DNZ-03-GA-012: Difference between revisions

From Damngak Dzö
DNZ-03-GA-012
No edit summary
No edit summary
Line 29: Line 29:
|colophonwylie=/slob dpon chen po zhi ba lha'i bka' srol gyi rjes su 'brang ba'i sems bskyed cho ga rgyal ba'i sras po thogs med bzang po dpal gyis mdzad pa las go bde ba'i sa bcad dang bslab bya'i tshul sogs dam pa gong ma gzhan dag gi legs bshad tshad ma dang sbyar te/_blo dman la phan pa'i bsam pas rang bzos ma bslad par rgyal ba'i sras po'i ming tsam 'dzin pa blo gros mtha' yas pa'i sdes khams kyi zab bu lung rdzong shod bde gshegs 'dus pa'i sgrub gnas chen por bgyis pa dge legs 'phel//
|colophonwylie=/slob dpon chen po zhi ba lha'i bka' srol gyi rjes su 'brang ba'i sems bskyed cho ga rgyal ba'i sras po thogs med bzang po dpal gyis mdzad pa las go bde ba'i sa bcad dang bslab bya'i tshul sogs dam pa gong ma gzhan dag gi legs bshad tshad ma dang sbyar te/_blo dman la phan pa'i bsam pas rang bzos ma bslad par rgyal ba'i sras po'i ming tsam 'dzin pa blo gros mtha' yas pa'i sdes khams kyi zab bu lung rdzong shod bde gshegs 'dus pa'i sgrub gnas chen por bgyis pa dge legs 'phel//
|pdflink=File:DNZ-03-GA-012.pdf
|pdflink=File:DNZ-03-GA-012.pdf
|practicelineage=Kadam
|shechendnz=DNZ-Shechen-03-GA-009
|authortib=འཇམ་མགོན་ཀོང་སྤྲུལ་
|authortib=འཇམ་མགོན་ཀོང་སྤྲུལ་
|InitCategories=Damngak Rinpoché Dzö; DNZ-Volume-03-GA
|InitCategories=Damngak Rinpoché Dzö; DNZ-Volume-03-GA

Revision as of 16:19, 25 February 2025

Wylie title zab mo lta brgyud lugs kyi sems bskyed pa'i cho ga byang chub chen po'i gzhung lam DNZ-03-GA-012.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 3, Text 12, Pages 483-537 (Folios 1a1 to 28a5)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Zab mo lta brgyud lugs kyi sems bskyed pa'i cho ga byang chub chen po'i gzhung lam. In Gdams ngag rin po che'i mdzod, Vol. 3: 483-537. Kalimpong: Rigpe Dorje Publications, 2024. DNZ-Shechen-03-GA-009.pdf
Shechen Publications, 1999
Side notes Recto: byang chub sems sdom   Verso: bka' gdams skor
More details More details
Genre Ritual and Liturgical Texts - cho ga phyag len  ·  Vows - sdom pa
Colophon

།སློབ་དཔོན་ཆེན་པོ་ཞི་བ་ལྷའི་བཀའ་སྲོལ་གྱི་རྗེས་སུ་འབྲང་བའི་སེམས་བསྐྱེད་ཆོ་ག་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པ་ལས་གོ་བདེ་བའི་ས་བཅད་དང་བསླབ་བྱའི་ཚུལ་སོགས་དམ་པ་གོང་མ་གཞན་དག་གི་ལེགས་བཤད་ཚད་མ་དང་སྦྱར་ཏེ། བློ་དམན་ལ་ཕན་པའི་བསམ་པས་རང་བཟོས་མ་བསླད་པར་རྒྱལ་བའི་སྲས་པོའི་མིང་ཙམ་འཛིན་པ་བློ་གྲོས་མཐའ་ཡས་པའི་སྡེས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།།

/slob dpon chen po zhi ba lha'i bka' srol gyi rjes su 'brang ba'i sems bskyed cho ga rgyal ba'i sras po thogs med bzang po dpal gyis mdzad pa las go bde ba'i sa bcad dang bslab bya'i tshul sogs dam pa gong ma gzhan dag gi legs bshad tshad ma dang sbyar te/_blo dman la phan pa'i bsam pas rang bzos ma bslad par rgyal ba'i sras po'i ming tsam 'dzin pa blo gros mtha' yas pa'i sdes khams kyi zab bu lung rdzong shod bde gshegs 'dus pa'i sgrub gnas chen por bgyis pa dge legs 'phel//

[edit]
༄༅། །ཟབ་མོ་ལྟ་བརྒྱུད་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱ་ཡ། རྒྱལ་བའི་གྲོང་ཁྱེར་མཆོག་ཏུ་བགྲོད་པ་ཡི། །གཞུང་ལམ་འཇུག་པ་བདེ་ཞིང་དོན་ཆེ་བ། །བྱང་ཆུབ་སེམས་དང་དེ་ཉིད་སྒོ་དུ་མས། །སྟོན་མཛད་སྲས་དང་བཅས་ལ་གུས་ཕྱག་འཚལ། །བསྟན་པ་འདི་ལ་གཞན་དྲིང་མི་འཇོག་པར། །རྒྱལ་བའི་སྲས་ཀྱི་ལྟ་སྤྱོད་ཉིན་མོར་བྱེད། །སྐྱེ་རྒུའི་ཡིད་མཁར་འདྲེན་མཛད་འཕགས་བོད་དུ། །ཇི་སྙེད་བྱོན་པ་རྣམས་ལའང་དད་པས་འདུད། །ཤིང་རྟ་ཆེ་གཉིས་གྲགས་པའི་རིང་ལུགས་ལས། །ཟབ་མོ་ལྟ་བ་བརྒྱུད་པའི་བཀའ་སྲོལ་གྱི། །སེམས་བསྐྱེད་ཆོ་གའི་ཕྱག་ལེན་མ་འཁྲུལ་བ། །རྒྱལ་སྲས་གོང་མའི་གསུང་བཞིན་དགོད་པར་བྱ། །གང་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པ་ཚུལ་བཞིན་བརྒྱུད་པ་ལྡན་པའི་སློབ་དཔོན་གྱིས། དབུ་མ་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་རྒྱལ་སྲས་ཞི་བ་ལྷའི་ལུགས་བཞིན་བགྱིད་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་ཆོ་གའོ། །དང་པོ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་རྒྱན་གྱི་བཀོད་པ་དུ་མས་ལེགས་པར་བརྒྱན་པའི་གུང་དུ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་ཐུབ་པའི་དབང་པོའི་སྐུ་བརྙན་ལ་སོགས་པའི་རྟེན་གསུམ་ཁྱད་པར་ཅན་ཅི་འབྱོར་བཤམས་པའི་མདུན་དུ་ཆུ་གཉིས་དང༌། ཉེར་སྤྱོད་བརྒྱ་ཕྲེང་གིས་མཚོན། མཆོད་པའི་ཡོ་བྱད་ཅི་འབྱོར་རྒྱ་ཆེན་པོ། མཎྜལ་མེ་ཏོག་བཅས། དཀོན་མཆོག །ཆོས་སྐྱོང༌། དཔལ་མགོན། གཞི་བདག་བཅས་དཀར་གསུམ་གྱི་གཙང་གཏོར་ཆ་བཞི་རྣམས་ལེགས་པར་བཤམ་མོ། །དེ་ནས་སློབ་དཔོན་རང་ཉིད་ཁྲུས་བྱ། ཕུང་པོ་གསུམ་པའི་མདོ་ལན་གསུམ་འདོན་བཞིན་ཕྱག་བྱ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་སྔོན་དུ་བཏང༌། ཐལ་མོ་སྦྱར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ངག་ཏུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རང་གི་མིང་ནས་སྨྲོས་ཏེ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཞེས་སོགས་ནས། ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ ནས་ བསླབ་པར་བགྱི། །ཞེས་པའི་བར་ལན་གསུམ་དང༌། དེང་དུས་བདག་ཚེ་འབྲས་བུ་ཞེས་སོགས་དང༌། བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཞེས་སོགས་ཀྱི་བསྔོ་བ་སྨོན་ལམ་གྱི་བར་གྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ནས་རང་རྒྱུད་ཀྱི་སྡོམ་པ་རྣམ་པར་དག་པར་བྱས། དེ་ནས་ཆོས་ཀྱི་ཁྲི་ཆེན་པོའི་སྟེང་དུ་གདན་མཐོན་པོ་ལ་འཁོད་དོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སློབ་དཔོན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་དང༌། སེམས་ཅན་ཐམས་ཅད་ཕན་བདེ་ལ་དགོད་པར་འདོད་པའི་བརྩེ་བ་དང༌། ཁྱད་པར་དུ་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་པས་འདི་སྐད་བརྗོད་པར་བྱ་སྟེ། འོ་སྐོལ་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པའི་ཁུར་ཤེས་རྒྱུད་ཀྱི་སྟེང་ན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་དེ་དག་མ་བཤགས་ན། དགེ་བ་བྱས་པ་སྟོབས་ཆུང་ཞིང་འཕགས་པ་དགྱེས་པའི་ལམ་དུ་མི་འགྱུར་བས་བཤགས་དགོས། དེའང་སྟོབས་བཞིའི་སྒོ་ནས་བཤགས་ན་སྡིག་པ་ཇི་ལྟར་ཆེ་ཡང་འདག་པར་གསུངས་པས། དེ་ལྟར་བསྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། བསྟན་པའི་བདག་པོ་ཤཱཀྱ་སེང་གེ་སྐུ་མདོག་གསེར་གཙོ་མ་ལྟ་བུ་ཕྱག་གཉིས་ས་གནོན་དང་མཉམ་བཞག་གི་ཕྱག་རྒྱས་བཞུགས་པ། དེའི་མཐའ་སྐོར་དུ་ལྟུང་བ་བཤགས་པའི་ཡུལ་སངས་རྒྱས་སུམ་ཅུ་རྩ་ལྔ་གཙོ་བོར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་བཞུགས་པར་མོས་པ་བྱ་བ་ནི་རྟེན་གྱི་སྟོབས། དེ་དག་གི་དྲུང་དུ་བདག་གཞན་སེམས་ཅན་ཐམས་ཅད་ལུས་དང་མགོ་བོ་དང་ལྕེ་དཔག་ཏུ་མེད་པ་སྤྲུལ་ཏེ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དྲག་པོ་བྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བྱས་པ་ལྟུང་བ་ཐམས་ཅད་དག་ངེས་སྙམ་པ་སོར་ཆུད་པའི་སྟོབས་ཏེ། དེ་དག་དྲན་བཞིན་པའི་སྒོ་ནས་ལྟུང་བ་བཤགས་པ་ཚར་གསུམ་ཕྱག་འཚལ་བ་དང་བཅས་ཏེ་གདོན་པར་ཞུ། ཞེས་བྱས་ལ་ཕྱག་འཚལ་བཞིན་པས་ལྟུང་བཤགས་ཚར་གསུམ་གདོན་དུ་གཞུག །དེ་ནས་ཐམས་ཅད་གྲལ་དུ་འཁོད་པ་ལ་སློབ་དཔོན་གྱིས་འདི་ལྟར་བརྗོད་དོ། །འོ་སྐོལ་རྣམས་རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཁོར་འདས་ཀྱི་འདམ་ཁ་རང་དབང་ཐོབ་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་འབད་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང༌། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཤིང༌། དམ་པའི་ཆོས་ཀྱི་ནང་ནས་ཀྱང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་པས་མཚོན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་སེམས་བསྐྱེད་ཀྱི་ཆོ་ག་སྒྲུབ་པ་ལ། ཐོག་མར་སྡོམ་པའི་རང་བཞིན་གཏན་ལ་དབབ་པའི་ཚུལ་མདོ་ཙམ་སྨོས་ན། སེམས་བསྐྱེད་ཀྱི་ངོ་བོ། དབྱེ་བ། སོ་སོའི་ས་མཚམས། སེམས་བསྐྱེད་ཀྱི་རྒྱུ། ཕན་ཡོན། ཉེས་དམིགས། ཆོ་གའི་ཁྱད་པར་རྣམས་ལས། དང་པོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། མདོ་སྡེ་རྒྱན་ལས། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དབྱེ་བ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པ་སྨོན་པ་དང༌། གཞན་དོན་དུ་བྱང་ཆུབ་ཏུ་འགྲོ་བཞིན་པ་ནི་འཇུག་པ་སྟེ། བསམ་པས་འགྲོ་འདོད་དང་སྦྱོར་བས་འགྲོ་བཞིན་པ་ལྟ་བུར། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་དང༌། ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་ཀྱང་རྣམ་པ་གཉིས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་པས། ཕྱི་རོལ་སེམས་ཅན་ལ་དམིགས་ཏེ་སོ་སྐྱེ་ལ་གཙོ་བོར་སྐྱེ་བ་ཀུན་རྫོབ་སེམས་བསྐྱེད་དང༌། ནང་སེམས་ཉིད་ལ་དམིགས་ཏེ་གཙོ་བོར་འཕགས་རྒྱུད་ལ་སྐྱེ་བ་དོན་དམ་སེམས་བསྐྱེད་ཡིན་ནོ། །དེས་ན་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཏུ་སྨོན་པ་ཙམ་ལས་ཀྱང་སྐྱེ་ཞིང༌། འཇུག་པའི་སེམས་བསྐྱེད་ནི་ཆོ་ག་ལས་སྐྱེས་པའི་སྡོམ་པ་ཡིན་ཏེ། དེ་གཉིས་ཀའང་ཀུན་རྫོབ་སེམས་བསྐྱེད་དུ་འདུ་ལ། དོན་དམ་སེམས་བསྐྱེད་ནི་དེའི་ཆོས་ཉིད་གོམས་པའི་སྟོབས་ལས་སོ། །གསུམ་པ་ས་མཚམས་ནི། སྨོན་སེམས་ནི༑ དང་པོ་སེམས་བསྐྱེད་མ་ཐག་ནས་སྡོམ་པ་མ་བཟུང་བར་གྱི་ཚོགས་ལམ་ཆུང་ངུ་ནས་ཡོད་ལ། འཇུག་སེམས་ནི། འཇུག་སྡོམ་བཟུང་ནས་རྒྱུན་མཐའི་བར་ན་ཡོད་དེ། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་སོགས་ཀྱིས་འགྲུབ་ཅིང༌། གལ་ཏེ་འཇུག་སེམས་འཕགས་ལམ་ཁོ་ན་ན་ཡོད་དམ་ཞེ་ན། མ་ངེས་ཏེ། སྡོམ་པའི་རྟེན་སོ་སྐྱེའི་རྟེན་ཅན་དུ་གྲུབ་པ་དང༌། གཞན་དུ་འཇུག་སྡོམ་བླངས་ནས་རྩ་ལྟུང་སྤྱོད་པ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །བཞི་པ་སེམས་བསྐྱེད་ཀྱི་རྒྱུ་ནི། སངས་རྒྱས་ལ་དམིགས་པའི་དད་པས་སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཤེས་ནས་ཐོབ་པར་འདོད་པ་སྟེ་གསུམ་ལས་སྐྱེ་བར། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། །ཅེས་པས། གྲོགས་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་བྱས་པ་ལས་སྨོན་པ་སེམས་བསྐྱེད་མི་བརྟན་པའི་རྒྱུ་དང་པོར་འབྱུང་ཞིང༌། རང་གིས་དགེ་བ་གོམས་པ་དང་རྒྱུ་རིགས་སད་པ་དང༌། རྩ་བ་སྙིང་རྗེ་སྐྱེས་པ་ལས། འཇུག་པ་སེམས་བསྐྱེད་བརྟན་པར་སྐྱེ་བའི་རྒྱུར་གསུངས་སོ། །ལྔ་པ་སེམས་བསྐྱེད་པའི་ཕན་ཡོན་ནི། སྨོན་པ་སེམས་བསྐྱེད་ཀྱིས་ཉན་རང་གི་སེམས་བསྐྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་ཟིལ་གྱིས་གནོན་ཅིང༌། འཇུག་སེམས་ཀྱིས་རྩ་ལྟུང་མ་བྱུང་ན་གཉིད་འཐུག་པོ་ལོག་པའམ། བག་མེད་པར་གྱུར་ཀྱང་བསོད་ནམས་རྒྱུན་མི་ཆད་པ་འབྱུང་བ་སྟེ། སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལས་ཆ་ཤས་ཙམ་སྔར་བརྗོད་ཟིན་ནོ། །དྲུག་པ་སེམས་མ་བསྐྱེད་པའི་ཉེས་དམིགས་ནི། གཙོ་བོར་འཁོར་བ་དང་ངན་སོང་དུ་ལྟུང་བ་རྒྱུན་མི་ཆད་ཅིང༌། ཇི་ལྟར་ཆོས་ལ་འབད་ཀྱང་ཉན་རང་དུ་གོལ་བ་དང༌། དམྱལ་བར་ལྟུང་བ་བྱང་ཆུབ་ཀྱི་གཏན་གེགས་མ་ཡིན་ཀྱང༌། ཉན་རང་དགྲ་བཅོམ་དུ་ལྟུང་བ་ནི་གྲངས་མེད་པའི་བསྐལ་པར་བླ་ན་མེད་པ་རྫོགས་བྱང་གི་གེགས་ཡིན་པའི་ཕྱིར་རོ། །བདུན་པ་ཆོ་གའི་ཁྱད་པར་ནི། སྡོང་པོ་བཀོད་པ་དང༌། ནམ་མཁའི་སྙིང་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། འཕགས་པ་འཇམ་དཔལ་ནས་བརྒྱུད་དེ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་སྲས་ཞི་བ་ལྷ་སོགས་ཀྱི་ཕྱག་བཞེས་དབུ་མ་ལུགས་སུ་གྲགས་པ་དང༌། བྱང་ཆུབ་སེམས་དཔའི་ས་ཆེན་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། མགོན་པོ་བྱམས་པ་ནས་བརྒྱུད་དེ་འཕགས་པ་ཐོགས་མེད་སྐུ་མཆེད་དང༌། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱི་དང་ཇོ་བོ་ཨ་ཏི་ཤ་སོགས་ཀྱི་ཕྱག་བཞེས་སེམས་ཙམ་ལུགས་སུ་གྲགས་པ་གཉིས་ཡོད། དེ་དག་ཀྱང་བླང་བྱའི་ཡུལ། ལེན་པ་པོའི་གང་ཟག །ལེན་བྱེད་ཆོ་ག །མི་ཉམས་པར་སྲུང་ཚུལ་གྱི་ཁྱད་པར་སོགས་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་ལས་རྟོགས་པར་བྱ་དགོས་ཤིང༌། འདིར་དབུ་མ་ལུགས་ཀྱི་ཆོ་ག་བསྒྲུབ་པར་བགྱི་བ་ཡིན། དེ་ལ་ཐོག་མར་སྡོམ་པ་ལེན་པའི་ཚུལ། བར་དུ་མི་ཉམས་པར་བསྲུང་བའི་ཚུལ། མཐར་ཉམས་ན་ཕྱིར་བཅོས་པའི་ཚུལ་དང་གསུམ་ལས། དང་པོ་ལ། གང་ལས་བླངས་པའི་ཡུལ། གང་གིས་ལེན་པའི་གང་ཟག །ཇི་ལྟར་ལེན་པའི་ཆོ་ག་དངོས་བཤད་པའོ། །དང་པོ་ནི། ཐེག་པ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། བྱང་སེམས་ཀྱི་སྡེ་སྣོད་སྤྱི་དང་། ཁྱད་པར་བྱང་སྡོམ་འབོགས་པ་དང་བསླབ་བྱ་ལ་དཀྲི་མཁས་ཤིང༌། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་དང་བྲལ་བ་སྟེ། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །ཞེས་གསུངས་སོ། །ལུགས་འདི་ལ་སེམས་བསྐྱེད་གསར་དུ་ལེན་པ་དང་ཉམས་པ་གསོ་བ་གཉིས་ཀ་སློབ་དཔོན་མ་འབྱོར་ན་རྟེན་གྱི་དྲུང་དུ་བླངས་པས་ཀྱང་རུང་བར་བཤད་དོ། །གཉིས་པ་ནི། གཟུགས་མེད་ཁམས་པ་དང་འདུ་ཤེས་མེད་པའི་ལྷ་མ་གཏོགས་སེམས་ཅན་བརྡ་ཤེས་ཤིང་སྡོམ་པ་ལེན་འདོད་ཡོད་པ་ཀུན་ལ་སྐྱེ་བར་བཤད་པ་དང༌། ཁྱད་པར་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་ལེགས་པར་རྟོགས་ཤིང༌། དེ་དག་ཤིན་ཏུ་སྒྲུབ་དཀའ་བར་ཤེས་ཀྱང༌། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་འདོད་ཅིང༌། དེ་ལ་རང་གིས་སངས་རྒྱས་ཐོབ་དགོས་པར་ཤེས་ནས། སངས་རྒྱས་ཐོབ་པའི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པ་ཞིག་ཡིན་ཏེ། བསླབ་བཏུས་ལས། སེམས་ཅན་ཆེན་པོ་གང༌། དེ་ལྟ་བུ་ཐོས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པར་ཁུར་ཁྱེར་བ་དེས་ནི། ཕྱག་བྱ་བ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། བྱང་ཆུབ་ཏུ་བསྔོ་བ་བྱས་ལ། དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་སྟེ། དེའི་ཚིག་གིས་རྗེས་སུ་བརྗོད་པའམ། ཡང་ན་རང་ཉིད་ཀྱིས་བརྗོད་པ་ཞེས་གསུངས་སོ། །གསུམ་པ་ཇི་ལྟར་ལེན་པའི་ཚུལ་གྱི་ཆོ་ག་ལ། སྦྱོར་བ། དངོས་གཞི། མཇུག་གི་ཆོ་ག་དང་གསུམ་ཡོད། དང་པོ་སྦྱོར་བ་ལའང་བཞི། གདམས་ངག་ཁྱད་པར་ཅན་གྱིས་བློ་བཅོས་པ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ། རྟེན་ཁྱད་པར་ལ་སྐྱབས་སུ་འགྲོ་བ། ཐབས་ཁྱད་པར་གྱི་སྒོ་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱོང་བའོ། །དང་པོ་ལའང༌། སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ། ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ། མཐའ་གཉིས་དང་བྲལ་བའི་ལམ་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་གསུམ་གྱི་དང་པོ་ནི༑ འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། དམྱལ་བ་ལ་རིགས་བཅོ་བརྒྱད་ཡོད་པ་ལས། ཚ་དམྱལ་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་སྟེ་བརྒྱད་ཡིན། དེ་རྣམས་ལ་ཕན་ཚུན་མཚོན་གྱིས་འདེབས་པ་དང༌། སོག་ལེས་འདྲ་བ་དང༌། རི་གཉིས་འདུས་ནས་བཅོམ་པ་དང༌། ལྕགས་མདུང་མེ་འབར་བ་བསྣུན་ནས་ལྕགས་སྲེག་གི་ས་གཞི་ལ་བརྡབས་པ་དང༌། ལྕགས་ཀྱི་ཁང་པ་མེ་འབར་བ་སྒོ་མེད་པའི་ནང་དུ་ཆུད་པ་དང༌། ཐབ་ཆེན་པོའི་ནང་དུ་བཟོད་ཐབས་མེད་པའི་ཆུ་ཚན་གྱིས་བཙོས་པ་དང༌། ཕྱོགས་བཅུ་ཐམས་ཅད་མེས་གང་བས་བསྲེག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཅིང༌། དེ་ཐམས་ཅད་མི་དགེ་བ་ཆེན་པོའི་འབྲས་བུ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང༌། །རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། །འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང༌། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྟུང་བར་མི་དགེ་མང་པོས་འགྱུར། །ཞེས་གསུངས། གྲངས་དམྱལ་ནི༑ ཆུ་བུར་ཅན། ཆུ་བུར་རྡོལ་བ། ཨ་ཆུ་ཟེར་བ། ཀྱེ་ཧུད་ཟེར་བ། སོ་ཏམ་ཏམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་སྟེ་བརྒྱད་ཡིན་ལ། དེ་དག་ཤིན་ཏུ་གྲང་བས་ལུས་ལ་ཆུ་བུར་གྱི་ཚོགས་བྱུང་ཞིང་སྨྲེ་སྔགས་འདོན་པ་དང༌། ཤ་རུས་གས་པ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། སློབ་སྤྲིང་ལས། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས། །ལུས་སྦྲེབས་འདར་ཞིང་བསྒུར་ནས་ཀུམ་ཀུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་རྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱིས། །རལ་གྲིས་དབད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཅེས་གསུངས། ཉེ་འཁོར་བ་ནི། མེ་མ་མུར་གྱི་འོབ་ཆེན་པོར་ལྷུང་བ་དང༌། རོ་མྱགས་ཀྱི་འདམ་དུ་ལྷུང་ནས་སྲོག་ཆགས་ཀྱིས་ཤ་རུས་འབིགས་པ་དང༌། སྤུ་གྲི་བརྡལ་བའི་ཐང་ལ་ལུས་གང་རེག་སྤུ་གྲིས་གཅོད་པ་དང༌། རལ་གྲི་ལོ་མའི་ནགས་རླུང་གིས་བསྐྱོད་པས། རལ་གྲི་ཆད་ནས་ལུས་དུམ་བུར་གཏོང་བ་དང༌། ཤལ་མ་རིའི་སྡོང་པོ་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་ཡོད་པ་ལ་འབབ་འཛེགས་བྱས་པས་ལུས་རྒྱུས་པ་བཤག་པ་བཞིན་འགྲོ་བ་དང༌། ཆུ་བོ་རབ་མེད་ཅེས་བྱ་བ། ཆུ་ཤིན་ཏུ་ཚ་བར་ལྷུང་ནས་ལུས་རུས་པར་ཟངས་ཀྱིས་གཏོང་བ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་ཅིང༌། དེ་དག་ཚ་བའི་དམྱལ་བའི་ཕྱོགས་བཞི་ན་ཐམས་ཅད་ཚང་བ་རེ་རེ་ཡོད་དེ། མཛོད་ལས། དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཞེས་གསུངས། ཉི་ཚེ་བ་ནི། རྒྱ་མཚོའི་འགྲམ་ལ་སོགས་པ་སྣ་ཚོགས་ན་ཡོད་ཅིང༌། ལུས་ལ་མེ་འབར་བ་དང༌། སྲོག་ཆགས་ཀྱིས་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད་པས། དེ་ལྟར་དམྱལ་བ་པ་རྣམས་ལ་སྡུག་བསྔལ་ཤིན་ཏུ་མང་པོ་ཡོད་དེ། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས། ཡི་དྭགས་རྣམས་ལ་ལོ་ཟླ་མང་པོར་ཟས་སྐོམ་ཅུང་ཟད་ཀྱང་མི་རྙེད་པས། བཀྲེས་སྐོམ་གྱིས་གཟིར་བ་དང༌། ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཡོད་དེ། བཤེས་སྤྲིང་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས། དུད་འགྲོ་རྣམས་ལའང་གཅིག་ལ་གཅིག་ཟ་བ་དང༌། བཀོལ་བ་དང༌། ཤ་དང་པགས་པ་ལ་སོགས་པའི་ཆེད་དུ་གསོད་པ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་གྱི་རྡོག་པ་ལག་པ་དང༌། །ལྕགས་དང་ལྕགས་ཀྱུས་བཏབ་པས་བཏབ་སྟེ་བཀོལ། །ཅེས་གསུངས། མི་རྣམས་ལའང་སྐྱེ་རྒ་ན་འཆི་དང༌། མེད་པ་བཙལ་དུ་མ་རྙེད་པ་དང༌། ཡོད་པ་བསྲུང་གིས་མ་ཐུབ་པ་དང༌། དགྲ་སྡང་བ་དང་འཕྲད་པ་དང༌། གཉེན་བྱམས་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་མང་པོ་འདུག་པ་དེ་རང་རེས་མཐོང་བ་འདི་ཡིན། ལྷ་མ་ཡིན་རྣམས་ལ་ལྷའི་དཔལ་འབྱོར་ལ་ཕྲག་དོག་བྱེད་པས་ལུས་བཤག་པ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དོ། །ལྷ་མིན་གནས་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས། འདོད་ཁམས་ཀྱི་ལྷ་རྣམས་ལའང་འཆི་ལྟས་བྱུང་བའི་དུས་སུ་ལྷའི་དཔལ་འབྱོར་ལ་ཆགས་ཤིང༌། དེ་ནས་འཆི་བར་ཤེས་ནས་སྡུག་བསྔལ་ཆེན་པོ་འབྱུང་སྟེ། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་གསུངས་སོ། །གཟུགས་དང་གཟུགས་མེད་ཀྱི་ཁམས་ཀྱི་ལྷ་རྣམས་ལ་རེ་ཞིག་སྡུག་བསྔལ་གྱི་སྡུག་བསྔལ་མེད་ཀྱང༌། དེ་ནས་ཤི་འཕོས་ནས་ངན་སོང་རྣམས་སུའང་སྐྱེ་བར་འགྱུར་བ་ཡོད་དེ། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང༌། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་གསུངས། དེས་ན་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཤིང༌། མགོན་པོ་བྱམས་པས་ཀྱང་། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས། དེས་ན་འཁོར་བ་མཐའ་དག་ལས་སྐྱོ་བ་སྐྱེད་ཅིང་དེ་ལས་ཐར་བར་བྱ་བའི་ཕྱིར་འབད་པར་བྱ་བ་དེ་ལས་དགོས་པ་ཆེ་བ་གཞན་ནི་འགའ་ཡང་མེད། བཤེས་སྤྲིང་ལས། མགོ་བོའམ་གོས་ལ་བློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པས། འཁོར་བ་ལས་ཐར་བར་བྱ་བའི་ཕྱིར་དམ་པའི་ཆོས་ལ་འབད་པར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པ་ནས་བསྐྱེད་འཚལ་ལོ། །གཉིས་པ་ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས། དེ་སྤང་ནས་ཉན་རང་གི་ལུགས་ཀྱི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཐོབ་ན། སྡུག་བསྔལ་གཏན་ནས་མེད་པར་འགྱུར་བས་དེ་ཐོབ་པར་བྱ་བ་ཡིན་སྙམ་ན་མ་ཡིན་ཏེ། དེས་གཞན་དོན་མི་འགྲུབ་ལ། འཁོར་བའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མར་བྱས་པའི་དྲིན་ཅན་ཡིན་པས། དེ་རྣམས་ཀྱི་དོན་མི་བྱེད་པར་རང་ཉིད་ལྷག་མེད་ཀྱི་མྱང་འདས་སྒྲུབ་པ་ནི། དྲིན་མི་ཤེས་པས་ཁྲེལ་མེད་པའི་སྤྱོད་པར་འགྱུར་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་ན་ལྟུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟག་འཐུངས་པ། །ངལ་བ་མང་བརྟེན་བྱམས་པས་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པས། གཞན་དོན་དོར་ནས་རང་ཉིད་གཅིག་པུ་ཞི་བདེ་ཐོབ་པར་འདོད་པའི་བློ་སྤང་འཚལ་ལོ། །གསུམ་པ་མཐའ་གཉིས་དང་བྲལ་བའི་ལམ་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་སྐྱེད་པ་ནི། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྤང་དགོས་ཤིང༌། སྡུག་བསྔལ་ཐམས་ཅད་སྤངས་པའི་མྱང་འདས་དེའང་ཐོབ་པར་མི་བྱེད་ན། ཅི་ཞིག་ཐོབ་པར་བྱ་བ་ཡིན་སྙམ་ན། མྱང་འདས་ཕྱོགས་གཅིག་པ་དེ་ཐོབ་བྱ་མ་ཡིན་ཡང༌། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ནས། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་གསུངས་པ་ལྟར། ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་ན་རང་དོན་དུ་སྤངས་རྟོགས་ཐམས་ཅད་མཐར་ཕྱིན། གཞན་དོན་དུ་འཁོར་བ་མ་སྟོངས་ཀྱི་བར་དུ་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར་ཕྲིན་ལས་གྲངས་མེད་པ་འབད་མེད་ལྷུན་གྲུབ་ཏུ་མཛད་པས་ན། རང་གཞན་གྱི་དོན་མཐར་ཐུག་པ་ཡིན་པས། དེ་ཐོབ་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ཐོབ་བྱེད་ཀྱི་རྒྱུ་དེ་ནི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། རྣམ་སྣང་མངོན་བྱང་གི་རྒྱུད་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ནི་བྱང་ཆུབ་སེམས་སོ་ཞེས་གསུངས་ཤིང༌། མདོ་སྡུད་པ་ལས། དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང༌། །ཞེས་སེམས་བསྐྱེད་མེད་ན་སངས་རྒྱས་མི་འབྱུང་ལ། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡང་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་སྤྲོ་བ་ཆེན་པོ་བསྐྱེད་པར་ཞུ། གཉིས་པ་ཡུལ་ཁྱད་པར་ཅན་ལ་གསོལ་བ་འདེབས་པ་ནི། ཁྱེད་རྣམས་སེམས་བསྐྱེད་ཞུ་བར་འདོད་པས། སློབ་དཔོན་ལ་གསོལ་བ་གདབ་དགོས་པས། སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། ཅེས་དང་མཎྜལ་ཚོམ་བུ་སོ་བདུན་མ་དང༌། དེང་ནས་བྱང་ཆུབ་སོགས་སམ་ཚིགས་སུ་བཅད་པ་གང་རུང་གིས་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། ཕྱག་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་བདག་ཅག་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྩལ་དུ་གསོལ་སྙམ་པའི་འདུན་པ་ཆེན་པོ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རིགས་ཀྱི་བུ་བདག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །གསུམ་པ་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་ནི། སྐྱབས་སུ་འགྲོ་བའི་ཡུལ། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པ། དགེ་འདུན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན་ལ། དུས་བྱང་ཆུབ་སྙིང་པོའི་བར་དུ། རྒྱུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ནས། ངོ་བོ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་ལ་སངས་རྒྱས་ཐོབ་དགོས། སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་ལ་རག་ལས་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པའི་དད་པ་ཆེན་པོ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ནས། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་སོང་ནས། དེའི་བསླབ་བྱ་ལ་ད་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་གཟུང་བར་བྱའོ་སྙམ་པའི་བསམ་པ་མཛོད། བཞི་པ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱོང་བ་ནི། ཡན་ལག་བདུན་པ་འབུལ་བའི་ཡུལ། མདུན་གྱི་ནམ་མཁར་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ། འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོ་བྱས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསམས་ནས། རང་གི་ལུས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པ་བསམ་ཞིང༌། དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱང་ཁྲིད་དེ། ཐོག་མར་ཕྱག་འཚལ་བར་བསམས་ལ་གནས་ལྔ་ས་ལ་འདུད་པའི་ཕྱག་བྱ་བ་དང་ལྷན་ཅིག་རྗེས་ཟློས་ཀྱི་ཚིག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པར་བརྗོད་པ་ཤིན་ཏུ་གནད་ཆེ་བས་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་ནས་ནི་བདག་ཕྱག་འཚལ། །ཞེས་ལན་གསུམ་བརྗོད། གཉིས་པ་མཆོད་པ་དབུལ་བ་ལ་བདུན་ལས། དང་པོ་དངོས་སུ་བཤམས་པའི་མཆོད་པ་ནི། འདི་ལྟར་དངོས་སུ་བཤམས་པའི་མཆོད་པ་འདི་རྣམས་ལྷ་རྫས་ལས་གྲུབ་པའི། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ། གཙང་ཞིང་དྭངས་ལ་ཐོགས་པ་མེད་པ་ནམ་མཁའི་ཁམས་ཁེངས་པ་ཙམ་དུ་བསམས་ནས། དེ་དག་དང་གཞན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་མེ་ཏོག་ལ་སོགས་པ་རྣམས། བླ་མ་དང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ་སྙམ་པའི་དམིགས་འདུན་རྩེ་གཅིག་པས་སྔགས་ཚིག་ཕྱག་རྒྱ་རྣམས་ཀྱང་རྗེས་ཟློས་སམ་ལྷན་ཅིག་མཛད་པར་ཞུ། འདིར་གཞུང་རྙིང་ལས་བྱིན་རླབས་མ་བཤད་ཀྱང་ཕྱིས་ཀྱི་ལག་ལེན་ལ་ཀུན་རིག་ལྟར་སྦྱར་བར་མཛད་པས་སྤྲོ་ན་དེ་ལྟར་རམ། མཆོད་པའི་སྤྲིན་གྱི་གཟུངས་སྔགས་ལན་གསུམ་བརྗོད་ཀྱང་འཐུས། འབུལ་ཚིག་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་མཆིས་པ་དང༌། །བདག་གི་གུས་པས་བཤམ་པ་རྣམས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་རྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དང༌། པུཥྤེ། སོགས་སྔགས་དང་འདོན་པ་བསྒྱུར་ཏེ་དབུལ། བསྡུས་པ་བྱེད་ན་སྔགས་རྐྱང་ངམ། ཚིགས་བཅད་རྐྱང་པས་ཕུལ་ཡང་ཆོག་གོ །གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འབྲུ་དང་མེ་ཏོག །སྨན་དང་ནགས་ཚལ་ལ་སོགས་པ་ཐམས་ཅད་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་བས། བདག་ཅག་གི་ཚོགས་རྫོགས་པའི་དོན་དུ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པར་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་བརྗོད་དོ། །ཡང་བསྡུས་པར་བྱེད་ན། གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ཞེས་པ་ནས། བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་པའི་བར་བརྗོད། གསུམ་པ་ལུས་དབུལ་བ་ནི། བདག་གི་ལུས་འདི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དུ་འབུལ་ནས། དེ་དག་གི་བྱ་བ་སེམས་ཅན་གྱི་དོན་འབའ་ཞིག་བྱའོ་སྙམ་པའི་སྒོ་ནས་རྗེས་ཟློས་མཛོད། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཞེས་བརྗོད། བཞི་པ་བློས་སྤྲུལ་པའི་མཆོད་པ་ནི། བདག་གི་ཚིག་ལས་འབྱུང་བའི་ཁྲུས་ཀྱི་ཁང་པ་ཞེས་པ་ལ་སོགས་པ་འདི་རྣམས་ཚིགས་བཅད་ལས་ཇི་ལྟར་འབྱུང་བ་བཞིན་དུ། ལམ་ལམ་བྱུང་བར་བསྒོམས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་ཞུ། ཞེས་བརྗོད་ནས། རང་གི་ཚིག་དལ་ལ་དོད་པ་སྐབས་ཕྱེད་པས་འདི་རྣམས་བརྗོད་པར་བྱའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི༑ ༑རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡན་པ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བྱང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མན་དཱ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །གདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་མཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀུན། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ཞེས་བརྗོད་པར་བྱའོ༑ ༑ལྔ་པ་མཆོད་པ་ཡོངས་སུ་བསྔོ་བ་ནི། དེ་དག་ལས་གཞན་ཡང་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱེད་ཅིང༌། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་མཆོད་པའི་ཚོགས། ནམ་མཁའི་ཁམས་ཁྱབ་པར་གནས་པར་གྱུར་ཅིག་སྙམ་དུ་བསམས་ནས་རྗེས་ཟློས་མཛོད། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པ་འབབ་པར་ཤོག །ཅེས་བརྗོད། དྲུག་པ་བླ་ན་མེད་པའི་མཆོད་པ་ནི། མགོན་པོ་འཇམ་པའི་དབྱངས་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཀྱིས། མཆོད་རྫས་དཔག་ཏུ་མེད་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པ་ན། མཆོད་བྱ་མཆོད་བྱེད༑ མཆོད་པ་རྣམས་བདེན་པར་མངོན་པར་ཞེན་པ་མེད་པ་ལྟར། བདག་གིས་ཀྱང་དེ་ལྟར་མངོན་པར་ཞེན་པ་མེད་པའི་སྒོ་ནས། རྒྱལ་བ་སྲས་བཅས་མཆོད་དོ་སྙམ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཅེས་བརྗོད་པར་བྱའོ། །བདུན་པ་བསྟོད་པས་མཆོད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། ཡོན་ཏན་ཚུལ་བཞིན་བརྗོད་པའི་བསྟོད་དབྱངས་རྣམས་ཀྱིས་བསྟོད་དོ་སྙམ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་བརྗོད་ནས་མདོ་དབྱངས་བྱེད་དུ་གཞུག་གོ །གསུམ་པ་སྡིག་པ་བཤགས་པ་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་སྡིག་པ་གཏན་ནས་མི་བྱེད་སྙམ་པ་ཉེས་པ་ལས་བཟློག་པའི་སྟོབས་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་རྟེན་གྱི་སྟོབས་དང༌། སྡིག་པའི་གཉེན་པོ་རྣམས་ཉམས་སུ་ལེན་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། སྟོབས་བཞི་ཚངས་བས་སྡིག་པ་ཐམས་ཅད་འདག་པར་ཆོས་བཞི་བསྟན་པའི་མདོ་ལས་གསུངས་པས། སྔར་བྱས་ཀྱི་སྡིག་པ་དྲན་ཡུལ་དུ་བྱས་ནས་དེ་ལ་འགྱོད་པ་དྲག་པོ་དང༌། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་སྙམ་པའི་ཞེ་བཅད་ཆེན་པོ་དང༌། ད་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། རྟེན་དཀོན་མཆོག་གསུམ་ལ་བརྟེན་ནས་སྡིག་པའི་གཉེན་པོའི་ཆོས་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པའི་སྒོ་ནས། སྡིག་བཤགས་ཀྱི་ཚིག་བརྗོད་པས། སྡིག་པ་སངས་སངས་དག་པར་བསྒོམ་ཞིང༌། འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་དང༌། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བར་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི༑ ༑འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་ལན་གསུམ་བརྗོད་ནས། སྡིག་པ་བདེན་མེད་ཡིན་པས་སངས་ཀྱིས་དག་པར་བསམ་མོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། འཕགས་པ་དང་སོ་སོ་སྐྱེ་བོའི་བདེ་བ་དང་དགེ་བ་ཐམས་ཅད་ལ་ཞེ་ཐག་པ་ནས་དགའ་བའི་བསམ་པས་འདིའི་རྗེས་ཟློས་མཛོད། སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་གསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང༌། །རྒྱལ་སྲས་ས་ལ་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་བརྗོད། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ནས་ཞུ་བ་པོའི་ཚོགས་རྫོགས་པར་བྱ་བ་ལ་སོགས་པའི་དོན་དུ་ཆོས་ཀྱི་འཁོར་ལོ་མི་བསྐོར་བའང་ཡོད་པས། དེ་རྣམས་ལ་གདུལ་བྱ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ་སྙམ་པའི་བསམ་པ་ཞེ་ཐག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་བརྗོད། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པ་ལ་སོགས་པའི་དོན་དུ། མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་ཡོད་པ། དེ་རྣམས་ལ་ཞིང་དེ་རྣམས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་སུ་གསོལ་སྙམ་པའི་བསམ་པ་ཞེ་ཐག་པས། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི༑ ༑འགྲོ་འདི་ལྡོངས་པར་མི་དགོད་པར། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་བརྗོད། བདུན་པ་བསྔོ་བ་ནི། དེ་ལྟར་ཕྱག་འཚལ་བ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བ་དང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུར་གྱུར་ཅིག་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་གྱི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་དུ་ཉེ་བར་གནས་གྱུར་ཅིག །ཅེས་བརྗོད། གཉིས་པ་དངོས་གཞི་ལ་བློ་སྦྱོང་བ་དང༌། དམ་བཅའ་བ་གཉིས་ལས། དང་པོ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ཡང་དང་ཡང་དུ་མ་བྱས་པའི་དྲིན་ཅན་ཡིན་ལ། དེ་དག་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་གཟིར་འདུག་པས། བདག་ནི་ལུས་དང་ལོངས་སྤྱོད་དང་དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་དེ་དག་ལ་བཏང་ནས། དེ་དག་གི་གནས་སྐབས་དང་མཐར་ཐུག་གི་དོན་གང་དང་གང་དགོས་པ་དེ་འགྲུབ་པའི་རྒྱུར་གཏོང་ཞིང༌། དཀའ་སྤྱད་དང་སྡུག་བསྔལ་ཐམས་ཅད་དང་དུ་བླང་བར་བྱའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་བཏང་བ་ཆབ་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །བདག་གི་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་གཅོད་པ་དང༌། །བརྡེག་སོགས་ཅི་དགར་བྱེད་ལ་རབ། །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པ་བྱེད་དུ་ཆུག །བདག་ལ་དམིགས་ནས་ནམ་དུ་ཡང༌༑ ༑འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི །དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཁ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིང་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང༌། །གནས་མལ་འདོད་ལ་གནས་མལ་དང༌། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་བུ་བུམ་པ་བཟང༌། །རིགས་སྔགས་གྲུབ་དང་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་གཞིར་ཡང་ཤོག །ཅེས་པའམ། ཡང་ན་ཤོ་ལོ་ཀ་སྔ་མ་དང༌། ས་སོགས་འབྱུང་བ་ཆེན་པོ་དང༌། །ཞེས་པ་མན་ཆོད་དེ་ལ་ཤོ་ལོ་ཀ་གསུམ་བརྗོད་པར་བྱའོ། །གཉིས་པ་དམ་བཅའ་བ་ནི། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཡང༌། ཀུན་རྫོབ་ཏུ་བདག་གཞན་བདེ་སྡུག་ལ་སོགས་པ་སྣ་ཚོགས་སུ་སྣང་ཞིང༌། སྣང་བ་དེ་དག་མདོ་ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པས། ཐམས་ཅད་བདེན་པ་མེད་པ་ཡིན་ཡང༌། སེམས་ཅན་རྣམས་ཀྱིས་དེ་ལྟར་མི་ཤེས་པར་བདེན་པར་བཟུང་བས་འཁོར་བར་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཞིང༌། དེ་ལྟར་སྡུག་བསྔལ་བའི་སེམས་ཅན་དེ་ཐམས་ཅད་ཐོག་མ་མེད་པ་ནས་ཕན་བཏགས་པའི་དྲིན་ཅན་ཡིན་པས། དེ་ཐམས་ཅད་བདག་གིས་སྡུག་བསྔལ་ལས་བསྒྲལ་དགོས་པར་འདུག །ད་ལྟར་བདག་ལ་དེ་དག་སྒྲོལ་བའི་ནུས་པ་མེད་པས། དེ་ཐམས་ཅད་སྒྲོལ་བ་ལ་སངས་རྒྱས་ཐོབ་དགོས་པར་འདུག་པས། བདག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌༑ བྱང་ཆུབ་སེམས་དཔའི་བསླབ་པ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་གསུམ་པོ་དེ་ལ། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཇི་ལྟར་བསླབ་པ་དེ་བཞིན་དུ་བསླབ་པར་བྱའོ་སྙམ་དུ་བསམ་ཞིང༌། དགོངས་སུ་གསོལ་བརྗོད་པ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གི་བསམ་སྦྱོར་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་གྱི་ཡོད་པས། མཁྱེན་གྱིན་ཡོད་ངེས་སྙམ་དུ་ངེས་པར་བྱས་ནས། སེམས་རྩེ་གཅིག་པའི་སྒོ་ནས་བླ་མ་དཀོན་མཆོག་ལ་དད་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང༌༑ དེའི་ཆེད་དུ་བདག་གིས་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་ཆེན་པོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་བརྗོད། ཇི་ལྟར་སྔོན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཐོབ་པར་བྱའོ་སྙམ་པ་སྨོན་པའི་སེམས་བསྐྱེད་ནས། འཇུག་པ་བྱང་སེམས་ཀྱི་བསླབ་པ། ཚུལ་ཁྲིམས་གསུམ་ལ་རིམ་པ་བཞིན་དུ་བསླབ་པ་ལྟར། བདག་གིས་ཀྱང་སྨོན་པ་དང་འཇུག་པ་གཉིས་ལ་དེ་ལྟར་བསླབ་པར་བྱའོ་སྙམ་པའི་སེམས་ཀྱིས་རྗེས་ཟློས་གཉིས་པ་བརྗོད། བླ་མ་དཀོན་མཆོག་ལ་དད་པ་ཆེན་པོ་དང༌། སེམས་ཅན་ལ་བརྩེ་བ་ཆེན་པོ་དང༌། སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས། སྔོན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཅིས་ཀྱང་སངས་རྒྱས་ཐོབ་པར་བྱ་ཞིང༌། སངས་རྒྱས་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་གསུམ་པོ་དེ་ལ་ངེས་པར་བསླབ་པར་བྱའོ༑ ༑དེའི་དཔང་པོར་བླ་མ་དང་སངས་རྒྱས་བྱང་སེམས་རྣམས་བཞུགས་སོ་སྙམ་པའི་སྒོ་ནས་རྗེས་ཟློས་གསུམ་པ་འདི་ཤིན་ཏུ་གལ་ཆེ་བས་བཤད་པ་རྣམས་བརྡ་འཕྲོད་པ་དང༌། དམ་བཅའི་ཚིག་རྣམས་དལ་ཞིང་དོད་པ་སྐབས་ཕྱེད་པ་བརྗོད་པའི་སྒོ་ནས་རྗེས་ཟློས་གསུམ་པ་བརྗོད། གསུམ་པ་རྫོགས་པ་དང་སྨོན་འཇུག་གི་སེམས་ངེས་པར་སྐྱེ་བ་ཡིན་པས་སྐྱེས་སྙམ་པའི་ཐོབ་ཤེས་ཀྱི་དགའ་བ་བསྐྱེད་པར་ཞུ། ཞེས་བརྗོད་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གཉིས། དགའ་བ་བསྒོམ་པ་དང༌། གཏོང་རག་འབུལ་བའོ། །དང་པོ་རང་དགའ་བ་བསྒོམ་པ་དང༌། གཞན་དགའ་བ་བསྒོམ་དུ་གཞུག་པ་གཉིས་ཀྱི། དང་པོ་ནི། བདག་གིས་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་བླངས་ཀྱང༌། དོན་ཆེན་པོ་མ་གྲུབ་པས་ད་དུང་འཁོར་བར་ལུས་པ་ཡིན་པ་ལ། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས། དོན་ཆེན་པོ་གྲུབ་སྙམ་པའི་དགའ་བ་བསྒོམ་པར་བྱའོ། །དེ་ཙམ་དུ་དགའ་བ་བསྒོམས་པའི་ཕན་ཡོན་ཅི་ཡོད་ཅེ་ན། ཕན་ཡོན་ཤིན་ཏུ་མང་སྟེ། མིང་དོན་འཕོ་བ། སྡིག་པ་སྟོབས་ཆེན་སྤོང་བ། བསོད་ནམས་རྒྱ་ཆེན་ཐོབ་པ། ཡོན་ཏན་མཐའ་ཡས་ཐོབ་པ། ཕན་ཡོན་དཔེས་བསྟན་པ། སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་བ། ཕན་ཡོན་ལུང་དང་སྦྱར་བ་དང་བདུན་གྱི། དང་པོ་མིང་དོན་འཕོ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས༑ ༑འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །གཉིས་པ་སྡིག་པ་སྟོབས་ཆེན་སྤོང་བ་ནི། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེ་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གིས་ནི་ངེས་པར་སྲེག་པར་བྱེད། །ཅེས་གསུངས་སོ། །གསུམ་པ་བསོད་ནམས་རྒྱ་ཆེན་ཐོབ་པ་ནི། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །བཞི་པ་ཡོན་ཏན་མཐའ་ཡས་པ་ཐོབ་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་གསུངས་སོ། །ལྔ་པ་ཕན་ཡོན་དཔེས་བསྟན་པ་ལ་གསུམ་ལས། དམན་པ་མཆོག་ཏུ་བསྒྱུར་བ་གསེར་འགྱུར་རྩིའི་དཔེས་བསྟན་པ་ནི། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །ཞེས་གསུངས། རྙེད་དཀའ་ཞིང་རིན་ཆེ་བ་རིན་པོ་ཆེའི་དཔེས་བསྟན་པ་ནི། འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟགས་ནས་རིན་ཆེ་བས། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟེན་པར་ཟུངས། །ཞེས་གསུངས། འབྲས་བུ་མི་ཟད་ཅིང་འཕེལ་བ་དཔག་བསམ་གྱི་ཤིང་གི་དཔེས་བསྟན་པ་ནི། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྤྱད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་སོ། །དྲུག་པ་སངས་རྒྱས་ལ་མཆོད་པར་འགྱུར་བ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བླ་ན་མེད་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་པའི་ཆོས་འཛིན་པ་དང༌། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའོ་ཞེས་དང༌། ཐབས་ལ་མཁས་པའི་མདོ་ལས་ཀྱང༌། གང་ཞིག་སངས་རྒྱས་ཐམས་ཅད་མཆོད་འདོད་པས། །དེ་ཡིས་བརྟན་པར་བྱང་ཆུབ་སེམས་བསྐྱེད་བྱ། །ཞེས་དང་། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །སངས་རྒྱས་རྣམས་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་སོ། །བདུན་པ་ཕན་ཡོན་ལུང་དང་སྦྱར་བ་ནི། སངས་རྒྱས་ཕལ་པོ་ཆེ་ལས། གཞོན་ནུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་དྲུང་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཇི་ལྟར་སློབ་པའི་ཚུལ་རྒྱ་ཆེར་ཤེས་པར་བྱ་བའི་ཕྱིར་བླ་མ་ལྔ་བཅུ་རྩ་གཉིས་བསྟེན་ཅིང༌། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་མགོན་པོ་བྱམས་པས་འཁོར་མང་པོ་ལ་ཆོས་བསྟན་པ་དེའི་དྲུང་དུ་ཕྱིན་ཏེ། ཕྱག་འཚལ་ནས། བདག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ན། དེའི་བསླབ་པ་རྣམས་ལ་ཇི་ལྟར་སློབ་པའི་ཚུལ་རྣམས་མ་ཤེས་པས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པའི་ཚུལ་རྣམས་རྒྱ་ཆེར་བསྟན་དུ་གསོལ་ཞེས་ཞུས་པས། བྱམས་པས་རིགས་ཀྱི་བུ་ཁྱོད་ནི། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་ཏོ། །བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཉེས་པར་བྱས་པ་ཐམས་ཅད་སྲེག་པས་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་སའི་འོག་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །འཁོར་བའི་ཆུ་ལ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ༑ ༑ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་རྟེན་ལྟ་བུ་སྟེ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཡང་དེ་སྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་འདི་ལས་བྱུང་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་སོ། །དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་ལ་དགའ་སྤྲོ་དང་ལྡན་ཞིང༌། འདི་ལྟར་འབྱུང་བའི་ཚིག་འདི་རྣམས་དོན་ལ་ཡང་ལེགས་པར་སེམས་ཤིང་དགའ་སྤྲོ་བསྐྱེད་པའི་ངང་ནས་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བདག་ལ་བྱང་ཆུབ་སེམས་འདི་སྐྱེས། །འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བ་ངལ་གསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབ་པ་ལ། །མར་གྱི་སྙིང་ཁུ་ཕྱུང་བ་ཡིན། །འགྲོ་བའི་མགོན་པོ་སྲིད་པའི་ལམ་རྒྱུ་བའི། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ནས། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །ཞེས་བརྗོད། །ཡང་ན་ཚིགས་བཅད་དང་པོ་གཉིས་ཙམ་བརྗོད་པས་ཆོག་གོ །གཉིས་པ་གཞན་དགའ་བ་བསྒོམ་དུ་གཞུག་པ་ནི༑ བདག་གིས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པས། ཐམས་ཅད་དགའ་བར་གྱིས་ཤིག་སྙམ་པའི་བསམ་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བརྗོད་དོ། །གཉིས་པ་གཏང་རག་གི་མཆོད་པ་འབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ། བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། དེའི་དྲིན་ལན་དུ་མཆོད་པའི་བྱེ་བྲག་དང་གཏོར་མ་འབུལ་བ་ཡིན་པས་དངོས་སམ་ཡིད་ཀྱིས་རྗེས་སུ་ཟློས་པར་འཚལ། མཆོད་པ་རྣམས་ཁ་གསོས། སྤོས་དང་མར་མེ་སོགས་གསར་དུའང་འབུལ་ལ། བྱིན་རླབས་དང་སྔར་ལྟར་ཚིགས་བཅད་དབྱངས་དང་བཅས་ཏེ་འབུལ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་སོགས་ཀྱིས་ལུས་འབུལ་བ་དང་། མེ་ཏོག་དམ་པ་སོགས་བཟང་སྤྱོད་ལས་བྱུང་བའི་མཆོད་པ་ཤོ་ལོ་ཀ་གསུམ་གྱིས་དབུལ་ལོ། །གཏོར་མ་རྣམས་ཆུ་གཙང་གིས་བྲན་ལ། ༀ་ཨ་མྲི་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ༀ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ༀ་ཨཱཿ ཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁར་སྔར་བཞུགས་པའི་བླ་མ་དང་དཀོན་མཆོག་གསུམ་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་བཅས་ཏེ། ༀ་སརྦ་གུ་རུ་བུདྡྷ་དྷརྨ་སཾ་ག་ཏེ་བྷྱཿ ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་བཏགས་པ་གསུམ་མམ་ལྔས་ཕུལ། མཚན་སྔགས་དེ་ཉིད་སྔོན་འགྲོའི་ཨ་རྒྷཾ་སོགས་ཀྱིས་མཆོད། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་བོ། །གཏོར་མ་གཉིས་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་སྤྱན་དྲངས་མདུན་དུ་བཞུགས་པར་གྱུར། ༀ་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ༀ་ཨ་ཀཱ་རོ་སོགས་གསུམ་གྱིས་འབུལ། མཚན་སྔགས་དེ་མཐར། ཨ་རྒྷཾ་སོགས་ཀྱིས་མཆོད། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་རྣམས་བདེ་ཞིང་སྐྱིད་པ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་པས་ཕུལ། གཏོར་མ་གསུམ་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ༀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྤྱན་དྲངས་ལ། ༀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སོགས་ཀྱིས་མཐར། འཇིག་རྟེན་སྐྱོང་བ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གཏོར་མ་སོགས་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཕེལ་ཞིང་རྒྱས་པ་ལ་བར་ཆད་མི་འབྱུང་བའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག །ཅེས་དང༌། གཏོར་མ་བཞི་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ༀ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་བཀུག་ལ། སྔར་གྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཞི་བདག་གནས་བདག་གྲོང་བདག་དཀོར་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །སྟོབ་བོ། །བཞེས་ཤིག །བསྟན་པ་དར་བ་དང༌། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཐམས་ཅད་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱིས་བྱང་ཆུབ་སེམས་རིན་པོ་ཆེ་བསྐྱེད་པ་ལ་དགའ་ཞིང་རངས་ནས། བར་དུ་གཅོད་པ་ཐམས་ཅད་སྲུང་བའི་སྟོང་གྲོགས་དམ་པ་མཛོད་ཅིག །སྔགས་ཀྱི་མཐར་གཙྪ་བཏགས་པས་རང་གནས་སུ་གཤེགས་སུ་གསོལ། གཉིས་པ་བར་དུ་མི་ཉམས་པར་བསྲུང་བའི་ཚུལ་ལ་གཉིས། བསླབ་བྱ་ངོས་བཟུང་བ་དང༌། དེ་ཉིད་བསྲུང་ཚུལ་གྱིས་འགག་བསྡུ་བའོ། །དང་པོ་ལ་སྨོན་འཇུག་སྤྱིའི་བསླབ་བྱ་དང༌། བྱེ་བྲག་སོ་སོའི་བསླབ་བྱའོ། །དང་པོ་སྤྱིའི་བསླབ་བྱ་ལ་བསྒྲུབ་པར་བྱ་བའི་ཆོས་གསུམ་དང་ཤེས་པར་བྱ་བའི་ཆོས་བཞི་ལས། དང་པོ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དེ་ལ་འདུན་པ་དང༌། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ་དང༌། སེམས་ཅན་བློས་མི་འདོར་བའོ། །དེར་མ་ཟད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་མ་ཉམས་པར་བསྲུང་བ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀློག་པ་དང༌། རྒྱུན་དུ་བག་ཡོད་བསྟེན་པའོ། །གཉིས་པ་ནི། ལྟུང་བ་དང༌། ལྟུང་བ་མེད་པ་དང༌། ལྟུང་བའི་གཟུགས་བརྙན་དང༌། ལྟུང་མེད་ཀྱི་གཟུགས་བརྙན་རྣམས་ལེགས་པར་ཤེས་པར་བྱའོ། །མདོར་ན་བྱང་ཆུབ་སེམས་དཔས་སྒྲུབ་པའི་བསླབ་བྱ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། །གཉིས་པ་བྱེ་བྲག་གི་བསླབ་བྱ་ལ་སྨོན་པ་དང༌། འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་ལ་སྐྱེས་བུ་དམ་པའི་སྨོན་པ་གསུམ་དང༌། སྤང་བྱ་ནག་པོའི་ཆོས་བཞི་དང༌། བསྒྲུབ་བྱ་དཀར་པོའི་ཆོས་བཞི་ལ་བསླབ་པའོ། །དང་པོ་ནི། སེམས་ཅན་གྱི་དོན་དུ་རྫོགས་བྱང་ཐོབ་པར་བྱའོ་སྙམ་པ་འབྲས་བུ་ལ་སྨོན་པ་དང༌༑ ས་དང་ལམ་ཐམས་ཅད་ལ་བསླབ་པར་བྱའོ་སྙམ་པ་ཐབས་ལ་སྨོན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་བྱའོ་སྙམ་པའི་ཕྲིན་ལས་ལ་སྨོན་པའོ། །གཉིས་པ་ནི། བླ་མ་དང་སྦྱིན་གནས་བསླུ་བ་དང༌། ཐེག་པ་ཆེན་པོའི་གང་ཟག་ལ་མི་བསྔགས་པ་བརྗོད་པ་དང༌། སེམས་ཅན་ལ་གཡོ་སྒྱུ་བྱེད་པ་དང༌། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་སྟེ་ནག་པོའི་ཆོས་བཞི་པོ་དེ་སྤོང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་ནི༑ སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང༌། གཡོ་སྒྱུ་སྤངས་ཏེ་ལྷག་པའི་བསམ་པས་གནས་པ་དང༌༑ གདུལ་བར་བྱ་བའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་སྟེ། དེ་ལྟར་དཀར་པོའི་ཆོས་བཞི་པོ་དེ་ལ་བསླབས་པས་ནི་ནག་པོའི་ཆོས་བཞི་པོ་དེ་ཡང་ཤུགས་ལ་ཁེགས་པ་ཡིན་ནོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། སྤང་བྱ་དང་བསྒྲུབ་བྱ་གཉིས། དང་པོ་ལ་རྩ་བའི་ལྟུང་བ་དང་ཡན་ལག་གི་ལྟུང་བའོ། །དང་པོ་ལ། བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང༌། བློན་པོ་ལ་འབྱུང་ཉེ་བ་ལྔ། ལས་དང་པོ་བ་ལ་འབྱུང་ཉེ་བ་བརྒྱད། ཐུན་མོང་དུ་སྨོན་སེམས་བཏང་བའོ། །ལྟུང་བ་དེ་དག་འབྱུང་བའི་རྟེན་ནི་བྱང་སེམས་ཀྱི་སྡོམ་ལྡན། སྨྱོ་བ་དང་སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་སོགས་མ་ཡིན་པ་ཞིག་དགོས་ཏེ་སྨྱོ་བ་སོགས་ཀྱི་རྟེན་ལ་རྩ་ལྟུང་གང་ཡང་མི་འབྱུང་ཞིང༌། འདི་དག་ལ་ཀུན་སློང་ཉོན་མོངས་མི་དགོས་ཏེ། བྱ་བར་འོས་པ་དང་མི་འོས་པ་འཇུག་ལྡོག་ལོག་པ་ལས་ལྟུང་བར་འགྱུར་བའི་ཕྱིར་རོ། །དེ་ལ་དང་པོ་རྒྱལ་པོ་ལ་འབྱུང་བར་ཉེ་བ་ལྔ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའམ་རྐུ་བ་དང༌། དམ་པའི་ཆོས་སྤོང་བའམ་སྤོང་དུ་འཇུག་པ། དགེ་སློང་རབ་ཏུ་བྱུང་བ་ལ་ཡོ་བྱད་འཕྲོག་པ་སོགས་ཀྱི་སྒོ་ནས་གནོད་པ་བྱེད་པ་དང༌། མཚམས་མེད་ཀྱི་ལས་ལྔ་པོ་དག་ལས་གང་ཡང་རུང་བ་བྱས་པ། ལོག་ལྟས་རང་མི་དགེ་བཅུ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་འགོད་པ་དང་ལྔ་ཡིན་ཏེ། ནམ་མཁའི་སྙིང་པོའི་མདོར་གསུངས་པའི་དོན་བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་རྒྱལ་བས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་རྡེག་པ་དང༌། །བཙོན་རར་གཞུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབབས་པ་དང༌། །སྲོག་འབྲལ་བྱེད་པ་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །ཞེས་གསུངས་ཤིང༌། དགེ་འདུན་ལས་འཕྲོག་པ་ནི་རྩ་ལྟུང་དང་པོར་འདུ་བས་གསུམ་པར་དགེ་སློང་ཞེས་བཀར་ཏེ་གསུངས་པའོ། །བློན་པོ་ལ་འབྱུང་ཉེ་བའི་ལྟུང་བ་ལྔ་ནི། སྔ་མ་བཞི་ཐུན་མོང་བ་དང༌། ལོག་ལྟ་འཛིན་པའི་ཚབ་ལ། གྲོང་ངམ། གྲོང་ཁྱེར་སོགས་འཇོམས་པར་བྱེད་པ་རྣམས་སྔར་ལྟར་གཅིག་ཏུ་བགྲང་བས་ལྔ་ཡིན་ཏེ། གྲོང་ལ་སོགས་པ་འཇིག་པ་ཡང༌། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་སོ། །ལས་དང་པོ་བ་ལ་འབྱུང་བར་ཉེ་བ་བརྒྱད་ནི། དང་པོ་རིམ་གྱིས་ཐེག་ཆེན་ལ་བློ་མ་སྦྱངས་པར་སྟོང་པ་ཉིད་བསྟན་པས་སྐྲག་ནས་དེའི་བྱང་སེམས་ཉམས་པར་བྱེད་པ་དང༌། གཉིས་པ་རྫོགས་བྱང་སྒྲུབ་པའི་བསམ་སྦྱོར་ལ་ཞུགས་པ་ལས་ཕྱིར་ལྡོག་པར་བྱེད་པ་དང༌། གསུམ་པ་ཉན་ཐོས་ཀྱི་རིགས་ཅན་སོ་སོར་ཐར་པ་ལ་སློབ་པ་དག་ལ་དགོས་པ་ཁྱད་པར་ཅན་མེད་པར་དེ་སྤངས་ནས་ཐེག་ཆེན་ལ་སྦྱོར་བ་དང༌། བཞི་པ་ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་སྤོང་མི་ནུས་པར་རང་ཉིད་འཛིན་ཅིང་གཞན་ཡང་འཛིན་དུ་བཅུག་ནས་དེའི་བཤད་ཉན་འགོག་པ་དང༌། ལྔ་པ་རྙེད་བཀུར་གྱི་ཕྱིར་རྙེད་བཀུར་ཅན་གཞན་ལ་ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། དྲུག་པ་སྟོང་ཉིད་མ་རྟོགས་ཀྱང་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་དུ་སྨྲས་པ་དང༌། བདུན་པ་དགེ་སྦྱོང་དང་རྒྱལ་རིགས་ཕྱེ་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པ་གཅོད་དུ་འཇུག་པ་དང་འབྲེལ་བའི་ལྟུང་བ་དང༌། བརྒྱད་པ་ཆོས་ལྡན་གྱི་དགེ་སྦྱོང་ལ་གནོད་པའི་ཁྲིམས་ངན་བཅས་ཏེ་ཞི་གནས་ཀྱིས་མཚོན་པའི་རྣལ་འབྱོར་འདོར་བར་བྱེད་པ་དང༌། དགེ་སློང་ཡང་དག་འཇོག་གི་ནོར་འཕྲོག་ནས་ཁ་ཏོན་པ་ལ་སྟེར་བ་རྣམས་ཏེ། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །ཞེས་པ་ནས། དེ་དག་རྩ་བའི་དམྱལ་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་པའི་བར་ཤོ་ལོ་ཀ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟར་ན་རྟེན་གྱི་སྒོ་ནས་བཅོ་བརྒྱད་དུ་གསུངས་ཀྱང་རྫས་ཀྱི་སྒོ་ནས་བཅུ་བཞིར་ངེས་པའོ། །ཐུན་མོང་དུ་སྨོན་སེམས་བཏང་བ་ནི་རང་དོན་དུ་ཞི་བདེ་དོན་གཉེར་གྱི་བློ་སྐྱེས་ན་ལྟུང་བའི་ནང་ནས་ལྕི་ཤོས་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་པ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་དག་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་འབྱུང་ཚུལ་ཁྲིམས་འཆལ་བ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པས་བཅུ་དགུ་དང༌། དེའི་སྟེང་དུ་དཀོན་བརྩེགས་ལས། འཇུག་སེམས་སྤངས་ཏེ་དགེ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིན་ནོ། །ཞེས་ཀྱང་འབྱུང་ངོ༌། །གཉིས་པ་ཡན་ལག་གི་ལྟུང་བ་ནི། རྩ་བར་མ་གཏོགས་པའི་ལུས་དང་ངག་དང་ཡིད་ཀྱིས་བསླབ་བྱ་ལས་ཉམས་པ་རྣམས་ཏེ། དང་པོ་ནི། མིག་ཕབ་སྟེ་བལྟ་བར་བྱ་བ་སོགས་བསྒྲུབ་བྱ་དང་དོན་མེད་རྒྱུག་མཆོང་སོགས་དགག་བྱ་ལས་ཉམས་པའོ། །གཉིས་པ་ནི། ལེགས་པར་འོངས་སོ་ཞེས་བྱ་བ་སོགས་བསྒྲུབ་བྱ་དང༌། བྲེ་མོའི་གཏམ་སྨྲ་བ་སོགས་དགག་བྱ་ལས་ཉམས་པའོ། །གསུམ་པ་ནི། བྱམས་སྙིང་རྗེ་དང་དྲན་ཤེས་བག་ཡོད་བརྟེན་པ་སོགས་བསྒྲུབ་བྱ་དང༌། ཆགས་སྡང་མི་སྤོང་བ་སོགས་དགག་བྱའི་བསླབ་བྱ་ལས་ཉམས་པ་སྟེ་དབང་པོ་འབྲིང་བརྟུལ་གྱི་ཡན་ལག་གི་ཉེས་པ་རྣམས་ཀྱང་དེ་དག་ཏུ་འདུ་བར་བཤད་དོ། །དེ་ཡང་རྩ་ལྟུང་རྣམས་ལ་ཀུན་སློང་ཉོན་མོངས་དྲག་ཞན་སོགས་ཀྱི་དབྱེ་བ་མེད་ཀྱང་རྩ་ལྟུང་དེ་དག་བྱུང་ནས་ཐུན་ཚོད་ལས་འདས་ན་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་གཏོང་ལ། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་ཇི་སྲིད་རྫོགས་བྱང་ལས་བློ་མ་ལོག་པ་དེ་སྲིད་དུ་མི་གཏོང་ངོ༌། །དེས་ན་སྨོན་སེམས་གཏོང་བ་རྩ་ལྟུང་དང་སྡོམ་པའི་གཏོང་རྒྱུ་གཉིས་ཀར་འདོད་པ་དབུ་མ་པའི་ལུགས་སོ། །རྩ་ལྟུང་བྱུང་ཡང་ཐུན་ཚོད་ལས་མ་འདས་གོང་དུ་འགྱོད་པ་སྐྱེས་ན་སྡོམ་པ་མི་གཏོང་ལ། ཐུན་ཚོད་ནི་ཉིན་ཞག་གཅིག་གི་དྲུག་ཆའི་མཐའ་འོ། །ཉེས་བྱས་ནི་ཉིན་ཞག་གཅིག་འདས་ན་ལྟུང་བར་འགྱུར་རོ། །གཉིས་པ་སྒྲུབ་པའི་བསླབ་བྱ་ནི། ཇི་སྐད་བཤད་པའི་ལྟུང་བ་རྣམས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་ཚོགས་བསྒྲུབ་པ་ལ་བསླབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་པར་འདོད་པའི་སེམས་ས་བོན་དང་བཅས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་གསུམ་པོ་དེ་ལ་ནན་ཏན་དུ་བསླབ་པར་བྱ་སྟེ། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང༌། དགེ་བའི་ཆོས་སྡུད་པའི་སེམས་དང༌། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་དང༌། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདི་དག་ཙམ་ཁོ་ནར་ཟད་དེ། ཞེས་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་དེ་གསུམ་དུ་འདུས་པས་དེའི་སྤང་བྱ་རྣམས་སྤོང་ཞིང༌། བསྒྲུབ་བྱ་རྣམས་ལ་རྩེ་གཅིག་ཏུ་བསླབ་པར་བྱའོ། །གཉིས་པ་དེ་ཉིད་བསྲུང་བ་ལ། ཉེས་དམིགས་བསམ་པ་དང༌། བསྲུང་ཚུལ་དངོས་སོ། །དང་པོ་ལ་ཁས་བླངས་ཉམས་པ། མིང་དོན་ཤོར་བ། ངན་སོང་དུ་ལྟུང་བའོ། །དང་པོ་ནི། བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་པ་མ་བསྲུང་ཞིང་ཉམས་ན་ཉེས་དམིགས་ཤིན་ཏུ་ཆེ་སྟེ། སྟོན་པ་སངས་རྒྱས་བསླུས་པས་སངས་རྒྱས་མི་མཉེས། ཡུལ་སེམས་ཅན་བསླུས་པས་སེམས་ཅན་མི་མགུ། རང་ཆེད་དུ་བསླུས་པས་རང་དོན་ཉམས་ཤིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པ་སྟེ། བློ་གྲོས་རྒྱ་མཚོའི་མདོར། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་ནས་ཇི་སྐད་སྨྲས་པ་བཞིན་མི་བྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པ་ཡིན་ནོ། །ཞེས་སོགས་གསུངས་པ་དང༌། གཉིས་པ་ནི། རྒྱལ་པོ་རྒྱལ་སྲིད་ཤོར་བ་ལྟར་ཚེ་འདིར་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་ཞིང༌། འཆི་ཁར་མྱ་ངན་གྱིས་གདུང་བར་མདོ་ལས་གསུངས་སོ། །གསུམ་པ་ནི། ཕྱི་མར་ངན་སོང་དུ་འགྲོ་ཞིང་དེ་ལས་ཀྱང་ཐར་བར་དཀའ་བ་དང༌། རྩ་ལྟུང་གི་ཉེས་པས་ནི་སྔོན་དུ་བསྐྱེད་པའི་བྱང་སེམས་ཀྱི་དགེ་རྩ་ཐམས་ཅད་འཇིག་པ་དང༌། དཀོན་མཆོག་ལྷ་དང་བཅས་པ་བསླུས་པས་སྤྱིར་ངན་འགྲོ་དང༌། ཁྱད་པར་དམྱལ་བར་སྐྱེ་བར་གསུངས་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟ་བུའི་ཉེས་དམིགས་ཅན་གྱི་ལྟུང་བ་དེ་འབྱུང་བའི་རྒྱུ་ནི། མི་ཤེས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་དང༌། མ་གུས་པའོ། །དེ་ལ་མི་ཤེས་པ་ནི། བསླབ་པ་ལ་འབད་ཀྱང་ལྟུང་བའི་མཚན་ཉིད་མི་ཤེས་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱའོ། །བག་མེད་པ་ནི། ལྟུང་བ་ཤེས་ཀྱང་ཉེས་དམིགས་མ་མཐོང་བའམ། མཐོང་ཡང་དྲན་ཤེས་མེད་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བླང་དོར་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་དང་སྒོ་གསུམ་ལ་སོ་སོར་རྟོག་ཅིང་ལེགས་ཉེས་གང་ལ་འཇུག་ལྡོག་ཤེས་པར་བྱེད་པའི་ཤེས་བཞིན་དང༌། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང་ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་ནས་བག་ཡོད་ལ་བསླབ་པར་བྱའོ། །ཉོན་མོངས་པ་མང་བ་ནི། འཛེམ་བག་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་ཉོན་མོངས་པ་ལས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་རང་རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བསྟེན་ཅིང་འདི་ཙམ་འགལ་ཡང་ཉེས་པ་ཆུང་ངོ་སྙམ་པའི་བག་ཡངས་ཀྱི་ཚོད་ཡོད་མི་བྱའོ། །མ་གུས་པ་ནི། ལྟུང་བ་སོགས་ཤེས་ཀྱང་དམན་པ་ལ་མོས་ནས་བསླབ་པ་ལ་མི་འཇུག་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་སྟོན་པ་དང༌། དེའི་བཅས་པ་རྣམས་ལ་གུས་པར་བྱའོ། །དེ་ཡང་མི་ཤེས་པ་དང་བག་མེད་པས་ལྟུང་བ་ཆུང་ངུ། ཉོན་མོངས་པ་མང་བ་ལ་འབྲིང༌། མ་གུས་པ་ལ་ཆེན་པོ་འབྱུང་ཞིང་བསམ་པའི་ཁྱད་པར་གྱིས་ཅི་རིགས་པར་འགྱུར་བའང་ཡོད་དོ། །དེས་ན་བླང་དོར་གྱི་གནས་རྣམས་ལ་སྲོག་བསྡོས་བྱས་ནས་བསླབ་པ་ལ་ནན་ཏན་དུ་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་དགེ་བསྙེན་ལ་གསུངས་པའི་བསླབ་གཞི་ལྔ་པོ་དགེ་སློང་གིས་ཀྱང་བསྲུང་བ་མེད་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི་འབྲས་བུ་ལྷག་པར་ཡང་ཆེ་བ་སྟེ། དེ་ཉིད་ལས། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགགས་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །གསུམ་པ་ཉམས་པ་ཕྱིར་འཆོས་པ་ལ། ཉེས་པ་གཤགས་པའི་ཚུལ་དང༌། སྡོམ་པ་བཏང་ན་སླར་བླང་བའི་ཚུལ་ལོ། །དང་པོ་ལ་ཐེག་ཆེན་སྤྱིའི་ལུགས་དང༌། དབུ་མ་རང་ལུགས་ཀྱི་བཤགས་པའོ། །དང་པོ་ནི། བཤགས་བྱའི་ཡུལ་ལྟུང་བས་མ་གོས་པའི་བྱང་སེམས་སམ། རྟེན་གྱི་དྲུང་དུ་སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དང༌། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དང་ལྡན་པའི་སྒོ་ནས་བཏུད་དེ། དགོངས་གསོལ་བྱས་ནས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ་ཉེས་པ་འདི་ལྟ་བུ་ཞིག་བྱུང་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །གཉིས་པ་ནི། ངན་སོང་དུ་ལྟུང་བས་འཇིགས་ཏེ་འགྱོད་པ་ཆེན་པོས་འཕགས་པ་ནམ་མཁའི་སྙིང་པོ་མཐོང་བར་ནུས་ན་དེ་ལ་དངོས་སུ་བཤགས་པ་དང༌། དེ་ལྟར་མི་ནུས་ན་ཐོ་རངས་ལངས་ལ་གཙང་སྦྲ་དང་ལྡན་པས་ཤར་དུ་ཕྱོགས་ཏེ་མཆོད་ཅིང་ལྷའི་བུ་སྐྱ་རེངས་ལ་འཕྲིན་གསོལ་ནས། རྨི་ལམ་དུ་དེའི་མདུན་དུ་ལྟུང་བ་བཤགས་པ་དང༌། ཕྱག་བྱ་བ་དང༌། གཟུངས་སྔགས་བཟླ་བ་སོགས་ཀྱི་སྒོ་ནས་འཕགས་པ་དེ་མངོན་སུམ་དུ་མཐོང་བའམ། སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཤགས་པ་བྱ་སྟེ། བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་དང༌། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས༑ ༑ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་དང༌། ཆོས་བཞི་བསྟན་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་སྡིག་པ་ཐམས་ཅད་སྟོབས་བཞིས་འདག་པར་གསུངས་པས་སྐུ་གཟུགས་ལ་སོགས་པའི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་དང་བཅས་པས་སམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ནི་རྟེན་གྱི་སྟོབས་དང༌། སྔར་བྱས་ཀྱི་ཉེས་པ་ལ་དུག་འཐུངས་པ་ལྟ་བུའི་འགྱོད་པ་དྲག་པོ་སྐྱེས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང༌། ལྟུང་བའི་གཉེན་པོར་སྐུ་གཟུགས་བཞེངས་པ་དང་ཕྱག་མཆོད་བསྐོར་བ་བཟླས་བརྗོད་དང་ཏིང་ངེ་འཛིན་དང་སྟོང་ཉིད་སྒོམ་པ་སོགས་དགེ་བ་ལ་བརྩོན་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་འདི་དག་མི་བྱའོ་སྙམ་དུ་དམ་བཅའ་བརྟན་པར་བྱེད་པ་ཉེས་པ་ལས་ལྡོག་པའི་སྟོབས་ཏེ་བཞི་ཡིན་ནོ། །གཉིས་པ་སྡོམ་པ་བཏང་ན་བླང་བའི་ཚུལ་ནི། རྩ་ལྟུང་བྱུང་ན་ཐུན་ཚོད་ལས་འདས་ན་སྡོམ་པ་གཏོང་བས་ལེན་དགོས་ལ། ལེན་ཡུལ་དགེ་བའི་བཤེས་གཉེན་མ་རྙེད་ན་རྟེན་གྱི་དྲུང་དུ་སྔར་བཞིན་བླངས་པས་སྐྱེ་བ་ཡིན་ནོ། །མདོར་ན་དབུ་མ་ལུགས་ཀྱི་བསླབ་བྱ་ནི། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སེམས་ཅན་ཀུན་ལ་བཏང་བ་དང༌། དེ་དག་མི་ཉམས་པར་བསྲུང་བ་དང༌། དྲི་མ་དག་པར་བྱ་བ་དགོངས་ནས་གོང་དུ་སྤེལ་བ་བྱ་བ་རྣམས་ཡིན་ཏེ། བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདིར་རིགས་བྱ། །གནད་ཀྱི་གནད་དེ་གང་ཞེ་ན། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་རྣམས་ལ་གཏོང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་དང༌། དེ་ཐམས་ཅད་ཀྱི་རྩ་བ་ཡང་སེམས་བསྲུང་བ་ལ་ཐུག་སྟེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུངས་ཏེ། །ཞེས་གསུངས་ཤིང༌། སེམས་བསྲུང་བའི་ཐབས་ཀྱང་དེ་ཉིད་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །དེ་ལྟར་བདག་ནི་ཐལ་མོ་སྦྱོར། །ཞེས་དང༌། རྔ་སྒྲའི་ཚིགས་བཅད་ལས་ཀྱང༌། བདག་ནི་ནོར་ནི་གཏང་ལ་ལུས་བསྲུང་ངོ༌། །ནོར་དང་ལུས་ཀྱང་གཏང་ལ་སྲོག་བསྲུང་ངོ༌། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང༌། །ཐམས་ཅད་གཏོང་ལ་འདིར་ནི་ཆོས་བསྲུང་ངོ༌། །ཞེས་གསུངས་པ་ལྟར་བསླབ་པ་ལ་འབད་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་རྣམས་ཀྱི་སྒོ་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཆེན། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་དབུ་མ་ལུགས་ཞེས་ཡོངས་སུ་གྲགས་པའི་བཀའ་སྲོལ་ཆེན་པོ་དེ་ཉིད་ལེགས་པར་ཕུལ་གྲུབ་པ་ཡིན་པས། ཇི་སྐད་བཤད་པའི་བསླབ་བྱ་རྣམས་མི་ཉམས་པར་བསྲུང་བའི་སྒོ་ནས་སེམས་ཅན་གྱི་དོན་ཅི་ནུས་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་དང༌། མཎྜལ་དང༌། དེང་ནས་སོགས་བརྗོད་ལ། དེ་ལྟར་ན་རང་རེ་རྣམས་ཀྱིས་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཡང་དག་པར་འབོགས་པ་དང་བླངས་པ་དག་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གཅིག་ཡོད་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་དགོས་པས་བསྔོ་བ་དང་སྨོན་ལམ་གྱི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཞེས་མཚམས་སྦྱར་ལ། རྒྱས་པར་ན་མཐུན་འགྱུར་བཅས་པའི་བསྔོ་བ་དང༌། བཟང་སྤྱོད་བྱམས་སྨོན་སོགས་ཐེག་པ་ཆེན་པོའི་སྨོན་ལམ། བཀྲ་ཤིས་བཅས་རྒྱས་པར་བརྗོད། བསྡུ་བ་ན། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་དང༌། བྱང་ཆུབ་སེམས་ནི་རིན་པོ་ཆེ། །སོགས་ཇི་ལྟར་འོས་པ་དང་ཤིས་བརྗོད་བྱའོ། །འདིར་རྒྱལ་སྲས་ཐོགས་མེད་གསུངས་ལ། སེམས་བསྐྱེད་གཅིག་ལས་གཅིག་གིས་ཐོབ་པའི་བརྒྱུད་པ་ལ་སློབ་དཔོན་ཞི་བ་ལྷ་མེད་ཀྱང༌། དགྲ་ལས་རྣམ་རྒྱལ་གྱིས་སེམས་བསྐྱེད་ཀྱི་ཆོ་ག་སྤྱོད་འཇུག་གི་ལུགས་སུ་མཛད་ཅིང༌། དེ་མན་ཆད་དེའི་རྗེས་སུ་འབྲངས་པ་ཡིན་པས། ཚིག་མི་འདྲ་བ་ཅི་རིགས་པ་བྱུང་ཡང༌། དོན་སྤྱོད་འཇུག་གི་ལུགས་ཡིན་ཏེ། བླ་མ་གོང་མའི་རྣམ་བཞག་ལས་ཀྱང༌། སློབ་དཔོན་ཆེན་པོ་ཞི་བ་ལྷའི་ལུགས་ཞེས་གསུངས་སོ། །ཡང་དགྲ་ལས་རྣམ་རྒྱལ་གྱིས་སྤྱོད་འཇུག་གི་གཞུང་ཕྲལ་ནས་སྨོན་འཇུག་སྡོམ་པ་རིམ་གྱིས་ལེན་པར་མཛད་ཀྱང༌། སློབ་དཔོན་ནག་པོ་ཞབས་ཀྱིས་དཀའ་འགྲེལ་ནས། སྨོན་འཇུག་སོ་སོར་ལེན་ན་གཞུང་ཕྲལ་ནས་ལེན་ལ། སྟབས་སུ་ལེན་ན་གཞུང་ཇི་ལྟ་བ་བཞིན་ལེན་པར་གསུངས་པས། འདི་ནི་གཞུང་ཇི་ལྟ་བ་བཞིན་སྐབས་སུ་ལེན་པའི་ཆོ་ག་ཡིན་ནོ། །ཞེས་གསུངས། དེ་ལྟར་དབུ་མ་ལུགས་ཀྱི་འདི་ལའང་ཕྱག་ལེན་རྒྱས་འབྲིང་བསྡུས་གསུམ་སྣང་བའི་རྒྱས་པ་ནི་འདིར་བཀོད་པ་ཉིད་མཐར་ཆགས་སུ་བཏང་བ་ཡིན་ཅིང༌། ཉམས་ལེན་ཕྱིར་བཅོས་པའི་ཚུལ་མ་བརྗོད་ཀྱང་ཆོག །འབྲིང་པོ་བྱེད་ན། འོ་སྐོལ་རྣམས་རྙེད་པར་དཀའ་བ་ཞེས་པ་ནས། སེམས་བསྐྱེད་ཀྱི་ཆོ་ག་སྒྲུབ་སྡོང་པོ་བཀོད་པ་སོགས་ནས། དབུ་མ་ལུགས་ཀྱི་ཆོ་ག་བསྒྲུབ་པར་བགྱི་བ་ཡིན། དེ་ལ་ཐོག་མར་ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་སོགས་སྦྲེལ་ལ། སྦྱོར་བ་གསོལ་གདབ། སྐྱབས་འགྲོ། ཡན་ལག་བདུན་པ་བཟང་སྤྱོད་ལྟར་བྱས་པས་ཆོག །དངོས་གཞི་སྔར་དང་འདྲ། རྗེས་གཞན་དགའ་བ་བསྐྱེད་པའི་བར་བྱས་ནས་བསྔོ་བ་བྱའོ། །བསྡུས་པ་ནི། ཡན་ལག་བདུན་པ་བྱས་ནས། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སོགས་དང༌། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་སྔར་ལྟར་བརྗོད་པའི་རྗེས་སུ་རང་གཞན་དགའ་བ་བསྐྱེད་པ་སྔར་ལྟར་བྱས་པས་ཀྱང་འགྲུབ་ལ། དེ་དག་གང་གི་ཚེའང་མཐར་བསྔོ་སྨོན་ཚུལ་བཞིན་བྱའོ། །རྒྱུ་རྐྱེན་རྣམ་དག་སེམས་ཀྱི་ས་བོན་ནི། །ལེགས་པར་ཐེབས་ནས་འཕེལ་ཞིང་རབ་རྒྱས་པའི༑ ༑བྱང་ཆུབ་ཆེན་པོའི་སྤྱོད་པ་རྒྱལ་བའི་སྲས། །དུས་གསུམ་གཤེགས་པ་ཀུན་ལས་ཆེས་འཕགས་ཤོག །མཁའ་ཁྱབ་འགྲོ་ཀུན་རྒྱུད་ལ་རིན་ཆེན་སེམས། །དཀའ་བ་མེད་པར་གཅིག་ཅར་སད་ནས་ཀྱང༌། །བཟང་པོ་སྤྱོད་པ་རྒྱ་མཚོའི་མཐར་ཕྱིན་ཏེ། །ཀུན་བཟང་རྣམ་ཐར་བསམ་ཡས་འགྲུབ་གྱུར་ཅིག །སློབ་དཔོན་ཆེན་པོ་ཞི་བ་ལྷའི་བཀའ་སྲོལ་གྱི་རྗེས་སུ་འབྲང་བའི་སེམས་བསྐྱེད་ཆོ་ག་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པ་ལས་གོ་བདེ་བའི་ས་བཅད་དང་བསླབ་བྱའི་ཚུལ་སོགས་དམ་པ་གོང་མ་གཞན་དག་གི་ལེགས་བཤད་ཚད་མ་དང་སྦྱར་ཏེ། བློ་དམན་ལ་ཕན་པའི་བསམ་པས་རང་བཟོས་མ་བསླད་པར་རྒྱལ་བའི་སྲས་པོའི་མིང་ཙམ་འཛིན་པ་བློ་གྲོས་མཐའ་ཡས་པའི་སྡེས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།