DNZ-14-PHA-018-002
DNZ-14-PHA-018-002
༈ །གཅོད་སྐོང་ནོར་བུའི་བང་མཛོད་ཅེས་བྱ་བ་ནི། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །སྐྱེ་མེད་ཆོས་དབྱིངས་ནམ་མཁའི་ཀློང༌། །སྣ་ཚོགས་སྤྲུལ་པས་འགྲོ་བ་འདྲེན། །ཆོས་སྐུ་ཡུམ་ཆེན་ཐུགས་དམ་བསྐང༌། །ཤཱཀྱའི་རིགས་འཁྲུངས་སྙིགས་དུས་འདིར། །གཞན་གྱིས་མི་ཐུབ་བདུད་ཀྱི་སྡེ། །ཕམ་པར་མཛད་ནས་བྱང་ཆུབ་བརྙེས། །ཤཱཀྱ་ཐུབ་པའི༴ རྒྱལ་བ་ཀུན་གྱི་སྐུ་ཡི་མཛོད། །འཛིན་མཛད་སེང་གེའི་ཁྲི་ལ་བཞུགས། །སྨྲ་བའི་སེང་གེ་མཚུངས་པ་མེད། །འཇམ་དཔལ་དབྱངས་ཀྱི༴ སྟོང་པ་ལས་བྱུང་ཐུགས་རྗེའི་གཏེར། །བདེ་གཤེགས་ཡུམ་གྱུར་འཕགས་མ་རྗེ། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་མ། །རྗེ་བཙུན་སྒྲོལ་མའི༴ ལྷན་ཅིག་སྐྱེས་པའི་དོན་རྟོགས་ཤིང༌། །ཟག་མེད་བདེ་བ་ཆེན་པོ་བརྙེས། །སྐུ་བཞིའི་བདག་ཉིད་འགྲོ་བའི་དཔལ། །སུ་ཁ་སིདྡྷིའི༴ སྙིང་པོའི་དོན་ལ་མངའ་བརྙེས་ཤིང༌། །བསྟན་པའི་དཔལ་གྱུར་ཆོས་ཀྱི་རྗེ། །སྙིགས་མའི་དུས་སུ་འགྲོ་དོན་མཛད། །ཨཱརྱ་དེ་ཝའི༴ དུས་གསུམ་སངས་རྒྱས་ཐམས་ཅད་མཁྱེན། །འགྲོ་བའི་མགོན་པོ་མཚུངས་པ་མེད། །རྒྱ་གར་བཀའ་བབས་བོད་དུ་བླངས། །དམ་པ་སངས་རྒྱས༴ ལྷན་སྐྱེས་རང་བཞིན་ཆོས་ཀྱི་དབྱིངས། །མ་འགག་སྒྱུ་མའི་གར་གྱིས་རོལ། །རྣམ་འཕྲུལ་ཏིང་འཛིན་བསམ་མི་ཁྱབ། །ལབ་ཀྱི་སྒྲོལ་མའི༴ ཟབ་མོའི་དོན་གཟིགས་གྲུབ་པ་བརྙེས། །བོད་ཡུལ་ཆོས་ཀྱི་སྒྲོན་མེ་སྤར། །ཕ་རོལ་ཕྱིན་པའི་དོན་ལ་མཁས། །ཁམ་བུ་ཡ་ལེའི༴ ཟབ་ལམ་རྡོ་རྗེ་ཐེག་པའི་བཅུད། །ཉམས་སུ་བླངས་ནས་གྲུབ་པ་བརྙེས། །གནམ་མཚོ་ཕྱུག་མོས་དངོས་གྲུབ་ཕུལ། །གནམ་མཚོ་དོ་པའི༴ སྙིགས་མའི་དུས་ན་ཆོས་ཀྱི་རྗེ། །བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །འཛམ་གླིང་བསྟན་པའི་དཔལ་གྱུར་པ། །རང་བྱུང་རྡོ་རྗེའི༴ བྱམས་དང་སྙིང་རྗེའི་རྩ་བ་བརྟན། །བདེ་དང་སྟོང་པའི་ཡལ་གས་ཕྱུག །དཔག་བསམ་ལྗོན་ཤིང་གང་འདོད་སྟེར། །སེང་གེ་དཔལ་བའི༴ ཏཻ་ལོ་ཆེན་པོའི་རྣམ་པར་འཕྲུལ། །སྙིང་པོའི་དོན་ལ་རྩེ་གཅིག་ཏུ། །བསྒྲུབས་ནས་དངོས་གྲུབ་ཐམས་ཅད་བརྙེས། །དབང་ཕྱུག་རྡོ་རྗེའི༴ ཐབས་ཤེས་སྐྱ་བ་ལེགས་འཛིན་ཅིང༌། །ཕྲིན་ལས་གྲུ་ཡིས་འགྲོ་ཀུན་སྒྲོལ། །འགྲོ་བའི་དེད་དཔོན་མཚུངས་པ་མེད། །རཏྣ་ཤྲཱིའི༴ བསྟེན་ན་དངོས་གྲུབ་རྣམ་གཉིས་སྟེར། །རང་གཞན་དོན་གཉིས་གྲུབ་པའི་དཔལ། །ཡིད་བཞིན་ནོར་བུ་བླ་མ་རྗེ། །བྱམས་པ་དཔལ་བའི༴ ལྷན་ཅིག་སྐྱེས་པའི་རང་བཞིན་སྐུ། །ཟབ་གསལ་གཉིས་སུ་མེད་པ་ཡི། །ཤེས་དང་ཤེས་བྱའི་བདག་ཉིད་ཅན། །འོད་ཟེར་རྒྱལ་མཚན༴ འཕོ་མེད་བདེ་བའི་རོས་ཚིམས་ནས། །ཟག་མེད་མཆོག་གི་དགའ་བ་ཐོབ། །སྐུ་དང་ཡེ་ཤེས་མངོན་དུ་གྱུར། །བུདྡྷ་རཏྣའི༴ སྟོན་པའི་རྟགས་འཆང་ཡོན་ཏན་རྫོགས། །མདོ་རྒྱུད་བསྟན་བཅོས་ཀུན་ལ་མཁས། །སྐྱེ་མེད་ཤེས་རབ་ཕར་ཕྱིན་སྟོན། །འགག་མེད་འགྲོ་ཀུན་ཐར་ལམ་འདྲེན། །ཀུན་དགའ་རྣམ་རྒྱལ༴ བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །ཕྱི་ནང་གསང་བའི་དཀྱིལ་འཁོར་ལྷ། །ཡུམ་མཆོག་རྡོ་རྗེ་ཕག་མོ་སོགས། །ཡི་དམ་རྣམས་ཀྱི༴ སྟོན་པའི་བསྟན་པ་རིན་པོ་ཆེ། །སྲུང་མཛད་ཆོས་སྐྱོང་སྲུང་མའི་ཚོགས། །མ་བཞིན་སེམས་པའི་མ་མགོན་གཉིས། །ཕྱི་ནང་ཆོས་སྐྱོང་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་པ་འདི་རཏྣ་ཤྲཱིས་བསྐུལ་ངོར་སི་ཏུ་ནོར་བུ་བསམ་འཕེལ་གྱིས་མཛད་པའི་ཁ་བསྐང་དུ་གཅོད་ཡུལ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་འཆིང་བ་དང་བྲལ་བ་གུ་རུ་དྷརྨ་ཀིརྟིས་བདེ་ཆེན་ལྷུན་གྲུབ་གླིང་དུ་བགྱིས་པའོ།།