི་བོ་ཚངས་པའི་བུ་གའི་བར་དུ་ བཤད་པ་ཡིན། སྒལ་པའི་སྟེང་སྲོག་རྩའི་ནང་ན་ཡར་ལ་རྩ་དབུ་མ་དྲང་སང་ངེ་ཡོད་པའི་མར་སྣའི་ནང་དུ་མེ་གྲུ་གསུམ་གཅིག་ཡོད་པར་བསམ་ལ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་མེ་གྲུ་གསུམ་ལས་མེ་གཅིག་ཁྱུག་གིས་ཡར་ཚངས་བུག་ནས། སྤྱི་བོ་ན་ཡར་འབར་བར་བསམ་ཞིང་བསྒོམ། འདི་ལ་དམིགས་པ་སྤོ་བ་ནི་མེད། རང་གིས་བསྒོམ་དུས་སུ་རྩ་དབུ་མ་དང་མེ་ཆེ་ཆུང་ཡང་རང་གི་བློས་གང་ལྕོགས་ཀྱིས་ཆོག །མེའི་དམིགས་པ་གཏད་པ་ཡང་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་རང་གི་གང་བདེས་ཆོག །ཐུན་གྱི་རྗེས་ལ་མེ་ཡར་འབར་བ་དང༌། ས་བོན་ལ་མར་བསྟིམ་པ་ཡང་མི་དགོས། སྒོམ་འཕྲོ་ལ་བཞག་པས་ཆོག །ཐུན་མགོ་ལ་གྲུ་གསུམ་ལས་མེ་འབར་བར་བསམ་ཞིང༌། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། ནཱ་རོ་པའི་ཆོས་དྲུག །བླ་མ་རིན་པོ་ཆེའི་ལུགས་ལ་ཁྲིད་དགོས་དགོས་མ་ལུས་པ་རྫོགས་སོ། །ཨྠིྀ། མཉམ་མེད་དམ་པ་རིན་པོ་ཆེའི་ཉམས་མྱོང་མན་ངག་སྨར་ཁྲིད་རྣམས། བནྡེ་བཀྲ་ཤིས་དཔལ་ཉིད་ཀྱིས། །ཡི་གེར་གསལ་བ་བྱས་པ་ལ། །བླ་མ་མཁའ་འགྲོ་མ་ལུས་པ། །མི་མཉེས་ནོངས་པ་བཟོད་པར་གསོལ། །ཉམས་ལེན་མན་ངག་སྨར་ཁྲིད་འདིས། །འགྲོ་བ་རྣམས་ལ་ཕན་ཐོགས་ཤོག །ཤུ་བྷཾ།། །།