DNZ-10-THA-024-003
DNZ-10-THA-024-003
།།ཆོས་དྲུག་བསྡུས་པའི་འཕོ་བའི་གསོལ་འདེབས་བཞུགས། ན་མོ་གུ་རུ། རྣམ་པར་འདྲེན་མཆོག་སྟོན་པ་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུང༌། །རླུང་སེམས་འཕོ་བའི་ལམ་མཆོག་འབྱོངས་པ་དང༌། །སྐུ་གསུམ་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །ཟག་མེད་བདེ་སྟེར་ཡེ་ཤེས་མཁའ་འགྲོ་མ། །གསོལ་བ་འདེབས་སོ་ཐུགས་རྗེའི༴ རླུང་སེམས་འཕོ་བའི༴ སྐུ་གསུམ་གོ་འཕང་༴ རྒྱ་བོད་བཀའ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ༴ རླུང་སེམས་འཕོ་བའི༴ སྐུ་གསུམ་གོ་འཕང་༴ གྲུབ་པའི་སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་ལ། །གསོལ་བ་འདེབས་སོ༴ རླུང་སེམས་འཕོ་བའི༴ སྐུ་གསུམ་གོ་འཕང་༴ ཟབ་དོན་བཀའ་བབས་བློ་གྲོས་ཆོས་འཕེལ་ལ། །གསོལ་བ༴ རླུང་སེམས༴ སྐུ་གསུམ༴ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ༴ རླུང་སེམས༴ སྐུ་གསུམ༴ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་བཟུང༌། །རླུང་སེམས་འཕོ་བའི་ལམ་མཆོག་འབྱོངས་པ་དང༌། །སྐུ་གསུམ་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །འཁོར་བའི་ཕུན་ཚོགས་སྡུག་བསྔལ་རང་བཞིན་ལ། །ཆགས་མེད་ངེས་འབྱུང་དད་པས་ཡིད་དྲངས་ཏེ། །རླུང་སེམས་རྩེ་གཅིག་འཕོ་བའི་རྣལ་འབྱོར་གྱིས། །གཏན་བདེ་ཐར་པའི་ཞིང་མཆོག་བགྲོད་པར་ཤོག །བཙན་ཐབས་འཕོ་བ་ཟབ་མོའི་ལམ་མཆོག་གིས། །སྒྲིབ་གཉིས་རང་དག་ས་ལམ་མཐར་ཕྱིན་ཏེ། །སྐྱེ་མེད་འོད་གསལ་ཆོས་སྐུ་མངོན་གྱུར་ནས། །གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་སྤྱོད་ཤོག །ཅེས་ཆོས་དྲུག་བསྡུས་པའི་འཕོ་བའི་གསོལ་འདེབས་འདི་ཡང་ངག་དབང་ཡེ་ཤེས་ཀྱིས་རང་དང་སྐལ་མཉམ་གྱི་སློབ་མ་དག་ལ་ཕན་པའི་ལྷག་བསམ་གྱིས་བདེ་ཆེན་འབའ་རར་སྦྱར་བ་དགེའོ།། །།