DNZ-09-TA-019: Difference between revisions

From Damngak Dzö
DNZ-09-TA-019
No edit summary
No edit summary
 
Line 8: Line 8:
|collectiontitle=gdams ngag rin po che'i mdzod
|collectiontitle=gdams ngag rin po che'i mdzod
|author='bri gung spyan snga shes rab 'byung gnas
|author='bri gung spyan snga shes rab 'byung gnas
|authortib=འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་
|compiler='jam mgon kong sprul
|compiler='jam mgon kong sprul
|tibgenre=Overviews - spyi don, Practical Instructions - lag len - len thabs, Structural Arrangement for Ritual Practice - sgrub khog
|tibgenre=Overviews - spyi don, Practical Instructions - lag len - len thabs, Structural Arrangement for Ritual Practice - sgrub khog
Line 36: Line 37:
|shechendnz=DNZ-Shechen-09-TA-020
|shechendnz=DNZ-Shechen-09-TA-020
|pdflink=File:DNZ-09-TA-019.pdf
|pdflink=File:DNZ-09-TA-019.pdf
|authortib=འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་
|InitCategories=Damngak Rinpoché Dzö; DNZ-Volume-09-TA
|InitCategories=Damngak Rinpoché Dzö; DNZ-Volume-09-TA
}}
}}

Latest revision as of 15:14, 4 June 2025

Wylie title dpal 'bri gung pa'i dam chos dgongs pa gcig pa'i rtsa ba lhan thabs dang bcas pa'i gzhung chings khog dbub dang bcas pa DNZ-09-TA-019.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 9, Text 19, Pages 447-497 (Folios 1a126 to 26a4)
Author འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་
Citation 'bri gung spyan snga shes rab 'byung gnas. Dpal 'bri gung pa'i dam chos dgongs pa gcig pa'i rtsa ba lhan thabs dang bcas pa'i gzhung chings khog dbub dang bcas pa. In Gdams ngag rin po che'i mdzod, Vol. 9: 447-497. Kalimpong: Rigpe Dorje Publications, 2024. DNZ-Shechen-09-TA-020.pdf
Shechen Publications, 1999
Side notes Recto: rtsa chings   Verso: bka' brgyud skor
More details More details
Genre Overviews - spyi don  ·  Practical Instructions - lag len - len thabs  ·  Structural Arrangement for Ritual Practice - sgrub khog
Cycle དམ་ཆོས་དགོངས་པ་གཅིག་པ་ (dam chos dgongs pa gcig pa)
Notes There are six texts included in this entry:
  1. dpal 'bri gung pa'i dam chos dgongs pa gcig pa'i rtsa ba lhan thabs dang bcas pa'i gzhung chings khog dbub dang bcas pa (pp. 447-473)
  2. rdo rje'i gsung brgya lnga bcu pa'i ngag 'don mdor bsdus te tshigs su bcad pa (pp. 473-481)
  3. rdo rje'i gsung brgya lnga bcu pa'i lhan thabs bzhi bcu rtsa bdun pa (pp. 481-488)
  4. rdo rje'i gsung brgya lnga bcu pa'i lhan thabs tshigs su bcad pa (pp. 488-491)
  5. dam chos dgongs pa gcig pa'i chings rnam bzhi (pp. 491-494)
  6. khog dbubs sa dmigs (pp. 494-497)
[edit]
༄༅། །དཔལ་འབྲི་གུང་པའི་དམ་ཆོས་དགོངས་པ་གཅིག་པའི་རྩ་བ་ལྷན་ཐབས་དང་བཅས་པའི་གཞུང་ཆིངས་ཁོག་དབུབ་དང་བཅས་པ་བཞུགས་སོ། །

༄༅། །ན་མོ་རཏྣ་གུ་རུ་བྷྱཿ དྲི་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་འདྲེས་ཤེས་བྱའི་དངོས་པོ་ཇི་ལྟ་བར། །ཐམས་ཅད་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ༑ ༑མཉམ་མེད་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །རྒྱལ་བ་མཆོག་གི་ཞལ་ནས་གསུངས་པ་ཡི། །དམ་ཆོས་ཁྱད་འཕགས་ཐུན་མོང་མ་ཡིན་པ། །མངོན་དུ་མཛད་པའི་བཞེད་ལུགས་དཔག་མེད་ཀྱང༌། །རྨོངས་པས་དྲན་པ་ཅུང་ཟད་ཙམ་ཞིག་བྲི། །སྤྱིར་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབང་ཕྱུག་ཡིན། དེས་སྡེ་སྣོད་དང་རྒྱུད་སྡེ་སྒྲུབ་ཐབས་ལ་སོགས་པ་མང་པོ་དཔག་ཏུ་མེད་པ་གསུངས་པས་གོ་ལུགས་རྟོགས་ལུགས་སོ་སོར་བྱུང་ཞིང་ཐམས་ཅད་ཀྱང་ཟབ་ཅིང་ངོ་མཚར་ཆེ་བ་འབའ་ཞིག་ཡིན་ནོ། །དེ་ལ་འདིར་ནི་རང་གཞན་གྱི་བཞེད་པའི་ཁྱད་པར་བག་ཙམ་མི་འདྲ་བ་འགའ་ཞིག་སྣང་བས། དེ་རྣམས་ལེགས་པར་ཕྱེ་བ་ཡིན་ནོ། །འདི་ནི་རྒྱལ་བའི་དགོངས་པ་གཅིག་པ་ཞེས་བྱ་བ་ཁྱད་པར་གྱི་གནད་བརྒྱ་ལྔ་བཅུ་ཡོད་པ་ལས། དེ་ཡང་ཚོམས་བདུན་གྱི་ས་གཅོད་ཀྱི་དམིགས་འབྱེད་པ་དང་པོ་ནི་འདི་ཡིན་ཏེ། ༡ སྤྱིར་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབང་ཕྱུག་ཡིན་པས་དེས་གང་ལྟར་བཞེད་པ་དེ་ལྟར་གསུངས་པས་དེ་ཉིད་དུ་འགྱུར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་གཤིས་སམ་བབས་ཀྱི་གནས་ལུགས་ཁོ་ན་བསྟན་པར་བཞེད་དོ། ༢ །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པས་དེ་དག་གི་འཇུག་སྒོ་ཡང་གང་རུང་བ་ལ་ཞུགས་པས་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སངས་རྒྱས་སྒྲུབ་པའི་ཐབས་གཅིག་ཏུ་བཞེད་དོ། ༣ །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་གདུལ་བྱ་གང་མོས་པའི་ལམ་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལམ་སྐྱེ་བའི་རིམ་པར་བཞེད་དོ། ༤ །ཆོས་ཀྱི་འཁོར་ལོ་གསུམ་ཡང་རིགས་ཅན་ཐ་དད་པ་ལ་གསུངས་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཀྱི་འཁོར་ལོ་གསུམ་འཁོར་གྱི་རྟོགས་པའི་ཁྱད་པར་བསྟན་པར་བཞེད་དོ། ༥ །ཆོས་ཀྱི་འཁོར་ལོ་གསུམ་པོ་བརྗོད་བྱ་ཐ་དད་པས་སོ་སོར་མ་འདྲེས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཀྱི་འཁོར་ལོ་རེ་རེ་ལ་ཡང་གསུམ་ཀ་ཚང་བར་བཞེད་དོ། ༦ །ཆོས་ཀྱི་འཁོར་ལོ་དེ་དག་གི་དོན་འབྲེལ་དེ་ལྟར་གནས་ཀྱང་ཚིག་གིས་མཚོན་པ་མི་གསལ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཀྱི་འཁོར་ལོ་ཕྱི་མ་ཕྱི་མའི་ས་བོན་སྔ་མ་སྔ་མ་ལ་གནས་པར་བཞེད་དོ། ༧ །འཁོར་ལོ་གསུམ་ནི་གནས་དང་དུས་ལ་སོགས་པའི་ཁྱད་པར་གྱིས་འབྱེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་མདོ་དང་དོན་གྱི་གནད་ཀྱིས་འཁོར་ལོ་གསུམ་དུ་ངེས་པར་བཞེད་དོ། ༨ །བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ནི་མངོན་པ་ཡིན་ཏེ། འདུལ་བའི་སྡེ་སྣོད་མ་ཡིན་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་འདུལ་བའི་སྡེ་སྣོད་ནི་བདེན་བཞིའི་ཆོས་ཀྱི་འཁོར་ལོར་བཞེད་དོ། ༩ །ཐེག་པ་སྣ་ཚོགས་སྟོན་པ་ནི་ཆོས་ཀྱི་འཁོར་ལོ་བར་པ་ཡིན་ལ། མཚན་ཉིད་མེད་པ་ནི་ངེས་དོན་དུ་སྟོན་པ་མང་མོད་ཀྱི། འདིར་ནི་ཐེག་པ་སྣ་ཚོགས་སྟོན་པ་ཉིད་ངེས་དོན་ཆོས་ཀྱི་འཁོར་ལོར་བཞེད་དོ། ༡༠ །བཀའ་ཐམས་ཅད་དྲང་བའི་དོན་དང་ངེས་པའི་དོན་ལ་སོགས་པར་བསྟན་པས་འགའ་ཞིག་དེ་བཞིན་གཤེགས་པས་ཐབས་ཀྱིས་བརྫུན་པར་གསུངས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་མཐའ་དྲུག་ཏུ་གསུངས་པ་ཐམས་ཅད་ཀྱང་ངེས་དོན་འབའ་ཞིག་ཏུ་བཞེད་དོ། ༡༡ །དབུ་མའི་བཀའ་དང་སེམས་ཙམ་པའི་བཀའ་ཐ་དད་པར་འདོད་དེ། ༈ རྡོ་རྗེའི་གསུང༌། སེམས་ཙམ་སྟོན་པའི་བཀའ་ཉིད་དབུ་མ་སྟོན་པར་བཞེད། ༡༢ ལོག་པའི་ཀུན་རྫོབ་ཀྱིས་དོན་བྱེད་མི་ནུས་པ་འདོད་དེ། ༈ རྡོ་རྗེའི་གསུང༌། ལོག་པའི་ཀུན་རྫོབ་ཀྱིས་ཀྱང་དོན་བྱེད་ནུས་པར་བཞེད་དོ། ༡༣ །མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་ནི་ས་བཅུས་བགྲོད་ལ། གཅིག་ཆར་འཇུག་པ་རྣམས་ལ་དེ་ལྟར་མ་ཡིན་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ལམ་ཐམས་ཅད་ས་བཅུས་བགྲོད་པར་བཞེད་དོ། ༡༤ །རིམ་གྱིས་འཇུག་པ་དང་གཅིག་ཆར་འཇུག་པ་གཉིས་སུ་འདོད་པ་ཡིན་མོད་ཀྱི། འདིར་ནི་ལམ་ཐམས་ཅད་རིམ་གྱིས་འཇུག་པར་བཞེད་དོ། ༡༥ །སྒྲིབ་པ་ཐམས་ཅད་ནི་ཐོག་མར་ལས་ཀྱི་སྒྲིབ་པ། དེ་ནས་ཉོན་མོངས་པའི་སྒྲིབ་པ་དང་། མཐར་ཤེས་བྱའི་སྒྲིབ་པ་སྤོང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཤེས་བྱའི་སྒྲིབ་པ་སྔོན་ལ་སྤོང་བ་ཡང་ཡོད་པར་བཞེད་དོ། ༡༦ །ཚད་མ་ནི་མུ་སྟེགས་ཀྱི་རིག་བྱེད་དང་ཐུན་མོང་དུ་གྱུར་པས་སངས་རྒྱས་ཀྱི་ཆོས་སུ་མི་འགྱུར་བར་འདོད་པ་ཡོད་མོད་ཀྱི། འདིར་ནི་ཚད་མ་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་སུ་བཞེད་དོ། ༡༧ །ཚད་མ་ནི་གྲུབ་མཐའ་ངན་པ་སུན་འདོན་པ་ཉིད་ཡིན་པ་ལས་ཚད་མའི་འབྲས་བུ་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཚད་མའི་འབྲས་བུ་ཆོས་ཉིད་སྟོང་པ་ཉིད་སྟོན་པར་བཞེད་དོ། ༡༨ །གྲུབ་མཐའ་སྣ་ཚོགས་སུན་འདོན་པར་བྱེད་པ་རྒྱ་གར་གྱི་མུ་སྟེགས་ལ་སོགས་པ་ལ་དགོས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་གྲུབ་མཐའ་འཛིན་པ་ཐམས་ཅད་རང་རྒྱུད་པར་བཞེད་དོ། ༡༩ །མུ་སྟེགས་ཀྱི་ལྟ་སྤྱོད་སྒྲུབ་པ་ཐམས་ཅད་སྤང་བྱ་འབའ་ཞིག་ཏུ་འདོད་པ་ཡོད་མོད་ཀྱི། འདིར་ནི་མུ་སྟེགས་པ་ལ་ཡང་གཤིས་ཀྱི་དགེ་བའི་བསྒྲུབ་བྱ་མང་པོ་ཡོད་པར་བཞེད་དོ། ༢༠ །ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་ཁྱད་པར་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ལ་སོགས་པ་ཁྱད་པར་སྣ་ཚོགས་སུ་འདོད་པ་ཡིན་མོད་ཀྱི༑ འདིར་ནི་ཕྱི་ནང་གི་ཁྱད་པར་སྐྱབས་སུ་འགྲོ་བར་བཞེད་དོ། ༢༡ །ཐེག་པ་ཆེ་ཆུང་གི་ཁྱད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པས་ལམ་བགྲོད་པའི་ཁྱད་པར་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐེག་པ་ཆེ་ཆུང་གི་ཁྱད་པར་སེམས་བསྐྱེད་དུ་བཞེད་དོ། ༢༢ །མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གསང་བ་སྔགས་ཀྱི་ཁྱད་པར་རྒྱུ་དང་འབྲས་བུ་ལམ་དུ་བྱེད་པ་ལ་སོགས་པ་ཐ་དད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྔགས་མཚན་ཉིད་ཀྱི་ཁྱད་པར་དབང་དུ་བཞེད་དོ། ༢༣ །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་གཉིས་གང་རུང་རེས་བྱང་ཆུབ་ཐོབ་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྔགས་མཚན་ཉིད་གང་མེད་ཀྱང་རྫོགས་པའི་བྱང་ཆུབ་མི་འཐོབ་པར་བཞེད་དོ། ༢༤ །སྡོམ་པ་གསུམ་པོ་དགེ་བ་དང་མི་དགེ་བ་སོ་སོར་ཉམས་སུ་ལེན་པར་འདོད་པ་མང་མོད་ཀྱི། འདིར་ནི་སྡོམ་པ་གསུམ་སྤང་བྱ་མི་དགེ་བའི་ཕྱོགས་སྤོང་བར་གནད་གཅིག་ཏུ་བཞེད་དོ། ༢༥ །བསྲུང་རྒྱུ་མི་མཐུན་པ་ཉིད་ཀྱིས་སྡོམ་པ་གསུམ་གྱི་ཁྱད་པར་དུ་འགྲོ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་བདག་པོ་འཕོས་པས་སྡོམ་པ་གསུམ་དུ་འོང་བར་བཞེད་དོ། ༢༦ །བདེ་བར་གཤེགས་པའི་སྙིང་པོ་ཁམས་རང་བཞིན་རྣམ་དག་ནི་སྟོང་པ་ཉིད་དུ་སྟོན་པ་ཡིན་མོད་ཀྱི། འདིར་ནི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་བྲལ་འབྲས་ཡོན་ཏན་ལྷག་པར་བཞེད་དོ། ༢༧ །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ཐེག་པ་གསུམ་གྱི་ལམ་ཁོ་ནར་སྟོན་པ་ཡིན་མོད་ཀྱི། འདིར་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བདེ་བར་གཤེགས་པའི་སྙིང་པོར་ཡོད་པར་བཞེད་དོ། ༢༨ །ཚད་མེད་པ་བཞི་འཇིག་རྟེན་པའི་ཏིང་ངེ་འཛིན་ཁོ་ནར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཚད་མེད་པ་བཞི་དེ་བཞིན་གཤེགས་པའི་སྙིང་པོ་དེ་སངས་རྒྱས་ཀྱི་ངོ་བོ་ཡིན་པར་བཞེད་དོ། ༢༩ །ཐེག་པ་རྣམ་པ་གསུམ་ནི་རྒྱུ་དང་ལམ་ཐ་དད་ཅིང་འབྲས་བུ་ཐ་དད་གསུམ་དུ་ངེས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐེག་པ་ཐམས་ཅད་རིགས་གཅིག་ཐེག་པ་གཅིག་ཏུ་བཞེད་དོ། ༣༠ །ཉན་ཐོས་དང་ལོག་སྲེད་ཅན་སངས་རྒྱས་མི་ཐོབ་པ་དང་ཉན་ཐོས་གཏན་གྱི་གེགས་སུ་གསུངས་པ་ཡོད་མོད་ཀྱི། འདིར་ནི་ཐུབ་པའི་དགོངས་པས་ལོག་སྲེད་ཅན་དང་ཉན་ཐོས་ཀྱང་མཐར་བྱང་ཆུབ་ཆེན་པོར་འགྱུར་བར་བཞེད་དོ། །ཆོས་ཀྱི་འཁོར་ལོ་སྤྱིའི་གནད་བསྡུས་ཀྱི་ཚོམས་རྡོ་རྗེའི་གསུང་སུམ་ཅུ་པ་སྟེ་སྐབས་དང་པོའོ།། ༈ །། ༡ དགེ་བ་དང་མི་དགེ་བ་ལུང་མ་བསྟན་གསུམ་དུ་བཤད་མོད་ཀྱི། འདིར་ནི་དགེ་མི་དགེ་གཉིས་སུ་ཐག་བཅད་ན་ལུང་མ་བསྟན་མེད་པར་བཞེད་དོ༑ ༢ ༑རྟོག་པ་མང་པོའམ་ཆོས་ཐ་དད་གཅིག་ཆར་འབྱུང་བར་འདོད་དོ་ཞེས་སྨྲ་བ་མང་མོད་ཀྱི། འདིར་ནི་རྟོག་གཉིས་གཅིག་ཆར་མི་འཇུག་ཅིང་སེམས་པར་འགྲོགས་ནས་མི་སྐྱེ་བར་བཞེད་དོ། ༣ །སེམས་གཞིར་གྱུར་པ་ལ་ཁྱད་པར་གྱི་ཆོས་སེམས་ལས་བྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སེམས་ལས་བྱུང་བ་ལས་སེམས་འབྱུང་བར་བཞེད་དོ། ༤ །འཁོར་བར་འཁོར་བ་ནི་སེམས་ཁོ་ན་ཡིན་པར་འདོད་མོད་ཀྱི། འདིར་ནི་འཁོར་བར་ལུས་འཁོར་བར་བཞེད་དོ། ༥ །རྟེན་འབྲེལ་བཅུ་གཉིས་ལ་མ་རིག་པ་ཆ་གཅིག་ཏུ་འདོད་པ་ཡིན་མོད་ཀྱི། འདིར་ནི་རྟེན་འབྲེལ་བཅུ་གཉིས་མ་རིག་པའི་གཡོས་སུ་བཞེད་དོ། ༦ །རྟེན་འབྲེལ་བཅུ་གཉིས་ནི་ཆ་གསུམ་དུམ་བུ་གསུམ་དུ་རྫོགས་པར་འདོད་མོད་ཀྱི། འདིར་ནི་རྟེན་འབྲེལ་བཅུ་གཉིས་སྐད་ཅིག་མ་གཅིག་ལ་ཚང་བར་བཞེད་དོ། ༧ །ལོ་ཀའི་ཁམས་ཀྱི་ཚད་སྣ་ཚོགས་དང་བྱུང་ཚུལ་མི་འདྲ་བ་དག་ནི་ངེས་པ་མེད་པར་གསུངས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སེམས་ཐ་དད་པའི་དབང་གིས་སྣང་བ་ཡང་ཐ་དད་པར་བཞེད་དོ། ༨ །བདེ་སྡུག་ཐམས་ཅད་ནི་སྔོན་གྱི་ལས་ཁོ་ན་ལ་རག་ལས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ད་ལྟ་ཉིད་དུ་གང་བསྒྲུབས་པའི་འབྲས་བུ་ལ་ལོངས་སྤྱོད་པར་བཞེད་དོ། ༩ །འཕེལ་འགྲིབ་ཀྱི་དུས་ནི་རང་བཞིན་གྱིས་བྱུང་བ་ལ་ཐབས་ཀྱིས་མི་ཕན་པར་འདོད་མོད་ཀྱི། འདིར་ནི་དུས་ཀྱི་འཕེལ་བ་དང་འགྲིབ་པ་ད་ལྟ་རང་ཡང་བྱར་ཡོད་པར་བཞེད་དོ། ༡༠ །ད་ལྟར་གྱི་དུས་སུ་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་བ་མ་གཏོགས་པ་མཐོང་ཆོས་མི་འབྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཚེ་འདི་རང་ལ་མཐོང་ཆོས་གཙོར་འབྱུང་བར་བཞེད་དོ། ༡༡ །མི་ཆོས་བཅུ་དྲུག་ལ་སོགས་པ་ནི་མི་ཆོས་ཡིན་ལ། ལྷ་ཆོས་དེ་ལས་གཞན་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་མི་ཆོས་བཅུ་དྲུག་ལ་སོགས་པ་ཡང་ལྷ་ཆོས་དང་གཅིག་ཡིན་པར་བཞེད་དོ། ༡༢ །བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས་འབྲས་བུའི་དུས་སྔོན་དུ་སོང་བས་ཕྱི་ནས་འབྲས་བུ་ཐོབ་པར་མི་འབྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཕལ་ཆེ་ཆུང་ལས་འབྲས་བུ་ཐོབ་པ་རྒྱུན་མ་ཆད་པར་འབྱུང་བར་བཞེད་དོ༑ ༡༣ ༑བསླབ་པ་གསུམ་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྔོན་དུ་འགྲོ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྔོན་དུ་འགྲོ་བ་ཡང་ཡོད་པར་བཞེད་དོ། ༡༤ །བསྟན་པ་དང་ལམ་གྱི་རིམ་པ་ཐམས་ཅད་རིམ་གྱིས་ཉམས་སུ་བླང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ལམ་རིམ་ཐམས་ཅད་ཐུན་གཅིག་གི་ནང་དུ་ཉམས་སུ་བླང་བར་བཞེད་དོ། ༡༥ །ཞིང་གཅིག་ཏུ་སངས་རྒྱས་གཅིག་ལས་མི་འབྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སངས་རྒྱས་མང་པོ་ཞིང་གཅིག་ཏུ་རྒྱུན་མི་འཆད་པར་འབྱུང་བར་བཞེད་དོ། །རྟེན་འབྲེལ་ཀུན་ལ་ཕན་པ་ལས་རྡོ་རྗེའི་གསུང་བཅོ་ལྔ་པ་སྟེ་སྐབས་གཉིས་པའོ།། ༈ །། ༡ འགའ་ཞིག་གི་ལུགས་ཀྱིས་དམ་པའི་ཆོས་འདུལ་བའི་སྡེ་སྣོད་འདི་ཐེག་པ་ཆུང་ངུར་འདོད་པ་མང་མོད་ཀྱི། འདིར་ནི་འདུལ་བ་ཐེག་པ་ཐུན་མོང་ཡིན་པར་བཞེད་དོ། ༢ །འདུལ་བ་ནི་ཐེག་པ་ཆུང་ངུ་འབའ་ཞིག་ཏུ་ངེས་པས་ཐེག་པ་ཆེན་པོ་མ་ཡིན་པར་འདོད་པ་མང་མོད་ཀྱི། འདིར་ནི་ལྷག་པར་ཐེག་པ་ཆེན་པོར་བཞུགས་པ་གསལ་བར་བཞེད་དོ། ༣ །དགག་སྒྲུབ་ཀྱི་བསླབ་པའི་ཚུལ་ཁྲིམས་ནི་ཉན་ཐོས་ཀྱི་ཆོས་སུ་འདོད་པ་ཡིན་མོད་ཀྱི། འདིར་ནི་ཚུལ་ཁྲིམས་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནར་བཞེད་དོ། ༤ །བར་དུ་གཅོད་པའི་ཆོས་དང་ལྡན་པ་རྣམས་ལ་སྡོམ་པ་སྐྱེ་བར་མི་འགྱུར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་དགེ་སྦྱོང་གི་འབྲས་བུ་ཐོབ་པའི་བར་ཆད་ལས་སྡོམ་པ་སྐྱེ་བའི་བར་ཆད་མ་ཡིན་པར་བཞེད་དོ། ༥ །སྡོམ་པའི་ངོ་བོ་ནི་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ལ་སོགས་པ་འདོད་ལུགས་ལེགས་པར་འདོད་པ་མང་མོད་ཀྱི། འདིར་ནི་སྡོམ་པའི་ངོ་བོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་བཞེད་དོ། ༦ །ལྟུང་བ་ཐམས་ཅད་ལ་འདུ་ཤེས་གཙོ་བ་དང་དངོས་པོ་གཙོ་བ་གཉིས་སུ་འདོད་མོད་ཀྱི། འདིར་ནི་ལྟུང་བ་མཐའ་དག་ལ་བཅས་པ་བས་འདུ་ཤེས་གཙོ་བར་འགྱུར་བར་བཞེད་དོ། ༧ །སོ་སོར་ཐར་པའི་སྡོམ་པ་ནི་སྤོང་བ་བདུན་འཁོར་དང་བཅས་པར་འདོད་མོད་ཀྱི། འདིར་ནི་ཡིད་ཀྱི་རྣམ་པ་གསུམ་གཙོ་བོར་སྤང་དགོས་པར་བཞེད་དོ། ༨ །འཆི་འཕོ་ལ་སོགས་པས་སྡོམ་པ་གཏོང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་གཏོང་བའི་རྒྱུ་དེ་དག་གིས་མི་གཏོང་བ་ཡང་ཡོད་པར་བཞེད་དོ། ༩ །ཕམ་པ་གཅིག་བྱུང་ནས་སྡོམ་པ་ཐམས་ཅད་འཇིག་སྟེ། དགེ་སྦྱོང་དུ་མི་རུང་བར་འདོད་པ་ཡིན་མོད་ཀྱི༑ འདིར་ནི་བུ་ལོན་ནོར་ཅན་གྱི་འདོད་པ་ལྟར་བཞེད་དོ། ༡༠ །ལྟུང་བ་གཅིག་བྱུང་ན་དེའི་ཉེས་པས་ངན་འགྲོར་ལྟུང་བ་ལས་གཞན་དུ་མི་འགྱུར་རོ་ཞེས་འཆད་མོད་ཀྱི། འདིར་ནི་སྣ་གཅིག་བསྲུངས་པའི་འབྲས་བུས་ཀྱང་མྱ་ངན་ལས་འདའ་བ་ཡིན་པར་བཞེད་དོ། ༡༡ །རང་བཞིན་མི་གནང་བཀག་པ་ཡིན་ཅིང་བཅས་པ་ལ་ནི་གནང་བཀག་གི་སྐབས་ཡོད་པར་འདོད་པ་མང་མོད་ཀྱི། འདིར་ནི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་པར་བཞེད་དོ། ༡༢ །རང་བཞིན་ཡོད་མེད་ཀྱི་སྡིག་པ་དང་ལྟུང་བ་ཐ་དད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྡིག་པ་དང་ལྟུང་བ་ཐ་དད་མེད་ཅིང་གཅིག་པར་བཞེད་དོ། ༡༣ །བཅས་པ་ནི་བཅས་པའི་རྟེན་ཅན་དགེ་སློང་དགེ་བསྙེན་ཁོ་ན་ལ་བཅས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་བཅས་པ་ཐམས་ཅད་འགྲོ་དྲུག་སྤྱི་ལ་བཅས་པར་བཞེད་དོ། ༡༤ །འགྲོ་བ་གཞན་དག་ལ་བཅས་པ་ལས་འདས་ཀྱང་ཉེས་པ་མེད་པར་འདོད་པ་ཡིན་མོད་ཀྱི༑ འདིར་ནི་འགྲོ་དྲུག་གང་གིས་བཅས་པ་ལས་འདས་ཀྱང་ཉེས་དམིགས་འབྱུང་བར་བཞེད་དོ། ༡༥ །བསླབ་པ་བླངས་པས་བཅས་པ་བསྲུངས་ན་ཕན་ཡོན་དུ་འགྱུར་ལ། གཞན་ལ་མ་ཡིན་པར་འདོད་པ་ཡིན་མོད་ཀྱི༑ འདིར་ནི་འགྲོ་དྲུག་གང་གིས་བསྲུངས་ཀྱང་ཕན་ཡོན་ཆེ་བར་བཞེད་དོ། ༡༦ །བཅས་པ་ནི་རྐྱེན་ལ་ལྟོས་པས་དགག་བཅས་ནི་གནང་བའི་ཚེ་ན་ཉེས་མེད་དུ་འགྱུར་བར་འདོད་པ་ཡོད་མོད་ཀྱི། འདིར་ནི་བཀག་པ་ཉེས་མེད་དུ་འགྱུར་མི་སྲིད་པས་སྤྱིར་བཀག་པ་ཐམས་ཅད་ཡེ་བཀག་ལ་གནང་བ་ཡེ་གནང་དུ་བཞེད་དོ། ༡༧ །ཆོ་ག་མེད་པར་བསྲུངས་ཀྱང་ཆོག་པར་འདོད་པ་འགའ་ཞིག་འབྱུང་ངོ་ཞེས་གྲགས་མོད་ཀྱི། འདིར་ནི་བསྟན་པ་ལ་ཐབས་ལ་མཁས་པའི་ཆོ་ག་ལྷག་པར་གལ་ཆེ་བར་བཞེད་དོ། ༡༨ །ཉེས་པ་ཐམས་ཅད་ནི་ཆགས་པ་དང་ཁྱད་པར་དུ་ཞེ་སྡང་ཆེ་བར་འདོད་ལ་མི་ཤེས་པ་ཆུང་ངུར་བཤད་མོད་ཀྱི། འདིར་ནི་མི་ཤེས་པ་གཏི་མུག་ལྷག་པར་ཉེས་པ་ཆེ་བར་བཞེད་དོ། ༡༩ །ངན་འགྲོའི་གནས་ནི་དམྱལ་བ་དམན་ལ་དུད་འགྲོ་མཐོ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་དུད་འགྲོ་གཏི་མུག་ཆེ་བས་དམན་པར་འགྱུར་བར་བཞེད་དོ། ༢༠ །བསླབ་པ་བླངས་པས་ཉེས་པ་སྤྱད་པ་ནི་ལྕི་ལ། གདོད་ནས་མ་ཐོབ་པ་ནི་ཉེས་པ་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཉམས་པའི་ཉེས་པ་བས་མ་ཐོབ་པ་ཉེས་པ་ཆེ་ཞིང་ལྕི་བར་བཞེད་དོ། །འདུལ་བ་སོ་སོར་ཐར་པའི་གནད་བསྡུས་ལས་རྡོ་རྗེའི་ཚིག་ཉི་ཤུ་ཐམ་པ་སྟེ། ཚོམས་སམ་སྐབས་གསུམ་པའོ།། ༈ །། ༡ ཐེག་པ་ཆེན་པོ་ནི་སྙིང་རྗེས་ཁྱད་པར་དུ་བྱས་པས་སྙིང་རྗེ་ལ་བྱང་ཆུབ་ཀྱི་སེམས་སུ་འདོད་པ་མང་མོད་ཀྱི། འདིར་ནི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཐ་དད་པ་ཡིན་པར་བཞེད་དོ། ༢ །བྱང་ཆུབ་ཀྱི་སེམས་ནི་སྐྱེ་བའི་ངེས་པ་མེད་པས་སྡོམ་པ་རྟེན་ཅན་མ་ཡིན་པར་འདོད་པ་ཡོད་མོད་ཀྱི། འདིར་ནི་ཐུགས་ཉམས་སུ་མྱོང་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྟེན་ཅན་དུ་བཞེད་དོ། ༣ །འཇུག་པའི་སྡོམ་པ་ནི་ས་ཐོབ་ནས་སྐྱེ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སོ་སོ་སྐྱེ་བོ་ལ་ཡང་འཇུག་པ་སྐྱེ་བར་བཞེད་དོ། ༤ །སྡོམ་པ་གསུམ་པོ་མཐའ་དག་མ་ཐོབ་ན་འཇུག་སྡོམ་དུ་མི་འགྱུར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཅི་རིགས་ཀྱི་ཚུལ་ཁྲིམས་ཀྱིས་ཀྱང་སྡོམ་པར་འགྱུར་བར་བཞེད་དོ། ༥ །བྱང་ཆུབ་སེམས་དཔའི་ལྟུང་བ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་མ་ཡིན་པ་གཉིས་སུ་འདོད་པ་ཡིན་མོད་ཀྱི། འདིར་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལྟུང་བ་མེད་པར་བཞེད་དོ། ༦ །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་དགེ་བར་འགྱུར་བས་མི་དགེ་བ་རྣམས་གནང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཉེས་པར་མི་འགྱུར་བའི་མི་དགེ་བ་གནང་བ་མེད་པར་བཞེད་དོ། ༧ །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ནི་མི་དགེ་བ་སྤྱོད་པ་ལ་ཟེར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐབས་ལ་མཁས་པའི་སྤྱོད་པ་ལ་མི་དགེ་བ་མེད། ཡོད་ན་མི་དགེ་བ་དེའི་འབྲས་བུ་དེ་ཉིད་དུ་འབྱུང་བར་འགྱུར་བར་བཞེད་དོ། ༨ །སྙིང་རྗེ་ཆེན་པོས་གཞན་དོན་དུ་སྨོན་ལམ་འདེབས་པ་དང་རང་གཞན་གྱི་སྡུག་བསྔལ་བརྗེ་བར་གསུངས་པ་ཡིན་མོད་ཀྱི། འདིར་ནི་ཐབས་ལ་མ་མཁས་ན་རང་གཞན་བརྗེ་བ་དེ་ཉིད་ཉེས་པར་འགྱུར་བའི་སྐབས་ཡོད་པར་ཡང་བཞེད་དོ། ༩ །ཡུལ་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པའི་རྒྱུ་འབྲས་བུ་བདེ་བར་འབྲེལ་བར་འདོད་པ་ཡིན་མོད་ཀྱི༑ འདིར་ནི་གནོད་པའི་རྒྱུས་བྱང་ཆུབ་སེམས་དཔའི་གནོད་པ་ལ་བདེ་བ་འབྲེལ་མི་སྲིད་པར་བཞེད་དོ། ༡༠ །འཕེན་བྱེད་དགེ་བས་འཕངས་ནས་རྫོགས་བྱེད་མི་དགེ་བས་རྫོགས་པས་རྒྱུ་འབྲས་ཐ་དད་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་རྒྱུ་འབྲས་མི་འདྲེ་བར་དགེ་མི་དགེའི་འབྲས་བུ་ངེས་པར་སོ་སོར་འབྱུང་བར་བཞེད་དོ། ༡༡ །ནག་པོའི་ཆོས་བཞི་ལ་སོགས་པ་ཕམ་པ་དང་འདྲ་བའི་ཉེས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འཆོར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་བརྗེད་པར་འགྱུར་བ་ལས་བྱང་ཆུབ་ཀྱི་སེམས་འཆོར་མི་སྲིད་པར་བཞེད་དོ། ༡༢ །སྒྲིབ་པ་གསུམ་ཐ་དད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྒྲིབ་པ་གསུམ་ཉོན་མོངས་ཀྱི་སྒྲིབ་པ་འབའ་ཞིག་ཏུ་གཅིག་པར་བཞེད་དོ། ༡༣ །ཆོས་ཉིད་ཀྱི་བདེན་པ་ནི་གྲུབ་མཐའ་ངན་པ་བཀག་ནས་བཟང་པོ་ཁོང་དུ་ཆུད་པས་རྟོགས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་བདེན་པ་ནི་གྲུབ་པའི་མཐའ་ཇི་སྙེད་པ་ཐམས་ཅད་ཀྱིས་སྒྲིབ་པར་བཞེད་དོ། ༡༤ །ཉན་ཐོས་ཀྱི་གྲུབ་མཐའ་ནི་བདེན་པ་མ་ཡིན་པར་འདོད་མོད་ཀྱི། འདིར་ནི་ཉན་ཐོས་ཀྱི་གྲུབ་མཐའ་ཡང་ཕྱོགས་གཅིག་བབས་ཀྱི་གནས་ལུགས་རྟོགས་པར་བཞེད་དོ། ༡༥ །སེམས་ཙམ་གྱིས་ནི་ཆོས་ཉིད་སྟོང་པ་ཉིད་རྟོགས་པར་མི་ནུས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སེམས་ཙམ་པ་ནི་ས་བདུན་གྱིས་མངོན་རྟོགས་རིང་དུ་སོང་བར་བཞེད་དོ། ༡༦ །ས་དང་པོ་ནས་བདག་མེད་གཉིས་རྟོགས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཀྱི་བདག་མེད་པ་ས་བརྒྱད་པ་ལ་མངོན་དུ་བྱས་ཏེ་མི་འགལ་བར་བཞེད་དོ། ༡༧ །མངོན་པར་རྟོགས་པ་མཐོང་ལམ་དང་དཔའ་བར་འགྲོ་བ་ལ་སོགས་པའི་རིམ་པ་ཐ་དད་ཀྱིས་ལམ་བགྲོད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྟོགས་པ་གཅིག་གིས་ས་ལམ་མ་ལུས་པ་བགྲོད་པར་བཞེད་དོ། ༡༨ །ས་ཐོབ་མ་ཐག་ཏུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་འབྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ས་སྦྱངས་པའི་ཡོན་ཏན་འབྱུང་བའི་ཚུལ་མུ་དྲུག་ལ་སོགས་པར་བཞེད་དོ། ༡༩ །རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་འབྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྒྱུ་ལམ་འབྲས་བུ་ཐམས་ཅད་དུ་ཚོགས་གཉིས་ཟུང་དུ་འཇུག་པར་བཞེད་དོ། ༢༠ །ས་དང་པོ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མ་མཐོང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ས་དྲུག་མན་ཆད་ཉན་ཐོས་དང་རང་སངས་རྒྱས་དང་མངོན་རྟོགས་ཐུན་མོང་དུ་བཞེད་དོ། ༢༡ །ཐེག་པ་ཆེ་ཆུང་གི་བྱེ་བྲག་གིས་ཚོགས་གསོག་པའི་ཞིང་ལ་ཁྱད་པར་ཡོད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་མཐོ་དམན་གང་དུ་ཡང་ཞིང་ཡར་བདམ་པ་གནད་ཟབ་པར་བཞེད་དོ། ༢༢ །བདག་འཛིན་མེད་པས་འཁོར་བ་ལས་འདའ་བས་བདག་འཛིན་སྤོང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་བསོད་ནམས་ཀྱི་ཚོགས་གསོག་པ་ལ་ཆེད་དུ་བདག་ཏུ་བཟུང་ནས་ཚོགས་བསགས་ན་ཐབས་མཁས་པར་བཞེད་དོ། ༢༣ །དགེ་བའི་རྩ་བ་རང་གིས་ཅི་ལྟར་བྱས་པའི་བསྔོ་བ་བྱེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་འཁོར་འདས་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྔོ་བར་བཞེད་དོ། ༢༤ །སངས་རྒྱས་དང་བླ་མ་དམ་པ་ལ་བསྔོ་བ་མི་དགོས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཕྲིན་ལས་རྫོགས་པར་འགྲོ་བས། སངས་རྒྱས་དང་བླ་མ་ལ་ཡང་བསྔོ་བ་དགོས་པར་བཞེད་དོ། །བསླབ་པ་བྱང་ཆུབ་སེམས་དཔའི་གནད་བསྡུས་ཀྱི་ཚོམས་རྡོ་རྗེའི་ཚིག་རྐང་ཉེར་བཞི་པ་སྟེ་སྐབས་བཞི་པའོ།། ༈ །།༡ སྔགས་ནི་བསྟན་པ་གཞན་ལ་མི་འབྱུང་བར་གསུང་མོད་ཀྱི། འདིར་ནི་གདུལ་བྱའི་ཁྱད་པར་ལས་སྔགས་ནི་བསྟན་པ་གཞན་ལ་ཡང་འབྱུང་བར་བཞེད་དོ། ༢ །གསང་སྔགས་ཀྱི་དབང་ཐོབ་པའི་གོ་བ་ཆོ་གས་བསྐུར་བ་ལ་བྱེད་མོད་ཀྱི། འདིར་ནི་མཚན་ཉིད་ལྡན་པའི་བླ་མས་བསྐུར་བའི་དབང་གི་དོན་རྒྱུད་ལ་སྐྱེས་ན་ཐོབ་པར་བཞེད་དོ། ༣ །དཀྱིལ་འཁོར་གྱི་འཁོར་ལོ་རིགས་ཐ་དད་མ་ཚང་ན་དབང་བསྐུར་དུ་མི་འགྲོ་བར་འདོད་པ་ཡོད་མོད་ཀྱི། འདིར་ནི་ལྷ་ཕྱོགས་གཅིག་པས་ཀྱང་དབང་བསྐུར་དུ་འགྲོ་བར་བཞེད་དོ། ༤ །དབང་གསུམ་པ་དཔེ་དོན་མི་མཐུན་པར་བསྟན་པ་མང་མོད་ཀྱི། འདིར་ནི་དཔེ་དོན་རྟོགས་པ་མ་སྐྱེས་ན་དོན་ཁོང་དུ་མི་ཆུད་པར་བཞེད་དོ། ༥ །བསྐྱེད་རིམ་མ་ཡིན་པ་ལ་བརྟགས་པ་ཀུན་བཏགས་སུ་འདོད་པ་ཡིན་མོད་ཀྱི། འདིར་ནི་བསྐྱེད་རིམ་ནི་ཡོངས་སུ་གྲུབ་པར་བཞེད་དོ། ༦ །སྔ་མའི་ལས་འཕྲོ་སད་པའི་ཏིང་ངེ་འཛིན་རང་བྱུང་དུ་འབྱུང་བ་ལ་སོགས་པ་ལ་འཇུག་པའི་ཆོ་ག་མི་དགོས་པས་དེ་ཉིད་ཉམས་སུ་བླངས་པས་ཆོག་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རང་བྱུང་རྣམས་ལ་འཇུག་པའི་ཆོ་ག་གལ་ཆེ་བར་བཞེད་དོ། ༧ །སྔགས་ཀྱི་ལྷ་རྣམས་ཞལ་ཕྱག་ཐ་དད་པ་གདུལ་བྱ་དང་འདྲ་བར་འདོད་མོད་ཀྱི། འདིར་ནི་ལྷ་ཐམས་ཅད་མཚན་དཔེའི་ཡོན་ཏན་དང་ལྡན་པར་བཞེད་དོ། ༨ །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྐུ་མཐོང་བ་གཙོ་བོར་བྱེད་པ་མང་མོད་ཀྱི། འདིར་ནི་ལྷ་ལ་སོགས་པ་མདོ་རྒྱུད་དུ་གསུངས་པ་གཙོར་བྱ་དགོས་པར་བཞེད་དོ། ༩ །སྐད་ཅིག་དྲན་རྫོགས་བསྒོམ་པ་ནི་དབང་པོ་རབ་ཡིན་ལ། ཆོ་ག་མང་པོ་ནི་ཐ་མ་ཡིན་པས་ཆེད་མི་ཆེ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་དབང་པོ་རབ་ལ་ཆོ་ག་རྒྱས་པ་ཐམས་ཅད་ལྷག་པར་དགོས་ཤིང་གལ་ཆེ་བར་བཞེད་དོ། ༡༠ །ཆོ་ག་རྒྱས་པ་ཐམས་ཅད་ནི་དྲང་དོན་དུ་སྤྲོས་པ་ལ་དགའ་བ་ལ་གསུངས་པ་ཡིན་མོད་ཀྱི། འདིར་ནི་སྤྲོས་པ་ཐམས་ཅད་བབས་ཀྱི་རྟེན་འབྲེལ་དུ་འབྱུང་བར་བཞེད་དོ། ༡༡ །རྡོ་རྗེ་ལུས་ཀྱི་གནས་ལུགས་ནི་རྩ་རླུང་ཐིག་ལེ་བྱང་ཆུབ་སེམས་ལ་འདོད་མོད་ཀྱི། འདིར་ནི་རྡོ་རྗེ་ལུས་ཀྱི་གནས་ལུགས་ནི་ཟབ་མོའི་འཁོར་ལོར་བཞེད་དོ། ༡༢ །རྩ་རླུང་བྱང་ཆུབ་སེམས་ཀྱི་གནས་ལུགས་ཀྱང་གཞུང་དུ་བཤད་པ་ལྟར་འདོད་མོད་ཀྱི། འདིར་ནི་གནས་ལུགས་འགའ་ཞིག་རྡོ་རྗེ་འཆང་གིས་སྦས་པར་བཞེད་དོ། ༡༣ །ཁྱད་པར་དུ་རྩ་རླུང་ནི་གསང་སྔགས་ཁོ་ན་ཟབ་མོ་ཡིན་མོད་ཀྱི། འདིར་ནི་འདུག་ཚུལ་དང་ལས་འགའ་ཞིག་སྨན་ཟབ་པར་བཞེད་དོ། ༡༤ །སྡོམ་པ་གསུམ་ལ་སོགས་པ་བས་རྩ་རླུང་གི་མན་ངག་དང་གདམས་ཆུང་ཟབ་པར་འདོད་མོད་ཀྱི། འདིར་ནི་གཞན་གྱི་མི་ཟབ་པ་ཟབ་པར་བཞེད་དོ། ༡༥ །ཟབ་མོ་རྩ་རླུང་གིས་བསྒྲུབས་པའི་འབྲས་བུ་སྐུ་དེ་ཡོངས་སུ་འགྱུར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་མི་ཟབ་པའི་གདམས་ངག་མེད་ན་ཟབ་མོ་རྩ་རླུང་གིས་སངས་མི་རྒྱ་བར་བཞེད་དོ། ༡༦ །བཀའ་དང་བསྟན་བཅོས་རྣམས་ལས་མ་བཤད་པ་ཞིག་མྱོང་ངམ་རྟོགས་ན་ཁྱད་ཆོས་སུ་འདོད་པ་ཡོད་མོད་ཀྱི། འདིར་ནི་བདེ་བར་གཤེགས་པའི་བཀའ་དང་འགལ་བའི་ཉམས་མྱོང་ནི་ལོག་རྟོག་ཏུ་བཞེད་དོ། ༡༧ །དྲང་དོན་དང་ངེས་དོན་ཐ་དད་དུ་རྟོགས་པས་ཕྱོགས་རེ་རེ་མཐུན་པས་ཆོག་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་བཀའི་དགོངས་པ་ཐམས་ཅད་དང་འགལ་མེད་དུ་འགྲོ་དགོས་པར་བཞེད་དོ། ༡༨ །ཉམས་སུ་བླངས་པའི་སྐྱོན་ཡོན་ནི་གདམས་ངག་ཟབ་མོ་རྣམས་ཁོ་ན་ལྟར་འབྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་གདམས་ངག་ལྟར་མི་འོང་བཀའ་ལྟར་འོང་བར་བཞེད་དོ། ༡༩ །སྐུ་གསུམ་གྱི་རྒྱུ་ནི་སྐྱོན་མེད་པའི་ཏིང་ངེ་འཛིན་དུ་འདོད་མོད་ཀྱི། འདིར་ནི་སྐྱོན་མེད་ཀྱི་ཏིང་ངེ་འཛིན་གསུམ་ཁམས་གསུམ་འཁོར་བའི་རྒྱུར་བཞེད་དོ༑ ༢༠ ༑ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་སྤྲུལ་པའི་སྐུ་དང་ལོངས་སྐུ་ལ་སོགས་པ་སྐུ་གསུམ་ཐ་དད་པར་བཤད་མོད་ཀྱི། འདིར་ནི་སྐུ་གསུམ་རེ་རེ་ཡང་སྐུ་གསུམ་ཀའི་བདག་ཉིད་དུ་བཞེད་དོ། ༢༡ །སྔགས་ནི་རྡོ་རྗེ་འཆང་གི་དགོངས་པ་ཡིན་པས་ཐུབ་པའི་དགོངས་པ་འདུལ་བ་མི་དགོས་པར་འདོད་པ་མང་མོད་ཀྱི། འདིར་ནི་སྔགས་ལ་ཚུལ་ཁྲིམས་མེད་ཁ་མེད་དུ་བཞེད་དོ། ༢༢ །གསང་སྔགས་ནི་འདོད་པ་སྤྱོད་པས་གྲུབ་པར་གསུངས་པ་ཡོད་མོད་ཀྱི། འདིར་ནི་འདོད་པས་བར་དུ་གཅོད་པར་གསུངས་པའི་སྟེང་དུ་གཅིག་པར་བཞེད་དོ། ༢༣ །གསང་སྔགས་ནི་གཞི་ཉོན་མོངས་པ་དུག་གསུམ་བསྒྱུར་བའི་ལམ་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྔགས་ཀྱི་མི་དགེ་བ་དགེ་བར་བསྒྱུར་བའི་གནས་མེད་པར་བཞེད་དོ། ༢༤ །གསང་སྔགས་ནི་མི་དགེ་བ་ཡང་ཐབས་མཁས་པས་སྤྱད་པས་དགེ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་འདུལ་བར་དགེ་བ་དེ་སྔགས་སུ་ཡང་དགེ་ལ་འདུལ་བར་མི་དགེ་བ་དེ་སྔགས་སུ་ཡང་མི་དགེ་བར་འགྱུར་བར་བཞེད་དོ། ༢༥ །ཉོན་མོངས་པ་ནི་སངས་རྒྱས་ཀྱི་རིགས་དང་གདུང་དུ་བཞེད་པ་ཡིན་མོད་ཀྱི། འདིར་ནི་ཉོན་མོངས་པ་དག་པའི་འབྲས་བུ་བདེ་བར་གཤེགས་པ་ཡིན་པར་བཞེད་དོ། ༢༦ །གསང་སྔགས་མངོན་སྤྱོད་ཀྱི་ཕྲིན་ལས་སྡིག་ཏུ་མི་འགྱུར་ཏེ་དགེ་བར་འགྱུར་བས་གནང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྔགས་ཀྱི་མཐུ་བསྟན་པ་ལས་མངོན་སྤྱོད་མ་གནང་བར་བཞེད་དོ། ༢༧ །རྡོ་རྗེ་དམྱལ་བ་ནི་དམྱལ་བ་གཞན་པས་ལྷག་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྡོ་རྗེ་དམྱལ་བ་ནི་མནར་མེད་ལ་སོགས་ཉིད་ཡིན་པར་བཞེད་དོ། ༢༨ །ནམ་མཁའ་མ་ཞིག་གི་བར་དུ་མི་ཐོན་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྡོ་རྗེ་སློབ་དཔོན་རྒྱུད་ཚོད་མཐོ་ན་དེ་ཉིད་ཀྱིས་འདྲོངས་པར་བཞེད་དོ། ༢༨ །གསང་སྔགས་རིག་འཛིན་སྡོམ་པའི་གནད་བསྡུས་ཀྱི་ཚོམས་ལས་རྡོ་རྗེའི་གསུང་ཉེར་བརྒྱད་པ་སྟེ་སྐབས་ལྔ་པའོ།། ༈ །།༡ འགའ་ཞིག་ནི་ཆོས་བརྒྱུད་པ་མེད་པར་འབྱུང་བ་དང༌། ས་ཆོས། གནམ་ཆོས་གཏེར་མ་ལ་སོགས་པ་ཟབ་ཅིང་ངོ་མཚར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་བརྒྱུད་པ་ལས་བརྒྱུད་པའི་ཆོས་ཟབ་ཅིང་ངོ་མཚར་བར་བཞེད་དོ། ༢ །སྣང་བ་སྣ་ཚོགས་སུ་སྣང་བ་རྣམས་ནི་ནང་གི་བློ་དང་མ་འབྲེལ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་བཞེད་དོ། ༣ །འཁོར་འདས་ཀྱི་རྒྱུ་འབྲས་ཐམས་ཅད་ནི་དུས་ཡུན་རིང་པོ་ལ་ལྟོས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཐམས་ཅད་བསམ་པ་སྐད་ཅིག་མའི་རང་གཟུགས་སུ་བཞེད་དོ། ༤ །རང་བཞིན་གཅིག་ཏུ་མ་ངེས་པས་གང་ལྟར་བལྟས་པ་དེ་ལྟར་འགྱུར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་གཤིས་ལ་མི་གནས་ན་བལྟས་པས་མི་འགྱུར་བར་བཞེད་དོ། ༥ །མཚན་ཉིད་དང་མི་ལྡན་པའི་བླ་མས་ཀྱང་ཡོན་ཏན་སྐྱེད་ནུས་པར་འདོད་མོད་ཀྱི༑ འདིར་ནི་མཚན་ཉིད་མི་ལྡན་པའི་བླ་མས་ཡོན་ཏན་བསྐྱེད་མི་ནུས་པར་བཞེད་དོ། ༦ །རྟོགས་པ་སྐྱེ་བའི་ཐབས་མ་ངེས་པ་སྣ་ཚོགས་སུ་འབྱུང་བ་ཡིན་མོད་ཀྱི། འདིར་ནི་རྟོགས་པ་སྐྱེ་བར་བྱེད་པའི་ཐབས་མོས་གུས་ཁོ་ནར་ངེས་པར་བཞེད་དོ། ༧ །དབུ་མ་ཆེན་པོ་ལ་སོགས་པ་ནི་ལྟ་བ་མཐར་ཐུག་ཏུ་འདོད་པ་ཡིན་མོད་ཀྱི། འདིར་ནི་རྟོགས་པ་ཕུལ་དུ་ཕྱིན་པ་ལ་ལྟ་བ་རྟོགས་པ་དང་ལྡན་པར་བཞེད་དོ། ༨ །ཆོས་ཉིད་སྟོང་པ་ཉིད་རྟོགས་པ་ནི་ཆེན་པོ་གསུམ་ཁོ་ན་མཐོ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆེན་པོ་གསུམ་གྱིས་མ་རེག་པའི་རྟོགས་པར་བཞེད་དོ། ༩ །ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་རྟོགས་པ་རྣམས་ནི་རྟོགས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐོས་བསམ་སྒོམ་གསུམ་གྱི་སྟོང་ཉིད་དེ་དག་ཐམས་ཅད་ནི་ཤོར་ས་དང་གོལ་སར་བཞེད་དོ། ༡༠ །སྒོམ་པ་ནི་བདེ་གསལ་མི་རྟོག་པ་ལ་སོགས་པ་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་བྱེད་མོད་ཀྱི། འདིར་ནི་རྟོགས་པའི་ལམ་གོམས་པར་བྱེད་པ་བསྒོམ་པར་བཞེད་དོ། ༡༡ །ལྟ་བ་ནི་ཆོས་ཉིད་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ལ། སྤྱོད་པ་ནི་དགེ་སྡིག་གི་བླང་དོར་དང་བྲལ་བར་འདོད་མོད་ཀྱི། འདིར་ནི་སྤྱོད་པ་བླང་དོར་དང་བྲལ་བ་ཚུལ་ཁྲིམས་རིན་པོ་ཆེར་བཞེད་དོ། ༡༢ །མཐར་ཐུག་ཕྱག་རྒྱ་ཆེན་པོ་དང༌། ཚུལ་ཁྲིམས་གཉིས་ནི་འགལ་བའི་ཆོས་སུ་འདོད་མོད་ཀྱི། འདིར་ནི་ཕྱག་རྒྱ་ཆེན་པོ་དང་ཚུལ་ཁྲིམས་རིན་པོ་ཆེ་གཅིག་པ་མགོན་པོའི་ཁྱད་ཆོས་བླ་ན་མེད་པར་བཞེད་དོ། ༡༣ །ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ་ཐ་དད་པར་འདོད་པ་མང་མོད་ཀྱི། འདིར་ནི་ལྟ་སྒོམ་སྤྱོད་པ་གསུམ་གཅིག་པར་བཞེད་དོ། ༡༤ །ཕྱག་རྒྱ་ཆེན་པོ་ལ་སྐྱོན་ཡོན་གང་ཡང་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཕྱག་རྒྱ་ཆེན་པོ་ཡོན་ཏན་གྱི་བདག་ཉིད་དུ་བཞེད་དོ། ༡༥ །མཉམ་བཞག་ལ་ནི་ཡོན་ཏན་མི་འབྱུང་ལ་རྗེས་ལ་འབྱུང་བར་འདོད་མོད་ཀྱི། འདིར་ནི་མཉམ་བཞག་ཉིད་ལས་ཡོན་ཏན་ཐམས་ཅད་འབྱུང་བར་བཞེད་དོ༑ ༡༦ ༑རྒྱུ་མ་བསྒྲུབས་ཀྱང་ཡོན་ཏན་ཐམས་ཅད་འབྱུང་བར་འདོད་པ་ཡོད་མོད་ཀྱི། འདིར་ནི་རྒྱུ་མ་བསྒྲུབས་ན་ནི་ཐམས་ཅད་མི་འབྱུང་བར་བཞེད་དོ། ༡༧ །སྟོང་ཉིད་རྟོགས་ནས་རྒྱུ་འབྲས་ཟད་པས་ཟད་སར་སྐྱོལ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྟོང་ཉིད་རྟོགས་ནས་སྟོང་པ་ཉིད་རྒྱུ་འབྲས་སུ་འབྱུང་བར་བཞེད་དོ། ༡༨ །རྟོགས་པ་ཡོད་ཕྱིན་ཐབས་ལམ་ལ་སོགས་པ་ལ་དགོས་པ་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྟོགས་པ་དང་ལྡན་པ་ལ་ཐབས་ལམ་ལ་སོགས་པ་ཤིན་ཏུ་ཡང་དགོས་པར་བཞེད་དོ། ༡༩ །རྟོགས་པའི་བོགས་འདོན་པ་ལ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་པ་རྣལ་འབྱོར་པའི་ཆ་ལུགས་ཀྱིས་དུར་ཁྲོད་དུ་རོལ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལྷག་པར་གཅེས་སྤྲས་སུ་བྱེད་པ་རིག་སྤྱོད་ཁྱད་པར་དུ་འཕགས་པར་བཞེད་དོ། ༢༠ །མཉམ་བཞག་ཆེན་པོ་བྷུ་སུ་ཀུ་ནི་མཐར་ཐུག་པའི་སྤྱོད་པ་ཡིན་པར་འདོད་མོད་ཀྱི༑ འདིར་ནི་བྷུ་སུ་ཀུ་ཆོས་གསུམ་མེད་ན་རིག་སྤྱོད་པ་དང་ཁྱད་པར་མེད་པར་བཞེད་དོ། །ཁྱད་པར་ལྟ་སྤྱོད་སྒོམ་པའི་གནད་བསྡུས་ཀྱི་ཚོམས་རྡོ་རྗེའི་གསུང་ཉི་ཤུ་ཐམ་པ་སྟེ་སྐབས་དྲུག་པའོ།། ༈ །།༡ སངས་རྒྱས་ཀྱི་སར་བདེན་པ་གཉིས་ཡོད་པར་འདོད་པ་ཡིན་ཏེ། འདིར་ནི་སངས་རྒྱས་ཀྱི་སར་བདེན་པ་གཉིས་སུ་མེད་པར་བཞེད་དོ། ༢ །སངས་རྒྱས་ཀྱི་ཡེ་ཤེས་ནི་ཡོད་པར་འདོད་པ་དང་མེད་པར་འདོད་པ་གཉིས་ཁོ་ན་ཡིན་མོད་ཀྱི༑ འདིར་ནི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ནར་བཞེད་དོ། ༣ །མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་སྒྱུ་མ་ལྟ་བུ་ཡིན་པས་སྒྱུ་མ་ཡོད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྒྱུ་མ་ལྟ་བུའི་ཆོས་ལས་ཡང་དག་པར་འདས་པར་བཞེད་དོ། ༤ །སངས་རྒྱས་ཀྱི་ཐུགས་སྐད་ཅིག་གཉིས་ལས་ཕན་ཆད་ནི་ཚད་མར་མི་འགྱུར་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སངས་རྒྱས་དུས་རྟག་ཏུ་ཚད་མར་བཞུགས་པར་བཞེད་དོ། ༥ །སངས་རྒྱས་ལ་ནི་ཤེས་བྱའི་སྒྲིབ་པ་སྤངས་ནས་ཐུགས་ཀྱི་འཇུག་པ་འཆད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་བྲལ་བའི་འབྲས་བུ་ཡེ་ཤེས་ཀྱི་ཐུགས་ཅན་དུ་བཞེད་དོ། ༦ །ཆོས་སྐུ་ནི་གཉིས་ཀྱིས་བསྡུས་པ་ལས་འདས་པས་རྒྱུ་རྐྱེན་ཟད་པར་འདོད་པ་ཡོད་མོད་ཀྱི། འདིར་ནི་ཆོས་ཀྱི་སྐུའི་ཡོན་ཏན་ཕྲིན་ལས་མཛད་པ་དང་བཅས་པར་བཞེད་དོ། ༧ །སངས་རྒྱས་ནི་འབྲས་བུ་མཐར་ཕྱིན་པས་རྒྱུ་ལ་མི་འཇུག་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སངས་རྒྱས་ཀྱི་སར་ཡང་ཐུགས་བསྐྱེད་ཡོད་པར་བཞེད་དོ། ༨ །སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་རྣམ་འཕྲུལ་ཙམ་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐུགས་གཅིག་པུ་ཡང་རྟག་ཆད་ཀྱི་ལྟ་བ་ཚུན་ཆད་དུ་འབྱུང་བར་བཞེད་དོ། ༩ །སངས་རྒྱས་ནི་གཞན་གྱིས་མ་ཡིན་ཏེ་སངས་རྒྱས་ཀྱི་སྤྲུལ་པས་འགྲོ་དོན་བྱེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཤེས་བྱ་ལ་སྲིད་ཚད་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱེད་པར་བཞེད་དོ། ༡༠ །སངས་རྒྱས་ནི་ཞིང་ཐ་དད་པ་རེ་རེ་སངས་རྒྱས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་མ་རྒྱས་ན་སངས་རྒྱས་སུ་མི་འགྱུར་བར་བཞེད་དོ། ༡༡ །སངས་རྒྱས་ཀྱི་སྤྲུལ་པ་མཐའ་ཡས་པ་འགྱེད་པ་ལ་རྒྱུ་མེད་ཀྱང་སྤྲུལ་པས་ཆོག་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྒྱུ་མེད་ཀྱི་སྤྲུལ་པ་མི་སྲིད་པས་རང་རྒྱུད་པར་བཞེད་དོ། ༡༢ །སྐུ་གཉིས་དང་ཡེ་ཤེས་ནི་གཞན་སྣང་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་སངས་རྒྱས་རྟེན་འབྲེལ་གྱི་སྐུ་ཡིན་པར་བཞེད་དོ། ༡༣ །སྨོན་པའི་འབྲས་བུ་ནི་སྤྲུལ་སྐུ་ཡིན་ལ་འཇུག་པ་ལས་ལོངས་སྐུ་འབྱུང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྨོན་པ་ལས་ལོངས་སྐུ་དང་འཇུག་པ་ལས་སྤྲུལ་སྐུ་འབྱུང་བར་གསུངས་སོ། ༡༤ །སྐུ་གསུམ་ནི་གནས་ཐ་དད་ན་འཁོར་ཐ་དད་ལ་ཆོས་ཐ་དད་པར་སྟོན་པ་ཡིན་མོད་ཀྱི། འདིར་ནི་སྐུ་གསུམ་ཐ་དད་མེད་པར་བཞུགས་པར་བཞེད་དོ༑ ༡༥ ༑སངས་རྒྱས་ཐམས་ཅད་ནི་འོག་མིན་ནམ་དེ་ལྟ་བུའི་གནས་ན་བཞུགས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སངས་རྒྱས་ཐམས་ཅད་སེམས་ཅན་གྱི་ཁམས་རྒྱུད་ལ་བཞུགས་པར་བཞེད་དོ། །འབྲས་བུ་སངས་རྒྱས་པའི་གནད་བསྡུས་ལས་རྡོ་རྗེའི་གསུང་བཅོ་ལྔ་པ་སྟེ་སྐབས་བདུན་པའོ།། ༈ །།འདི་རྣམས་ནི་བཞེད་པ་ཆེན་པོར་གྲགས་པ་ཡིན་ཏེ། དེ་རེ་རེ་ལ་ཡང་བྱེ་བྲག་གི་བཞེད་ལུགས་མཐའ་ཡས་པར་འགྲོ་བས། བཞེད་པ་འདི་དག་གི་ཕྱག་རྒྱས་ཐེབས་ཤིང་གཞིག་འགྲེལ་ཚུད་པས་ཐུབ་པའི་བཀའ་མཐའ་དག་གི་དགོངས་པ་དང་མཐུན་པར་རང་ཉིད་རྒྱུད་ཐོག་ཏུ་སྦྱོར་ཤེས་ཤིང་གོ་བར་གྱུར་པ་དེ་དག་གིས། ཕ་མཉམ་པ་མེད་པའི་མགོན་པོ་འབྲི་གུང་པ་དེའི་ཐུགས་ལས་སྐྱེས་པའི་སྲས། ཆོས་ཀྱི་བགོ་སྐལ་ལ་ལོངས་སྤྱོད་པ་བསམ་གྱི་མི་ཁྱབ་ཅིང་རྨད་དུ་བྱུང་བའོ། །དེ་རྣམས་ནི་བཞེད་པའི་ཞལ་གདམས་ཀྱི་ཚོམས་ཏེ་སྐབས་བརྒྱད་པའོ།། ༈ །།ཇི་ལྟར་འཇིག་རྟེན་འདི་ན་ཕ་ཡི་བུ། །ལོངས་སྤྱོད་ཕལ་པའི་འབྱོར་པ་ལྡན་གྱུར་ཀྱང༌། །ཕ་ཡི་ཁྱད་ནོར་གཞན་ལ་མེད་པ་དག །མ་ཐོས་མི་འཛིན་དེ་ནི་དམད་པ་ལྟར། །དེ་བཞིན་མཚུངས་མེད་འཇིག་རྟེན་མགོན་པོ་ཡིས། །མངོན་དུ་མཛད་པའི་ཁྱད་པར་ཆོས་འདི་དག །སྔོན་ཆད་མ་གྲགས་ཕྱི་དུས་འཇིག་རྟེན་འདིར། །རྗེས་འབྲངས་སྲས་ཀྱིས་མི་འཛིན་དེ་དང་མཚུངས། །དེ་ཕྱིར་རིགས་ལྡན་ཕ་ཡི་གདུང་འཚོབ་པ། །རིགས་འཆོལ་གཞན་ལ་སྨོན་པར་མི་བྱེད་ཅིང༌། །གྲགས་ལྡན་དེ་ཡིས་བཞེད་པའི་ཐུགས་དགོངས་རྣམས། །ནན་ཏན་ཆེན་པོས་འཛིན་ན་ངོ་མཚར་ཆེ། །བསྟན་འཛིན་ཆོས་མཛད་སྐྱེས་བུ་དམ་པ་རྣམས། །བུ་སྟོང་ནང་དུ་འཁོར་ལོས་བསྒྱུར་རྒྱལ་གྱི། །མཚན་ལྡན་སྲས་ནི་ཁྱད་པར་འཕགས་པ་བཞིན། །བསྟན་པའི་སྒོར་ཞུགས་ཀུན་གྱི་ནང་ན་མཛེས། །ཐུན་མོངས་མ་ཡིན་གདམས་པའི་སྙིང་པོ་དང༌། །རབ་འབྱམས་ཐུབ་པའི་བཀའ་ལ་མ་རྨོངས་པས། །ཕྱི་རོལ་རྒོལ་བ་ངན་པའི་ཝ་ཚོགས་ཀྱིས། །གངས་ཆེན་སེང་གེ་ལྟ་བུར་ཉམ་ང་མེད། །རིགས་མཐུན་འཁོར་དང་སྣ་ཚོགས་གདུལ་བྱ་ལ། །མ་འདྲེས་ཆོས་ཀྱི་ཁྱད་པར་ལེགས་བསྟན་པ། །དམན་དང་མཆོག་གི་བྱེ་བྲག་རབ་ཕྱེ་སྟེ། །སྙན་པའི་སྒྲ་ཆེན་འབྲུག་སྒྲ་ཕྱོགས་བཅུར་སྒྲོག །དེ་ལྟར་ཟབ་ཅིང་རྒྱ་ཆེན་བླ་མེད་པའི། །དགོངས་པ་རྒྱ་མཚོ་ཆེ་ལྟར་ཡངས་པ་ལས། །སྐྲ་རྩེས་ཆུ་ཐིགས་ཙམ་ཞིག་སྨོས་པ་འདི། །བན་ལྡོམ་ཤེས་རབ་འབྱུང་གནས་བདག་གིས་བྲིས། །རྣམ་དག་གངས་རི་ལྟར་དཀར་དགེ་བ་དེས། །རིན་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་མི་ཤེས་གཏི་མུག་རྣམ་བྲལ་ཞིང༌། །མཐར་ཕྱིན་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག །ཕས་བྱས་བསགས་པ་མཐར་ཕྱིན་གྱི་ཁྱད་ནོར་བརྒྱ་ལྔ་བཅུ་པ་ཞེས་བྱ་བ། དཔལ་གྱི་འབྲི་གུང་འོག་མིན་གྱི་གནས་ནས་བྱུང་བ་རྫོགས་སོ།། ༈ །།རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ངག་འདོན་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་བཞུགས་སོ། །དམ་ཆོས་དགོངས་པ་གཅིག་པའི་གཞུང་རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་ཞེས་བྱ་བ། སྟོབས་བཅུའི་དབང་ཕྱུག་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །དྲི་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་འདྲེས་ཤེས་བྱའི་དངོས་པོ་ཇི་ལྟ་བ། །ཐམས་ཅད་གཟིགས་པ་ཀུན་ཆེན་ཆོས་ཀྱི་རྗེ། །མཉམ་མེད་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །རྒྱལ་བ་མཆོག་གི་ཞལ་ནས་གསུངས་པ་ཡི། །དམ་ཆོས་ཁྱད་འཕགས་ཐུན་མོངས་མ་ཡིན་པ། །མངོན་དུ་མཛད་པའི་བཞེད་ཚུལ་དཔག་མེད་ཀྱང༌། །རྨོངས་པས་དྲན་པ་ཅུང་ཟད་ཙམ་ཞིག་འབྲི། །ཆོས་ཀུན་གཤིས་སམ་བབ་ཀྱི་གནས་ལུགས་བསྟན། །ཆོས་ཕུང་བརྒྱད་ཁྲི་སངས་རྒྱས་བསྒྲུབ་པར་གཅིག །སྡེ་སྣོད་རྒྱུད་སྡེ་ལམ་གྱི་རིམ་པ་ཡིན། །ཆོས་འཁོར་རྣམ་གསུམ་འཁོར་གྱི་རྟོག་པའི་ཁྱད། །འཁོར་ལོ་རེ་རེ་ལ་ཡང་གསུམ་ཀ་ཚང༌། །ཕྱི་མའི་ས་བོན་སྔ་མ་སྔ་མར་གནས། །མདོ་དོན་གནད་ཀྱིས་འཁོར་ལོ་གསུམ་དུ་ངེས། །འདུལ་བའི་སྡེ་སྣོད་བདེན་བཞིའི་ཆོས་འཁོར་ཏེ། །ཐེག་པ་སྣ་ཚོགས་ངེས་དོན་འཁོར་ལོ་ཡིན། །མཐའ་དྲུག་དགོངས་པ་ངེས་དོན་འབའ་ཞིག་བཞེད། །སེམས་ཙམ་བཀའ་ཡིས་མཐའ་བྲལ་དབུ་མ་སྟོན། །ལོག་པའི་ཀུན་རྫོབ་ཀྱིས་ཀྱང་དོན་བྱེད་ནུས། །ཇི་སྙེད་ལམ་རྣམས་ས་བཅུས་བགྲོད་པ་སྟེ། །དེ་ཡང་རིམ་གྱིས་འཇུག་པ་ཁོ་ནར་ངེས། །ཤེས་བྱའི་སྒྲིབ་པ་ཐོག་མར་སྤོང་བའང་ཡོད། །ཚད་མ་སངས་རྒྱས་ཀུན་མཁྱེན་ཡེ་ཤེས་ཏེ། །ཚད་མའི་འབྲས་བུ་ཟབ་མོ་སྟོང་ཉིད་སྟོན། །གྲུབ་མཐའ་འཛིན་པ་ཐམས་ཅད་རང་རྒྱུད་པ། །མུ་སྟེགས་པ་ལའང་དགེ་བའི་བསྒྲུབ་བྱ་མང༌། །ཕྱི་ནང་ཁྱད་པར་སྐྱབས་འགྲོས་འབྱེད་པ་སྟེ། །ཐེག་པ་ཆེ་ཆུང་ཁྱད་པར་སེམས་བསྐྱེད་ཡིན། །མདོ་དང་སྔགས་ཀྱི་ཁྱད་པར་དབང་ཡིན་ཏེ། །དེ་གཉིས་གང་མེད་རྫོགས་བྱང་ཐོབ་མི་སྲིད། །སྡོམ་གསུམ་མི་དགེ་བཅུ་སྤོང་གནད་གཅིག་ལ། །བདག་པོ་འཕོས་པས་སྡོམ་པ་གསུམ་དུ་འོང༌། །རང་བཞིན་རྣམ་དག་བྲལ་འབྲས་ཡོན་ཏན་ལྡན། །བྱང་ཕྱོགས་སོ་བདུན་བདེ་གཤེགས་སྙིང་པོར་ཡོད། །ཚད་མེད་རྣམ་བཞི་སངས་རྒྱས་ངོ་བོ་ཉིད། །ཐེག་པ་ཐམས་ཅད་རིགས་གཅིག་ཐེག་པ་གཅིག །ཉན་རང་ལོག་སྲེད་ཅན་ཡང་རྣམ་མཁྱེན་འགྱུར། །ཆོས་འཁོར་གནད་བསྡུས་ཀྱི་སྐབས་ཏེ་དང་པོའོ།། །།དགེ་སྡིག་གཉིས་ལས་ལུང་མ་བསྟན་གཞན་མེད། །རྟོག་གཉིས་ཅིག་ཅར་འཇུག་པ་མི་སྲིད་ལ། །སེམས་བྱུང་ལས་ཀྱང་སེམས་ནི་འབྱུང་བའང་ཡོད། །འཁོར་བའི་རྒྱ་མཚོར་ལུས་ཉིད་འཁོར་བར་བཞེད། །རྟེན་འབྲེལ་བཅུ་གཉིས་མ་རིག་ཁོ་ནའི་གཡོས། །བཅུ་གཉིས་དེ་ཡང་སྐད་ཅིག་གཅིག་ལ་ཚང༌། །སེམས་ནི་ཐ་དད་དབང་གིས་སྣང་བ་ཡང༌། །ད་ལྟར་ཉིད་དུ་མ་བསྒྲུབས་འབྲས་བུར་སྤྱོད། །དུས་ཀྱི་འཕེལ་འགྲིབ་ད་ལྟར་བྱར་ཡོད་ཡིན། །ཚེ་འདི་རང་ལ་མཐོང་ཆོས་གཙོ་བོར་འབྱུང༌། །མི་ཆོས་བཅུ་དྲུག་ལྷ་ཆོས་གནད་གཅིག་སྟེ། །གཙོ་ཕལ་ཙམ་ལས་འབྲས་ཐོབ་རྒྱུན་ཆད་མེད། །ཤེས་རབ་བསླབ་པ་ཐོག་མར་འགྲོ་བའང་ཡོད། །ལམ་རིམ་ཐམས་ཅད་ཐུན་གཅིག་ཉམས་ལེན་དགོས། །ཞིང་གཅིག་ལ་ཡང་སངས་རྒྱས་གྲངས་མེད་འབྱོན། །རྟེན་འབྲེལ་གནད་བསྡུས་ཀྱི་སྐབས་ཏེ་གཉིས་པའོ།། །།དམ་ཆོས་འདུལ་བ་ཐེག་པ་ཐུན་མོང་སྟེ། །ལྷག་པར་ཐེག་པ་ཆེན་པོར་གསལ་བཞུགས་ལ། །ཚུལ་ཁྲིམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །བར་ཆད་ལྡན་ལའང་སྡོམ་པ་སྐྱེ་བ་སྟེ། །ངོ་བོ་རྣམ་པར་རིག་བྱེད་མིན་པའི་གཟུགས། །ལྟུང་བ་མཐའ་དག་ལ་ནི་འདུ་ཤེས་གཙོ། །ཡིད་ཀྱི་རྣམ་གསུམ་གཙོ་བོར་སྤོང་བ་དགོས། །གཏོང་བའི་རྒྱུ་ཡིས་མི་གཏོང་བ་ཡང་ཡོད། །ཕམ་པ་བཞི་ནི་བུ་ལོན་ནོར་ཅན་བཞིན། །སྣ་གཅིག་བསྲུངས་པས་འབྲས་བུ་མྱང་འདས་ཐོབ། །བཅས་དང་རང་བཞིན་ཁ་ན་མ་ཐོ་གཅིག །སྡིག་ལྟུང་ཐ་དད་མེད་ཅིང་གཅིག་པ་ཡིན། །བཀག་པ་ཡེ་བཀག་གནང་བ་ཡེ་གནང་ལ། །ཆོས་ཀྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས། །འགྲོ་བ་གང་གིས་འདས་ཀྱང་ཉེས་པ་དང༌། །སྲུང་བའི་ཕན་ཡོན་ཡང་ནི་ཀུན་ལ་འབྱུང༌། །བསྟན་ལ་ཆོ་ག་ལྷག་པར་གལ་ཆེ་ལ། །མི་ཤེས་གཏི་མུག་ཉེས་པ་གཞན་ལས་ལྕི། །དུད་འགྲོ་གཏི་མུག་ཆེ་བས་དམན་པ་ཡིན། །ཉམས་ལས་མ་ཐོབ་ཉེས་པ་ཆེ་བར་བཤད། །སོ་ཐར་གནད་བསྡུས་ཀྱི་སྐབས་ཏེ་གསུམ་པའོ།། །།བྱང་ཆུབ་སེམས་དང་སྙིང་རྗེ་ཐ་དད་ཡིན། །བྱང་ཆུབ་སེམས་དཔའི་སྡོམ་པ་རྟེན་ཅན་བཞེད། །སོ་སོ་སྐྱེ་བོ་ལ་ཡང་འཇུག་སྡོམ་སྐྱེ། །ཅི་རིགས་ཀྱིས་ཀྱང་འཇུག་པའི་སྡོམ་པར་འགྱུར། །ཉོན་མོངས་ཅན་མིན་ལྟུང་བ་མི་སྲིད་ཅིང༌། །ཉེས་པར་མི་འགྱུར་མི་དགེ་གནང་བ་མེད། །ཐབས་མཁས་སྤྱོད་ལ་མི་དགེ་ཡོད་མ་ཡིན། །རང་གཞན་བརྗེ་བ་ཉེས་པར་འགྱུར་སྐབས་ཡོད། །སེམས་དཔར་གནོད་བྱས་བདེ་བར་མི་འབྲེལ་ཞིང༌། །དགེ་དང་མི་དགེའི་འབྲས་བུ་སོ་སོར་འབྱུང༌། །བྱང་ཆུབ་སེམས་ནི་བརྗེད་ལ་འཆོར་མི་སྲིད། །སྒྲིབ་པ་རྣམ་གསུམ་ཉོན་མོངས་སྒྲིབ་པར་གཅིག །ཇི་སྙེད་གྲུབ་མཐས་དོན་དམ་བདེན་པར་བསྒྲིབས། །ཉན་ཐོས་རྣམས་ཀྱིས་གནས་ལུགས་ཕྱོགས་གཅིག་མཐོང༌། །ས་དྲུག་མན་ཆད་ཉན་རང་ཐུན་མོང་སྟེ། །སེམས་ཙམ་པ་ནི་ས་བདུན་མངོན་རྟོགས་ཡིན། །ཆོས་ཀྱི་བདག་མེད་ས་བརྒྱད་མངོན་དུ་བྱས། །རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད། །ས་ཐོབ་ཡོན་ཏན་འབྱུང་ཚུལ་མུ་དྲུག་ཡོད། །གཞི་ལམ་འབྲས་བུར་ཚོགས་གཉིས་ཟུང་འཇུག་སྟེ། །མཐོ་དམན་ཀུན་ཏུ་ཞིང་ནི་གདམས་པ་ཟབ། །བདག་ཏུ་བཟུང་སྟེ་ཚོགས་བསགས་ཐབས་མཁས་བཞེད། །འཁོར་འདས་ཀུན་གྱི་བསགས་ཡོད་དགེ་བ་བསྔོ། །སངས་རྒྱས་བླ་མ་ལ་ཡང་བསྔོ་བ་དགོས། །བྱང་སེམས་གནད་བསྡུས་ཀྱི་སྐབས་ཏེ་བཞི་པའོ།། །།གསང་སྔགས་བསྟན་པ་གཞན་ལའང་འབྱུང་བ་ཡོད། །དབང་དོན་རྒྱུད་ལ་སྐྱེས་ན་ཐོབ་པར་བཞེད། །ལྷ་ནི་ཕྱོགས་གཅིག་པས་ཀྱང་དབང་བསྐུར་འགྲོ། །རྟོགས་པ་མ་སྐྱེས་དཔེ་དོན་ཁོང་མི་ཆུད། །བསྐྱེད་པའི་རིམ་པ་གདོད་ནས་ཡོངས་སུ་གྲུབ། །རང་བྱུང་རྣམས་ལ་འཇུག་པའི་ཆོ་ག་དགོས། །ལྷ་རྣམས་ཐམས་ཅད་མཚན་དཔེའི་ཡོན་ཏན་ལྡན། །མདོ་རྒྱུད་ལས་གསུངས་ལྷ་རྣམས་གཙོ་བོར་བྱ། །དབང་པོ་རབ་ལ་ཆོ་ག་རྒྱས་པ་དགོས། །སྤྲོས་པ་ཐམས་ཅད་བབ་ཀྱི་རྟེན་འབྲེལ་ཡིན། །རྡོ་རྗེའི་ལུས་ནི་ཟབ་མོའི་འཁོར་ལོར་བཞེད། །གནས་ལུགས་འགའ་ཞིག་རྡོ་རྗེ་འཆང་གིས་སྦས། །ལས་དང་འདུག་ཚུལ་འགའ་ཞིག་སྨན་རྒྱུད་ཟབ། །གཞན་གྱིས་མི་ཟབ་པ་རྣམས་འདིར་ཟབ་སྟེ། །དེ་མེད་རྩ་རླུང་གདམས་པས་སངས་མི་རྒྱ། །བཀའ་དང་འགལ་བའི་ཉམས་མྱོང་ལོག་རྟོག་ཡིན། །དགོངས་པ་ཐམས་ཅད་འགལ་མེད་ཤེས་པར་བྱ། །གདམས་ངག་ལྟར་མིན་བཀའ་ལྟར་འོང་བར་བཞེད། །སྐྱོན་མེད་ཏིང་འཛིན་ཁམས་གསུམ་འཁོར་བའི་རྒྱུ། །སྐུ་གསུམ་རེ་རེ་ལ་ཡང་གཞན་གཉིས་ཚང་། །གསང་སྔགས་ལ་ནི་ཚུལ་ཁྲིམས་མེད་ཀ་མེད། །འདོད་པས་བར་དུ་གཅོད་པར་མདོ་སྔགས་གཅིག །སྔགས་ཀྱི་མི་དགེ་དགེ་བར་འགྱུར་སྐབས་མེད། །འདུལ་བར་མི་དགེ་སྔགས་སུའང་དགེར་མི་འགྱུར། །ཉོན་མོངས་དག་འབྲས་བདེ་བར་གཤེགས་པ་ཉིད། །མཐུ་བསྟན་ཙམ་ལས་མངོན་སྤྱོད་གནང་བ་མེད། །རྡོ་རྗེ་དམྱལ་བ་མནར་མེད་ལ་སོགས་ཡིན༑ ༑སློབ་དཔོན་རྒྱུད་ཚོད་མཐོ་ན་མྱུར་དུ་འདྲེན། །གསང་སྔགས་གནད་བསྡུས་ཀྱི་སྐབས་ཏེ་ལྔ་པའོ།། །།དམ་པའི་ཆོས་གང་བརྒྱུད་པར་འབྲེལ་བ་ཟབ། །འཁོར་འདས་ཆོས་ཀུན་རང་གི་སེམས་སྣང་ཙམ། །རྒྱུ་འབྲས་སྐད་ཅིག་བསམ་པའི་རང་གཟུགས་ཡིན། །གཤིས་ལ་མི་གནས་བལྟས་པས་འགྱུར་མི་སྲིད། །མཚན་ཉིད་མི་ལྡན་ཡོན་ཏན་སྐྱེད་མི་ནུས། །རྟོགས་པ་སྐྱེད་ཐབས་མོས་གུས་ཁོ་ནར་ངེས། །ལྟ་བའི་མཆོག་གྱུར་རྟོགས་པ་དང་ལྡན་པ། །ཆེན་པོ་གསུམ་གྱིས་མ་རེག་རྟོགས་པའི་མཆོག །ཐོས་བསམ་སྒོམ་པའི་སྟོང་ཉིད་གོལ་ཤོར་ཡིན། །རྟོགས་པ་གོམས་པར་བྱེད་པ་སྒོམ་པ་སྟེ། །སྤྱོད་པ་བླང་དོར་བྲལ་བ་ཚུལ་ཁྲིམས་བཞེད། །ལྟ་སྒོམ་སྤྱོད་གསུམ་ཐ་དད་མེད་པར་གཅིག །ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་ཁྱད་པར་ཆོས། །ཕྱག་ཆེན་ཡོན་ཏན་ཀུན་གྱི་བདག་ཉིད་དེ། །མཉམ་པར་བཞག་ལས་ཡོན་ཏན་ཐམས་ཅད་འབྱུང༌། །རྒྱུ་ནི་མ་བསྒྲུབས་ཡོན་ཏན་འབྱུང་མི་སྲིད། །སྟོང་ཉིད་རྟོགས་ན་རྒྱུ་འབྲས་ཉིད་དུ་ལྡང༌། །རྟོགས་ལྡན་ལ་ཡང་ཐབས་ལམ་ལྷག་པར་དགོས། །རིག་སྤྱོད་ཁྱད་དུ་འཕགས་པ་ཚུལ་ཁྲིམས་ཡིན། །ཆོས་གསུམ་མི་ལྡན་ཉན་རང་ཁྱད་པར་མེད། །ལྟ་སྒོམ་སྤྱོད་པ་གནད་བསྡུས་ཀྱི་སྐབས་ཏེ་དྲུག་པའོ།། །།སངས་རྒྱས་ས་ན་བདེན་གཉིས་རྣམ་དབྱེར་མེད། །མཁྱེན་པའི་ཡེ་ཤེས་གཉིས་མེད་མཐའ་དང་བྲལ། །སྒྱུ་མ་ལྟ་བུའི་ཆོས་ལས་ཡང་དག་འདས། །སངས་རྒྱས་དུས་ན་རྟག་ཏུ་ཚད་མར་བཞུགས། །བྲལ་བའི་འབྲས་བུ་ཡེ་ཤེས་ཐུགས་ཅན་བཞེད། །ཆོས་སྐུ་ཡོན་ཏན་མཛད་པ་ཕྲིན་ལས་བཅས། །མཐར་ཐུག་སངས་རྒྱས་ས་ནའང་ཐུགས་བསྐྱེད་ཡོད། །ཐུགས་ནི་རྟག་ཆད་ལྟ་བ་ཚུན་ལའང་འབྱུང༌། །ཤེས་བྱར་སྲིད་ཚད་སངས་རྒྱས་བྱ་བ་བྱེད། །ཆོས་དབྱིངས་ཀུན་ཏུ་འཚང་རྒྱ་དགོས་པར་བཞེད། །རྒྱུ་མེད་སྤྲུལ་པ་མི་སྲིད་རང་རྒྱུད་པ། །སངས་རྒྱས་ཞེས་བྱ་རྟེན་ཅིང་འབྲེལ་འབྱུང་སྐུ། །སྨོན་འཇུག་ལོངས་སྤྲུལ་རྒྱུ་རུ་བཞེད་པའང་ཡོད། །སྐུ་གསུམ་ཐ་དད་མེད་པར་བཞུགས་པ་ཡིན། །སངས་རྒྱས་ཐམས་ཅད་སེམས་ཅན་རྒྱུད་ལ་བཞུགས། །འབྲས་བུ་གནད་བསྡུས་ཀྱི་སྐབས་ཏེ་བདུན་པའོ།། །།ཇི་ལྟར་འཇིག་རྟེན་འདི་ན་ཕ་ཡི་བུ། །ལོངས་སྤྱོད་ཕལ་པའི་འབྱོར་པ་ལྡན་གྱུར་ཀྱང༌། །ཕ་ཡི་ཁྱད་ནོར་གཞན་ལ་མེད་པ་དག །མ་ཐོས་མི་འཛིན་དེ་ནི་སྨད་པ་ལྟར། །དེ་བཞིན་མཚུངས་མེད་འཇིག་རྟེན་མགོན་པོ་ཡིས། །མངོན་དུ་མཛད་པའི་ཁྱད་པར་ཆོས་འདི་དག །སྔོན་ཆད་མ་གྲགས་ཕྱི་དུས་འཇིག་རྟེན་འདིར། །རྗེས་འབྲངས་སྲས་ཀྱིས་མི་འཛིན་དེ་དང་མཚུངས། །དེ་ཕྱིར་རིགས་ལྡན་ཕ་ཡི་གདུང་འཚོབ་པ། །རིགས་འཆོལ་གཞན་ལ་སྨོན་པ་མི་བྱེད་པར། །གྲགས་ལྡན་དེ་ཡི་བཞེད་པའི་ཐུགས་དགོངས་རྣམས། །ནན་ཏན་ཆེན་པོས་འཛིན་ན་ངོ་མཚར་ཆེ། །བསྟན་འཛིན་ཆོས་མཛད་སྐྱེས་བུ་དམ་པ་རྣམས། །བུ་སྟོང་ནང་དུ་འཁོར་ལོ་བསྒྱུར་རྒྱལ་གྱི། །མཚན་ལྡན་སྲས་ནི་ཁྱད་པར་འཕགས་པ་བཞིན། །བསྟན་པའི་སྒོར་ཞུགས་ཀུན་གྱི་ནང་ན་མཛེས། །ཐུན་མོངས་མ་ཡིན་གདམས་པའི་སྙིང་པོ་དང༌། །རབ་འབྱམས་ཐུབ་པའི་བཀའ་ལ་མ་རྨོངས་པས། །ཕྱི་རོལ་རྒོལ་བ་ངན་པའི་ཝ་ཚོགས་ཀྱིས། །གངས་ཅན་སེང་གེ་ལྟ་བུར་ཉམ་ང་མེད། །རིགས་མཐུན་འཁོར་དང་སྣ་ཚོགས་གདུལ་བྱ་ལ། །མ་འདྲེས་ཆོས་ཀྱི་ཁྱད་པར་ལེགས་བསྟན་པ། །དམན་དང་མཆོག་གིས་བྱེ་བྲག་རབ་ཕྱེ་སྟེ། །སྙན་པའི་སྒྲ་ཆེན་འབྲུག་སྒྲ་ཕྱོགས་བཅུར་སྒྲོགས། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བླ་མེད་པའི། །དགོངས་པ་རྒྱ་མཚོ་ཆེ་ལྟར་ཡངས་པ་ལས། །སྐྲ་རྩེའི་ཆུ་ཐིགས་ཙམ་ཞིག་སྨྲས་པ་འདི། །བན་སྡོམ་ཤེས་རབ་འབྱུང་གནས་བདག་གིས་བྲིས། །རྣམ་དག་གངས་རི་ལྟར་དཀར་དགེ་བ་འདིས། །རིན་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་མི་ཤེས་གཏི་མུག་རྣམ་བྲལ་ཞིང༌། །མཐར་ཕྱིན་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག །ཅེས་པ་འདི་ནི་སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱིས་མཛད་པའི་གཞུང་དེ་ཉིད་སོར་བཞག་ལ། རང་གཞན་འཇུག་པ་བདེ་ཕྱིར་དུ་རྡོ་རྗེའི་གསུང་ཚིགས་བཅད་དུ་བསྡེབས་ཏེ། ཆོས་ཀྱི་རྗེ་སྐྱོབ་པ་ཡབ་སྲས་ཀྱི་བསྟན་པ་ལ་དད་པའི་བློ་ཅན་དཀོན་མཆོག་རིན་ཆེན་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ཁྱི་ལོ་ཧོར་ཟླ་དང་པོའི་ཉེར་གསུམ་ལ་ཁམས་ཀྱི་བེ་རི་ཐང་གི་སྒར་ཐོག་ཏུ་བྲིས་པ་དགེ། ༈ །།རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ལྷན་ཐབས་བཞི་བཅུ་རྩ་བདུན་པ་བཞུགས་སོ། །དྲི་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་འདྲེས་ཤེས་བྱའི་དངོས་པོ་ཅི་ལྟ་བར། །ཐམས་ཅད་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །མཉམ་མེད་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་གྱི་འདྲེན་པ་རྣམས་ལས་ཡོན་ཏན་བཀོད་པ་ཀུན་གྱིས་ཁྱད་པར་དུ་འཕགས་པས་དུས་གསུམ་ཁེགས་པའི་སྟོན་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱལ་བ་ཐམས་ཅད་ཀྱིས་དུས་རྟག་པར་ཡོན་ཏན་བསྔགས་པའི་སྒྲ་དབྱངས་སྒྲོགས་པས༑ སྐུ་ཆེ་བའི་ཡོན་ཏན་གྱི་གྲགས་པ་འཇིག་རྟེན་རབ་འབྱམས་ཐམས་ཅད་བཀྲམ་པ། རྫུ་འཕྲུལ་གྱི་བཀོད་པ་རེ་རེ་ཞིང་ཡང་ཤེས་བྱའི་མཐར་ཐུག་པ་བརྙེས་པས་ནམ་མཁའི་མཐའ་དང་མཉམ་པར་དཔེ་ཟླ་ཐམས་ཅད་དང་བྲལ་བ། འཇིག་རྟེན་ཕྱོགས་བཅུ་ཁྱབ་པར་ཕྱི་མའི་མཐའི་མུར་ཐུག་པ་དུས་རྟག་པར་བཞུགས་པས་འཁོར་འདས་ཐམས་ཅད་ཀྱི་བླ་མར་གྱུར་པ་ཆོས་ཐམས་ཅད་ལ་དབང་སྒྱུར་ཞིང་དགག་སྒྲུབ་ཀྱི་བསླབ་པ་རིན་པོ་ཆེའི་ཚུལ་ཁྲིམས་ཀྱི་མངའ་བདག་ཏུ་གྱུར་པས། ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ། མཚུངས་པ་མེད་པའི་བླ་མ། ཁམས་གསུམ་གྱི་མགོན་པོ། ཆོས་ཀྱི་རྗེ་འབྲི་ཁུང་གླིང་པ་དེའི་ཞལ་ནས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བསྟན་པ་ནི་མི་འདྲ་བ་ཐ་དད་པ་སྣ་ཚོགས་སུ་འདོད་མོད་ཀྱི། འདིར་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་དང་བསྟན་པའི་བབས་ནི་གཅིག་པར་བཞེད་དོ། ༡ །འགའ་ཞིག་ན་རེ་སངས་རྒྱས་ཆོས་ཐ་དད་པ་དང་གྲུབ་མཐའ་ངེས་པ་ཅན་ཡིན་ཞེས་ཟེར། འདིར་ནི་ཐེག་པ་དང་གྲུབ་མཐའ་སངས་རྒྱས་ཀྱི་རྟེན་འབྲེལ་ཡིན་པར་བཞེད་དོ། ༢ །སྤྱིར་ཆོས་ཀྱི་ཕུང་པོའི་ཚད་ནི་བ་གླང་གི་རྒྱབ་ཁལ་ལ་སོགས་པ་ཡིན་པར་འདོད་ན་ཡང༌། འདིར་ནི་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པའི་གཉེན་པོར་བཞེད་དོ། ༣ །གསུང་རབ་ཡན་ལག་བཅུ་གཉིས་ནི་སོ་སོར་མ་འདྲེས་པར་ཐ་དད་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་གཅིག་གི་ནང་དུ་ཡང་བཅུ་གཉིས་པོ་ཐམས་ཅད་ཅི་རིགས་སུ་ཚང་བར་བཞེད་དོ། ༤ །ཕུན་སུམ་ཚོགས་པ་ལྔས་ནི་བཀའ་མིན་པ་ལ་མ་ཁྱབ་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་འཁོར་འདས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པ་ལྔས་བསྡུས་པར་བཞེད་དོ། ༥ །སྡེ་སྣོད་གསུམ་སོ་སོ་ཡིན་ཏེ་གཅིག་ལ་གཅིག་ཐུག་རེག་མེད་པ་འདོད་དེ། འདིར་ནི་ཕན་ཚུན་འབྲེལ་པ་ཅན་གྱི་ཚུལ་དུ་འདྲེས་ཅན་དུ་གསུངས་ཏེ་རེ་རེའི་ནང་དུ་ཡང་གསུམ་ཀ་ཚང་བར་བཞེད་དོ། ༦ །སྤྱིར་གསུང་རབ་ཐམས་ཅད་ཀྱི་གླིང་གཞི་ལ་ཆོས་ཕུན་སུམ་ཚོགས་པ་མ་ཚང་ཟེར་ཏེ། འདིར་ནི་བཀའ་ཐམས་ཅད་ལ་ཕུན་སུམ་ཚོགས་པ་ལྔ་ཤིན་ཏུ་ཡང་ཚང་བར་བཞེད་དོ། ༧ །འདུལ་བ་མདོ་སྡེ་མངོན་པ་གསུམ་ལ་འདོད་ལུགས་མང་ན་ཡང༌། འདིར་ནི་ཐུན་མོང་གི་མདོ་དང་སེམས་ཙམ་བསྟན་པའི་བཀའ་ནི་མངོན་པའི་སྡེ་སྣོད་དུ་བཞེད་དོ། ༨ །མུ་སྟེགས་དང་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་མུ་སྟེགས་དང་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བའི་གནས་མེད་པར་བཞེད་དོ། ༩ །མུ་སྟེགས་དང་བོན་ལ་ཐར་པ་ཆ་མཐུན་ཙམ་ཡང་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐར་པའི་ཆ་དང་མཐུན་པ་འགའ་ཞིག་ནི་ཡོད་པ་མི་འགལ་བར་བཞེད་དོ། ༡༠ །ཕྱི་རོལ་པ་ལ་སྡོམ་པ་དང་སྙིང་རྗེ་གང་ཡང་ཡོད་པ་མ་ཡིན་ཏེ་མུ་སྟེགས་ཀྱི་ཉམས་སུ་བླང་བྱ་ཐམས་ཅད་སྤོང་བྱ་ཡིན་ཞེས་ཟེར། འདིར་ནི་སྡོམ་པ་བསྲུང་བ་དང་སྙིང་རྗེ་ཕྱི་རོལ་པ་ལ་ཡང་ཡོད་པར་བཞེད་དོ། ༡༡ །རྒྱུ་མཚན་ཉིད་ཀྱི་ཐེག་པས་ནི་གྲངས་མེད་གསུམ་གྱིས་སངས་རྒྱ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པས་ཀྱང་ཚེ་གཅིག་གིས་སངས་རྒྱ་བར་ཡོད་པར་བཞེད་དོ། ༡༢ །མཚན་ཉིད་དང་སྔགས་ཀྱི་སངས་རྒྱས་དེ་མི་གཅིག་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་དང་ཉམས་ལེན་གྱི་འགྲོས་ཀྱིས་སངས་རྒྱས་གཅིག་པར་བཞེད་དོ། ༡༣ །སྡོམ་པ་གསུམ་གོང་ནས་གོང་དུ་ཡོངས་སུ་འགྲོ་བར་འདོད་པར་ཡིན་མོད་ཀྱི། འདིར་ནི་སྡོམ་པ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ་བར་བཞེད་དོ། ༡༤ །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ལམ་གྱི་ཆོས་ཡིན་ལ། སངས་རྒྱས་ཀྱི་ས་ནི་དེའི་ཕ་རོལ་ན་ཡོད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་མཐར་ཐུག་སངས་རྒྱས་ཀྱི་ས་ཚུན་ཆད་ཚོགས་ལམ་གྱི་ངོ་བོས་བགྲོད་པར་བཞེད་དོ། ༡༥ །ཉན་རང་ནི་ཐེག་ཆེན་གྱི་རིགས་ཆད་པས་སངས་མི་རྒྱ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཉན་རང་སངས་རྒྱས་ཀྱི་རྒྱུ་དང་ལྡན་པས་མཐར་ཐུག་བྱང་ཆུབ་ཆེན་པོར་འགྱུར་བར་བཞེད་དོ། ༡༦ །ཐེག་པ་དང་གྲུབ་མཐའ་མ་ངེས་པ་སྣ་ཚོགས་སུ་ཡོད་པར་འདོད་དེ། ཐེག་པ་དང་གྲུབ་མཐའ་ཐམས་ཅད་སངས་རྒྱས་ཀྱི་རྟེན་འབྲེལ་ཡིན་པར་བཞེད་དོ། ༡༧ །འཁོར་བ་མཐའ་ཡོད་དུ་འདོད་པ་དང་མཐའ་མེད་དུ་འདོད་པ་ཡོད་མོད་ཀྱི། འདིར་ནི་འཁོར་བ་མཐའ་མེད་སྤྲོས་པ་མེད་པར་བཞེད་དོ། ༡༨ །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྣམས་སྤང་བྱ་རེ་རེའི་གཉེན་པོར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཆོས་ཀུན་སོ་སོར་ཐར་སྡོམ་རེ་རེར་འདུ་བར་བཞེད་དོ། ༡༩ །དམ་པའི་ཆོས་འདུལ་བ་ནི་སྡེ་པ་བཞི་ལ་མི་འདྲ་བ་རེ་རེ་ཡོད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྡེ་པ་བཞི་ཆར་གྱི་རྩ་བའི་ལུང་སྡེ་བཞི་ངོ་བོ་གཅིག་པར་བཞེད་དོ། ༢༠ །རྨི་ལམ་དུ་ས་བོན་ཉམས་པ་ལ་ཉེས་པ་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་སྒྲུབ་པས་ནུས་པ་ལས་རྨི་ལམ་དུ་ཉམས་ཀྱང་ཉེས་པ་འབྱུང་བར་བཞེད་དོ། ༢༡ །ས་དང་པོ་ཐོབ་ནས་ངན་འགྲོའི་འཇིགས་པ་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ས་ཐོབ་ཀྱང་ངན་སོང་དུ་སོང་བ་ཡོད་པར་བཞེད་དོ། ༢༢ །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་མར་ལ་གསོག་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཉམས་ལེན་རྨད་དུ་བྱུང་བ་ཀུ་སཱ་ལའི་ཚོགས་གསོག་ཡིན་པར་བཞེད་དོ། ༢༣ །སྒྲུབ་པ་བྱེད་པ་ལ་སོགས་པའི་དུས་སུ་ནད་དང་གནོད་པ་བྱུང་ན་ཕྱི་ནང་རྟེན་འབྲེལ་གྱིས་ཕན་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་དེ་རྣམས་སེལ་བའི་ཐབས་མཆོག་ལམ་གཏོང་དང་དམིགས་པ་ཡིན་པར་བཞེད་དོ། ༢༤ ༈ །གསང་སྔགས་ནི་སྡེ་སྣོད་བཞི་པ་ཡིན་པ་ལ་སོགས་འདོད་ལུགས་མང་མོད་ཀྱི། འདིར་ནི་སྡེ་སྣོད་གསུམ་ཀ་དང་གསུམ་ཆར་གྱི་སྙིང་པོ་ཡིན་པར་བཞེད་དོ། ༢༥ །གསང་སྔགས་ཀྱི་དབང་ནི་བསྐུར་ཡང་མི་འཐོབ་པ་དང་མ་བསྐུར་ཡང་ཐོབ་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་དབང་པོ་རབ་འབྲིང་གསུམ་ཀ་ལ་བརྒྱུད་པའི་ཆོ་ག་ཟབ་པས་དགོས་པར་བཞེད་དོ། ༢༦ །སྐུ་གསུམ་གྱི་མཛད་པ་གསུམ་དུ་ངེས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་དེ་ཡང་ཡིན་ཏེ་ལྷ་གཅིག་གིས་ཀྱང་ཕྲིན་ལས་ཐམས་ཅད་འགྲུབ་པར་བཞེད་དོ། ༢༧ །ལྷ་རེ་ལ་མཚན་ངེས་པ་ཅན་རེ་རེ་ཡོད་པར་འདོད་པ་ཡིན། འདིར་ནི་ལྷ་ཐམས་ཅད་ཀྱི་མཚན་ལྷག་པའི་ལྷས་གཟུང་བར་བཞེད་དོ། ༢༨ །གསང་སྔགས་ནས་དུས་བཞིར་རྩ་བའི་དམ་ཚིག་གནང་བ་འདོད་པ་ཡིན་མོད་ཀྱི། འདིར་ནི་དུས་བཞིར་རྩ་བའི་དམ་ཚིག་གནང་བའི་དུས་སྐབས་མེད་པར་བཞེད་དོ། ༢༩ །འགའ་ཞིག་ན་རེ་ལྷ་ལ་དང་པོ་ནས་འཇུག་ཏུ་མི་བཏུབ་སྟེ་རིམ་གྱིས་འཇུག་པ་ཡིན་ཟེར། འདིར་ནི་ལྷ་ལ་ཅིག་ཆར་དུ་འཇུག་པ་གནད་ཟབ་པ་བཞེད་དོ། ༣༠ །བསྐྱེད་རིམ་བརྟན་པར་བྱེད་པ་ལ་བསྙེན་པའི་གྲངས་གཙོ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་ལྷ་རྟེན་འབྲེལ་གྱི་ཚོགས་པས་འགྲུབ་པར་ཤེས་དགོས་པར་བཞེད་དོ། ༣༡ །དཀའ་ཐུབ་ལ་སོགས་པ་ནི་ལྷ་ལ་བརྙེས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐ་མལ་གྱི་ལུས་སུ་བཏགས་པས་དམད་པར་བཞེད་དོ། ༣༢ །རྒྱུད་སྡེ་བཞི་ལ་སྔོན་མ་གསུམ་པོ་དྲང་དོན་ཡིན་པས་མི་ཟབ་པར་འདོད་བླ་མེད་གཅིག་ཏུ་ཟབ་པས་ངེས་དོན་ཡིན་པར་འདོད་མོད་ཀྱི། འདིར་ནི་དྲང་དོན་ངེས་དོན་ཐམས་ཅད་ལ་ཆོ་ག་རྒྱས་པ་དགོས་པར་བཞེད་དོ། ༣༣ །དབང་ནི་དང་པོ་ནས་ཆོ་ག་རྒྱས་པ་གཅིག་གི་སྒོར་འཇུག་དགོས་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་གང་གིས་འདུལ་བར་གྱུར་ན་བསྡུས་པར་ཡང་བཞེད་དོ། ༣༤ །སྲུང་བའི་འཁོར་ལོ་ནི་ཁྲོ་བོ་དང་རྡོ་རྗེ་རྭ་བ་ལ་སོགས་པ་ཟབ་པར་འདོད་པ་ཡོད་མོད་ཀྱི། འདིར་ནི་སྲུང་བའི་འཁོར་ལོ་རྨད་དུ་བྱུང་བ་བྱང་ཆུབ་ཀྱི་གོ་ཆ་ཡིན་པར་བཞེད་དོ། ༣༥ །གསང་སྔགས་ཀྱི་ཉམས་ལེན་རྨད་དུ་བྱུང་བ་ཐུན་མོང་མ་ཡིན་པ་ནི་རྩ་རླུང་གི་གདམས་ངག་ཤིན་ཏུ་ཟབ་པར་འདོད་དེ། འདིར་ནི་རྩ་རླུང་གི་གནད་ལྷག་པར་ཡང་འདུལ་བ་ཆེ་བར་བཞེད་དོ། ༣༦ །དུག་གསུམ་གྱི་བྱེད་པས་རྩ་རླུང་ཐིག་ལེ་གསུམ་མ་དག་པ་དག་པར་བྱེད་དགོས་ཟེར་བ་ལ་མཐུན་ཏེ། འདིར་ནི་སྙིགས་མ་དུག་བཅས་ཀྱི་རྩ་རླུང་ཐིག་ལེ་ཁྱད་པར་དུ་ཟབ་པར་བཞེད་དོ། ༣༧ །སློབ་མའི་དམ་ཚིག་ཤིན་ཏུ་གཉན་ལ་སློབ་དཔོན་གྱི་དམ་ཚིག་མི་གཉན་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་དཔོན་སློབ་གཉིས་ཀ་ཕན་ཚུན་དམ་ཚིག་མཉམ་པར་བཞེད་དོ། ༣༨ ༈ །ཀུན་གཞིའི་རྣམ་པར་ཤེས་པ་དེ་ས་བཅུ་པའི་བྱང་ཆུབ་སེམས་དཔས་ཀྱང་ཕྱོགས་རེ་ཟུར་རེ་ཙམ་ལས་མ་མཐོང་བར་འདོད་པ་ཡོད་མོད་ཀྱི། འདིར་ནི་བྱིན་རླབས་དང་ལྡན་པས་ཀུན་གཞི་དུས་གཞན་དུ་ཡང་མཐོང་བར་བཞེད་དོ། ༣༩ །ཆོས་ཉིད་ཀྱི་བདེན་པ་མཐོང་ནས་དཀར་པོ་ཟང་ཡག་གི་ལམ་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་མི་དགེ་བ་སྤྱོད་ན་ས་བཅུ་པ་ཡང་ངན་འགྲོར་ལྟུང་བར་བཞེད་དོ། ༤༠ །བསླབ་པ་གསུམ་གསང་སྔགས་རྡོ་རྗེ་ཐེག་པའི་ཡང་ལམ་རིམ་འདུལ་བ་ཕར་ཕྱིན་གསང་སྔགས་གསུམ་ལམ་མི་གཅིག་པར་འདོད་པ་ཡོད་མོད་ཀྱི། འདིར་ནི་ཕ་རོལ་ཕྱིན་པ་དྲུག་ཐེག་པ་གསུམ་ཆར་གྱི་ལམ་དུ་བཞེད་དོ། ༤༡ །ཕྱག་རྒྱ་ཆེན་པོ་ལ་དགེ་མི་དགེ་གཉིས་ཀས་སྒྲིབ་པར་འདོད་པ་ཡིན་མོད་ཀྱི༑ འདིར་ནི་དགེ་བའི་ངོ་བོས་ཆོས་སྐུ་ལ་སྒྲིབ་མི་སྲིད་པར་བཞེད་དོ། ༤༢ །བྲལ་བའི་འབྲས་བུ་ལ་རྒྱུ་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པར་བཞེད་དོ། ༤༣ །བསྒོམ་བྱ་སྒོམ་བྱེད་གཉིས་མེད་ནམ་མཁའ་གཉིས་འདྲེས་ནི་མཐར་ཐུག་ཏུ་འདོད་པ་ཡིན་གྱི། འདིར་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་མངོན་རྟོགས་སུ་བཞེད་དོ། ༤༤ །རླུང་གི་རྩོལ་བ་སྦྱོར་བ་བཞི་ལྡན་ལ་སོགས་པ་ཟབ་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་རླུང་མི་འཛིན་ལྷུག་པར་འཇོག་པ་གནད་ཟབ་པར་བཞེད་དོ། ༤༥ །འཕོ་བ་ནི་ཧཱུྃ་ངམ་ཡིག་འབྲུ་ལ་བརྟེན་ནས་བླ་མའམ། ཡི་དམ་གྱི་ཐུགས་ཀར་འཕོ་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་མཆོག་གི་འཕོ་བ་རྣམ་ཤེས་བླ་མ་འོད་གསལ་བྱ་བར་བཞེད་དོ། ༤༦ །སངས་རྒྱས་ནི་མྱ་ངན་ལས་འདས་ནས་བུད་ཤིང་ཟད་པའི་མེ་བཞིན་དུ་ཤིང་ཟད་མེ་ཟད་བཞིན་དུ་འདོད་པ་ཡང་ཡོད་མོད་ཀྱི། འདིར་ནི་བྱང་ཆུབ་སེམས་ཀྱི་རང་གཟུགས་མཐའ་དང་བྲལ་བའི་ངོ་བོར་བཞེད་དོ། ༤༧ ༈ །རྣམ་དག་གངས་རི་ལྟར་དཀར་དགེ་བ་དེས། །རིན་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་མི་ཤེས་གཏི་མུག་རྣམ་བྲལ་ཞིང༌། །མཐར་ཕྱིན་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག ༈ །རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ལྷན་ཐབས་ཚིགས་སུ་བཅད་པ་བཞུགས་སོ། །ན་མོ་གུ་རུ། བྱང་ཆུབ་སྙིང་པོ་རྡུལ་བྲལ་ཞིང་ཁམས་སུ། །རང་བྱུང་རྒྱལ་བ་ཡང་དག་རྫོགས་སངས་རྒྱས། །མཚུངས་མེད་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཐུབ་དབང་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །དམ་པ་མཆོག་དེའི་ཞལ་གྱི་པདྨོ་ལས། །ལེགས་འོངས་ཐུན་མོངས་མ་ཡིན་རྡོ་རྗེའི་གསུང༌། །ལྷན་ཐབས་བཞི་བཅུའི་རྩ་བ་བདུད་རྩིའི་བཅུད། །འདོད་ལྡན་རྣམས་ལ་ཡིད་དགའ་དཔལ་དུ་སྦྱིན། །ཕྱོགས་དུས་རྒྱལ་བ་ཀུན་གྱི་བསྟན་པ་གཅིག །ཐེག་པ་གྲུབ་མཐའ་ཐམས་ཅད་རྟེན་འབྲེལ་ཡིན། །ཆོས་ཕུང་བརྒྱ་ཁྲི་བཞི་སྟོང་གཉེན་པོར་གསུངས། །རེ་རེ་ལ་ཡང་གསུང་རབ་བཅུ་གཉིས་ཚང༌། །དེ་ཉིད་སྡེ་སྣོད་གཅིག་ལའང་གསུམ་ཀ་འདུས། །འཁོར་འདས་ཐམས་ཅད་ཕུན་ཚོགས་ལྔ་ཡིས་བསྡུས། །ཐུན་མོང་ཐུན་མོང་མ་ཡིན་མངོན་པའི་སྡེ། །མུ་སྟེགས་བོན་གྱིས་བདེན་པ་མཐོང་སྐབས་མེད། །ཐར་པ་ཆ་མཐུན་འགའ་ཞིག་ཡོད་ཀྱང་རུང༌། །སྡོམ་དང་སྙིང་རྗེ་ཕྱི་རོལ་པ་ལའང་ཡོད། །མཚན་ཉིད་ཐེག་པ་ཚེ་གཅིག་གིས་འཚང་རྒྱ། །ཆོས་དང་ཉམས་ལེན་འགྲོས་ཀྱིས་སངས་རྒྱས་གཅིག །སྡོམ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ། །མཐར་ཐུག་ས་ཚུན་ཚོགས་ལམ་ངོ་བོས་བགྲོད། །རྒྱུ་དང་ལྡན་ཕྱིར་ཉན་རང་སངས་རྒྱས་འགྱུར། །སྤྲོས་པ་བྲལ་ཕྱིར་འཁོར་བ་མཐའ་མེད་བཞེད། །ཆོས་ཀུན་སོ་སོར་ཐར་སྡོམ་རེ་རེར་འདུ། །སྡེ་པ་ཀུན་གྱི་རྩ་བ་ལུང་སྡེ་བཞི། །རྨི་ལམ་དུ་ནི་ཉམས་ཀྱང་ཉེས་པ་འབྱུང༌། །དག་པའི་ས་ཐོབ་ངན་འགྲོར་སོང་བའང་ཡོད། །རྒྱུ་སྤྱོད་གྱུར་ན་ས་བཅུ་པ་ཡང་ལྟུང༌། །ཉམས་ལེན་རྨད་བྱུང་རྣལ་འབྱོར་ནང་གི་ཚོགས། །ཏིང་འཛིན་མཐའ་དག་རྡོ་རྗེ་ལྟ་བུ་སྟེ། །སྡེ་སྣོད་གསུམ་མམ་དེ་ཡི་སྙིང་པོ་སྔགས། །རྟོགས་ཀྱང་བརྒྱུད་པ་ཟབ་ཕྱིར་ཆོ་ག་དགོས། །ལྷ་གཅིག་གིས་ཀྱང་ཕྲིན་ལས་ཐམས་ཅད་འགྲུབ། །ལྷ་ཀུན་མཚན་ནི་ལྷག་པའི་ལྷ་ཡིས་བཟུང༌། །དུས་བཞིར་རྩ་བའི་དམ་ཚིག་གནང་སྐབས་མེད། །ལྷ་ལ་ཅིག་ཆར་འཇུག་པ་ཟབ་མོའི་གནད། །རྟེན་འབྲེལ་ཚོགས་ལས་གྲུབ་པར་ཤེས་པ་དགོས། །ཐ་མལ་ལུས་སུ་བཏགས་ཕྱིར་དཀའ་ཐུབ་སྨད། །དྲང་ངེས་མེད་པར་ཆོ་ག་རྒྱས་པར་དགོས། །དེ་ཡིས་འདུལ་ན་བསྡུས་པ་ཡང་ནི་བཞེད། །སྲུང་བའི་འཁོར་ལོ་རྨད་བྱུང་བྱང་ཆུབ་སེམས། །རྩ་རླུང་གདམས་པ་འདུལ་བ་ལྷག་པར་ཟབ། །བྱིན་མཐུས་ཀུན་གཞི་དུས་གཞན་དུ་ཡང་མཐོང༌། །རྩ་རླུང་ཐིག་ལེ་སྙིགས་མ་དུག་བཅས་ཟབ། །རྡོ་རྗེ་ཐེག་པའི་ལམ་རིམ་བསླབ་པ་གསུམ། །ཕར་ཕྱིན་དྲུག་ནི་ཐེག་པ་གསུམ་གའི་ལམ། །དཔོན་སློབ་ཕན་ཚུན་དམ་ཚིག་མཉམ་པར་གཅིག །དགེ་བའི་ངོ་བོས་ཕྱག་ཆེན་སྒྲིབ་མི་སྲིད། །བྲལ་བའི་འབྲས་བུ་ཐམས་ཅད་རྒྱུ་དང་བཅས། །ནམ་མཁའ་གཉིས་འདྲེས་ཉན་ཐོས་ཀྱི་མངོན་རྟོགས། །རླུང་མི་འཛིན་པ་ལྷུག་པར་འཇོག་པ་ཟབ། །རྣམ་ཤེས་བླ་མ་འོད་གསལ་འཕོ་བའི་མཆོག །བྱང་ཆུབ་སེམས་ཀྱི་རང་གཟུགས་སངས་རྒྱས་ཡིན། །དེ་ལྟར་གང་གི་དགོངས་པ་ཀུན་གསལ་མཐའ། །དབང་ཐོབ་རྣམས་ཀྱིས་དཔག་པར་སླ་མིན་ཡང༌། །འདབ་ལྡན་མཁའ་ལྡིང་དབང་པོ་སྤྱན་སྔ་བའི༑ ༑མཁྱེན་དཔྱོད་གཤོག་ཡངས་རླབས་ཀྱིས་བགྲོད་པ་གང༌། །སྔོན་བྱོན་རྣམས་ཀྱིས་གསལ་བར་བྱས་མོད་ཀྱང༌། །བློ་དམན་རྣམས་ལ་ཕན་ཕྱིར་ལྷན་ཐབས་རྣམས། །ཚིགས་སུ་བཅད་པ་ཡིད་བཞིན་ནོར་བུའི་ཕྲེང༌། །དཔྱོད་ལྡན་དགའ་བའི་དོ་ཤལ་འདི་བསྟར་བས། །ལེགས་བྱས་དགེ་བ་སྟོང་ཕྲག་འབར་བའི་གཟིས། །སྐྱེ་འགྲོའི་སྒྲིབ་མུན་ཅིག་ཅར་དྲུང་ཕྱུངས་ནས། །ལུང་དང་རྟོགས་པའི་ཚོགས་གཉིས་པདྨོའི་ཚལ། །རྒྱས་པའི་བཅུད་ལ་རོལ་པའི་དཔལ་ཐོབ་ཤོག །ཅེས་པ་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་དམ་ཆོས་དགོངས་པ་གཅིག་པའི་ལྷན་ཐབས། ཚིགས་སུ་བཅད་པ་འདི་སློབ་དཔོན་རྫོགས་ཆེན་ཚང་སོགས་མོས་ལྡན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་རྗེ་བླ་མ་དྷརྨ་སཱུས་སྩལ་བའོ།། ༈ །།དམ་ཆོས་དགོངས་པ་གཅིག་པའི་ཆིངས་རྣམ་བཞི་བཞུགས། དྲི་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་འདྲེས་ཤེས་བྱའི་དངོས་པོ་ཇི་ལྟ་བ། །ཐམས་ཅད་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །མཉམ་མེད་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །རྒྱལ་བ་དེ་ཡི་ཞལ་ནས་གསུངས་པ་ཡིས། །དམ་ཆོས་ཁྱད་འཕགས་ཐུན་མོངས་མ་ཡིན་པ། །མངོན་དུ་མཛད་པའི་བཞེད་ལུགས་དཔག་མེད་ཀྱང༌། །རྨོངས་པས་དྲན་པ་ཅུང་ཟད་ཙམ་ཞིག་བྲི། །དེའང༌། ༈ ཆོས་རྗེ་རིན་པོ་ཆེ་རྒྱལ་བ་འབྲི་གུང་པའི་བཞེད་དགོངས། རྡོ་རྗེའི་གསུང་ཚིག་བརྒྱ་དང་ལྔ་བཅུ་པ་ལྷན་ཐབས་དང་བཅས་པ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་གཅིག་པ་འདི། ཆིངས་རྣམ་པ་བཞིས་སྟོན་པ་ཡིན་གསུང༌། དེ་ལ་དང་པོ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་གཅིག་པ་ཡིན་ཚུལ་ཇི་ལྟར་སྟོན་པ་དང་གཅིག །རྡོ་རྗེའི་གསུང་ཅི་ལྟར་ཡིན་ཚུལ་སྟོན་པ་དང་གཉིས། ཆོས་ཀྱི་ངོ་བོ་ཅི་ལྟར་ཡིན་བྱ་བ་སྟོན་པ་དང་གསུམ། ཉམས་སུ་ཇི་ལྟར་ལེན་ཚུལ་སྟོན་པ་དང་བཞི་ཡིན་ནོ། །དང་པོ་དགོངས་པ་གཅིག་པ་ཅི་ལྟར་ཡིན་བྱ་བ་ལ་བཞི་སྟེ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་སྐྲུན་པས་ན་ཡུམ་དུ་གཅིག །འདི་ཉིད་ལ་བརྟེན་ནས་རྒྱལ་བ་ཐམས་ཅད་སངས་རྒྱས་པས་གཤེགས་ཤུལ་དུ་གཅིག །དཔེར་ན་གྲུ་གོང་གི་མི་བཞིན་ནམ། མ་བུ་བཞིན་དུ་དགོངས་པ་གཅིག །རྒྱལ་བ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ངོར་ཡེ་ཤེས་བརྙེས་པར་གཅིག་པ་དང་བཞིའོ། །གཉིས་པ་རྡོ་རྗེའི་གསུང་ཅི་ལྟར་ཡིན་བྱ་བ་ལ་ཡང་བཞི་སྟེ། ཐ་སྙད་མཁན་པོའི་ཚིག་དང་རྟོག་གེས་རྟོགས་པར་དཀའ་བའི་དོན་གྱིས་རྡོ་རྗེ། དཔེར་ན་རྫས་ཀྱི་དངོས་པོ་རྡོ་རྗེ་ཕ་ལམ་བཞིན་དུ་གཞན་གྱིས་མི་ཐུབ་པའི་དོན་གྱིས་ན་རྡོ་རྗེ། མི་ཕྱེད་རྡོ་རྗེ་བཞིན་དུ་གཞན་གྱིས་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེ། བོད་རྒན་སྤྱི་པའི་གྲུབ་མཐའ་སྣ་ཚོགས་ཀྱི་ནང་འདིར་དཀོན་ཞིང་རྨད་དུ་བྱུང་བའི་དོན་གྱིས་ན་རྡོ་རྗེ་དང་བཞིའོ། །གསུམ་པ་ཆོས་ཀྱི་ངོ་བོ་ཅི་ལྟར་ཡིན་ཚུལ་ལ་བཞི་སྟེ། ངོ་བོ་འཁོར་འདས་ཐམས་ཅད་ལ་ནམ་མཁའ་བཞིན་དུ་མི་ཁྱབ་པ་མེད་པ་དང་གཅིག །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དངོས་པོ་ཐམས་ཅད་ལ་མི་སྟོང་པ་མེད་པ་དང་གཉིས། ཡིད་བཞིན་གྱི་ནོར་བུ་བཞིན་དུ་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་དང་མི་ལྡན་པ་མེད་པ་དང་གསུམ། ཉོན་མོངས་པའི་སྐྱོན་ཐམས་ཅད་ཀྱིས་གོས་པ་མེད་པ་དང་བཞིའོ། །བཞི་པ་ལ་ཡང་བཞི་སྟེ། བླ་མ་དང་ཆོས་ཉམས་ལེན་ཅི་ལྟར་ཡིན་ན། བླ་མ་འཇིག་རྟེན་མགོན་པོ་ཡིན་བྱ་བ་དང་གཅིག །ཆོས་གདམས་ངག་ཕྱག་རྒྱ་ཆེན་པོ་ཡིན་བྱ་བ་དང་གཉིས། གང་ཟག་ནི་འཇིག་རྟེན་བློས་སྤངས་པ་གཅིག་དགོས་བྱ་བ་དང་གསུམ། གནས་རི་ཁྲོད་དང་ནགས་ཁྲོད་དུ་ཉམས་སུ་ལེན་པ་དང་བཞིའོ། །དེ་ལྟར་ཆོས་ཀྱི་གནད་རྩ་བ་བཞི་ལ། རེ་རེ་ཡང་བཞི་བཞིར་གྱེས་པ་འདི། དགོངས་པ་གཅིག་པའི་ཆིངས་ཡིན་ཞེས་དཔལ་དམ་ཆོས་གླིང་པ་བཞེད་དོ། །དེ་ལྟར་ན་མཉམ་མེད་འབྲི་ཁུང་པའི་དམ་པའི་ཆོས་ཀུན་དང་ཐུན་མོང་མ་ཡིན་པ་དགོངས་པ་གཅིག་པ་བྱ་བ་ལ། རྡོ་རྗེའི་གསུང་རྐང་པ་བརྒྱ་ལྔ་བཅུ་ཡོད། ཚོམས་ཆེན་པོ་བདུན་ཡོད། ཁོག་དབུབས་བཀའ་བརྒྱུད་བླ་མའི་རྣམ་ཐར་བརྒྱུད་པ་བྱུང་ཁུངས་དང་བཅས་པ་ཡོད། གཞུང་ལྔ་ལྡན་ཡོད༑ ཉམས་ལེན་སྡོམ་གསུམ་གནད་གཅིག་ཡོད། དམ་ཆོས་དགོངས་པ་གཅིག་པ་ལ། ལམ་ཟབ་མོ་བླ་མའི་མོས་གུས་ཡོད། ངོ་སྤྲོད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོད། གཏན་འབེབས་དུས་གསུམ་རྒྱལ་བའི་དགོངས་པ་ཡོད། གཙོ་བོར་སྟོང་ཉིད་རྒྱུ་དང་འབྲས་བུ་ཡོད། གཞིར་བཞག་སྣང་བ་རང་སེམས་ཡོད། ཆོས་ཐམས་ཅད་ཅེས་བྱ་བ་ནི། འཁོར་འདས་གཉིས་སུ་འདུས། འཁོར་འདས་གཉིས་རང་གི་སེམས་ལ་འདུས། སེམས་སྟོང་པ་ཆོས་སྐུར་གཏན་ལ་ཕབ་པས། དོན་དེས་ན། དཔེར་ན་གདུགས་ཀྱི་ཚུལ་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དབྱེ་བ་མེད་པར་ཁོག་ཕུབ། གདུགས་ཀྱི་ཤམ་བུའི་ཚུལ་དུ་རྒྱུ་འདི་སོང་ན་འབྲས་བུ་འདི་འབྱུང་བྱ་བ་ཤ་མོང་གི་སུལ་བཞིན་མ་འདྲེས་པར་སོ་སོར་ཤན་ཕྱེ། གདུགས་ཀྱི་ཡུ་བའི་ཚུལ་དུ་སྡོམ་གསུམ་གནད་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན། གདུགས་ཀྱི་ཏོག་གི་ཚུལ་དུ་བླ་མའི་མོས་གུས་ཀྱིས་བོགས་འདོན་པའོ། །བསྟན་བཅོས་མཚན་ཉིད་དང་ལྡན་པ་ལ་སྐྱོན་དྲུག་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པ་ཞིག་དགོས་ཏེ། དེ་སྐད་དུའང༌། ཐེག་བསྡུས་འགྲེལ་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང༌། །ངན་གཡོ་བརྩེ་བྲལ་སྙིང་རྗེར་ལྡན། །ཞེས་པས་སྐྱོན་དྲུག་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའོ། ༈ །ཁོག་དབུབས་ས་དམིགས་བཞུགས། ཁོག་དབུབས་ཀྱི་ས་དམིགས་བརྒྱད་ཀྱི་ནང་ནས་གསུམ་པ་ཚོམས་བདུན་གོ་རིམ་གྱི་རྣམ་དབྱེའི་སྐབས་ནས། ཐེག་པ་ཆེན་པོ་རྒྱུད་བླ་མའི་འཁོར་ལོ་རྣམ་པ་གཉིས་པོ་དང་འདྲ་བར་འདིར་ཡང་གོ་རིམ་ཇི་ལྟར་བྱས་ནས་ཚོམས་རྣམ་པ་བདུན་པོ་འདི་བསྟན་ཀྱང་འགལ་བ་མེད། འོན་ཀྱང་སྡོམ་པ་གསུམ་གྱི་ཚོམས་འདི་ངེས་པ་ཅན་ཡིན་གསུང་བ་འདི་ལ་གདམས་ངག་ཅུང་ཞིག་སྦྱར་ན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་འཁོར་ལོ་གཉིས་སུ་ཐག་གཅོད་ན། འབྲས་བུ་དཀོན་མཆོག་གི་འཁོར་ལོ་དང༌། མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོ་ཞེས་བྱ་བ་གཉིས་ཡིན་ཏེ། དེ་ཡང་རྡོ་རྗེའི་གནས་བདུན་གྱི་ནང་ནས་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དང་པོ་གསུམ་ནི་འབྲས་བུ་དཀོན་མཆོག་གི་འཁོར་ལོ་ཡིན་ལ། དྲི་མ་དང་བཅས་པའི་ཁམས་དེ་ཉིད་སད་བྱེད་ཀྱི་རྐྱེན་ལམ་གྱི་ཆོས་རྣམས་ཀྱིས་སད་པར་བྱས་ཤིང་བྱང་ཆུབ་ཡོན་ཏན་ཕྲིན་ལས་མངོན་དུ་གྱུར་པ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བཤད་དོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་ཏེ༑ གང་ཞིག་གང་དུ་འཁོར་བའི་རྒྱུ་ནི་སེམས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་ཡོངས་སུ་བསྒོས་པ་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་སངས་རྒྱས་ཀྱིས་ཆོས་ཀྱིས་རྣམ་པར་སྦྱངས་པ་ལས། རིམ་གྱིས་དག་པར་གྱུར་པ་དེ་ཉིད་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡང་དེ་ཉིད་ཡིན་ནོ། །ཞེས་འགྲེལ་པ་མཁན་པོས་ཀྱང་བཀྲལ་ཏོ། །དེ་ལྟ་བུའི་འཁོར་ལོ་རྣམ་པ་གཉིས་པོ་འདིའི་འབྲེལ་ཀྱང༌། ཐོག་མར་དཀོན་མཆོག་གསུམ་ནས་སྨོས་ན་འབྲས་བུ་ལ་བྲོད་པ་བསྐྱེད་པ་དང་ལམ་དུ་འཇུག་པའི་ཐོག་མར་སྐྱབས་གནས་ལ་སོགས་པའི་དགོས་ཆེད་མང་པོ་ཡོད་པས། འབྲས་བུ་དཀོན་མཆོག་གི་འཁོར་ལོ་ནས་བརྩམས་ཏེ་གནས་བདུན་རིམ་པ་ལྟར་རོ། །ཡང་ན་རྒྱུ་ཁམས་སྦྱངས་པ་ལས་རྐྱེན་བྱང་ཆུབ་ཡོན་ཏན་ཕྲིན་ལས་མངོན་དུ་གྱུར་པ་ལ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོ་སྟེ། འབྲས་བུ་ཕྱིས་འཆད་པའི་འབྲེལ་ལྟར་གྱིས་ཀྱང་ཆོག་སྟེ། དྲི་མ་མེད་པའི་བྱང་ཆུབ་དང་འབྲས་བུའི་དཀོན་མཆོག་ལ་ཐ་དད་མེད་པའི་ཚུལ་ལྟར་ན་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་ཕྲིན་ལས་སོ། །དཔེ་དེ་བཞིན་དུ་ཚོམས་རྣམ་པ་བདུན་པོ་ཡང་ལྟ་སྤྱོད་ཀྱི་ཚོམས་ནས་བསླབ་གསུམ་ཆོས་འཁོར་རྟེན་འབྲེལ་སངས་རྒྱས་ཀྱི་ས་སྟེ། དེ་ལྟར་སྟོན་ན་མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོ་དང་མཚུངས། ཡང་ན། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཆོས་གསུངས། གང་གསུངས་ན་བསླབ་པ་རིན་པོ་ཆེ་གསུམ། དེ་རྟེན་འབྲེལ་རྒྱུ་འབྲས་སུ་ལྟ་སྤྱོད་སྒོམ་གསུམ་རྣམ་དག་གིས་ཉམས་སུ་ལེན་ཚུལ་ལ་སོགས་པའི་འབྲེལ་གཞན་གསུམ་དང་བཞི་པོ་འདི་ཡི་ལུགས་ལྟར་ན་འབྲས་བུ་དཀོན་མཆོག་གི་འཁོར་ལོའི་ཚུལ་ལྟར་ཡིན་ནོ། །འདིའི་མཚན་ཉིད་འཁོར་ལོ་རྣམ་གཉིས་གསལ་བྱེད་དུ་གསལ་ལོ། ༈ །ཡང་ན། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་སོགས་ཀྱི་འབྲེལ་དང་གོ་རིམ་ནི་འབྲས་བུ་དཀོན་མཆོག་གི་འཁོར་ལོ་ཡིན་ལ། ཡང༌། ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་བྱས་པ་ལས་ཀྱང་གཞན་དག་གི་རྒྱུད་ལས་སངས་རྒྱས་ལ་སོགས་པ་སྔ་མ་ལྟར་འབྱུང་ཞིང་འཁོར་བ་ལ་ནི་མྱ་ངན་ལས་འདས་པའི་འཁོར་ལོ་ཞེས་ཀྱང་བྱའོ། །ཡང་སངས་རྒྱས་ཀྱིས་ཆོས་བསྟན་པ་དེ་སྒྲུབ་པའི་དགེ་འདུན་ཐོབ་པར་བྱེད་པ་དག་རྒྱུ་ཁམས་དང་རྐྱེན་བྱང་ཆུབ་ཡོན་ཏན་ཕྲིན་ལས་རྣམས་ནི་རིམ་པ་ལྟར་ཡིན། ཡང་ཁ་ཅིག་འབྲས་བུ་ནི་བྱང་ཆུབ་ཡོན་ཏན་ཕྲིན་ལས་ལ། དག་རྒྱུ་ཁམས་རྐྱེན་ལམ་སྟོན་པའི་དཀོན་མཆོག་གསུམ་དང་འབྲས་བུ་གསུམ། རྒྱུན་བཞིར་ངེས་ཞེས་པ་ཡང་རུང་ངོ༌། །རྣམ་དག་གངས་རི་ལྟར་དཀར་དགེ་བ་དེས། །རིན་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་མི་ཤེས་གཏི་མུག་རྣམ་བྲལ་ཞིང༌། །མཐར་ཕྱིན་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

[edit]

There are 6 subtexts included in this text

1
447-473
དཔལ་འབྲི་གུང་པའི་དམ་ཆོས་དགོངས་པ་གཅིག་པའི་རྩ་བ།
dpal 'bri gung pa'i dam chos dgongs pa gcig pa'i rtsa ba
Text page
View PDF
འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ ('bri gung spyan snga shes rab 'byung gnas)
2
473-481
རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ངག་འདོན་མདོར་བསྡུས་ཏེ་ཚིགས་སུ་བཅད་པ།
rdo rje'i gsung brgya lnga bcu pa'i ngag 'don mdor bsdus te tshigs su bcad pa
Text page
View PDF
འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ ('bri gung spyan snga shes rab 'byung gnas)
3
481-488
རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ལྷན་ཐབས་བཞི་བཅུ་རྩ་བདུན་པ།
rdo rje'i gsung brgya lnga bcu pa'i lhan thabs bzhi bcu rtsa bdun pa
Text page
View PDF
འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ ('bri gung spyan snga shes rab 'byung gnas)
4
488-491
རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ལྷན་ཐབས་ཚིགས་སུ་བཅད་པ།
rdo rje'i gsung brgya lnga bcu pa'i lhan thabs tshigs su bcad pa
Text page
View PDF
འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ ('bri gung spyan snga shes rab 'byung gnas)
5
491-494
དམ་ཆོས་དགོངས་པ་གཅིག་པའི་ཆིངས་རྣམ་བཞི།
dam chos dgongs pa gcig pa'i chings rnam bzhi
Text page
View PDF
འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ ('bri gung spyan snga shes rab 'byung gnas)
6
494-497
ཁོག་དབུབས་ས་དམིགས།
khog dbubs sa dmigs
Text page
View PDF
འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ ('bri gung spyan snga shes rab 'byung gnas)