DNZ-18-TSHA-010-093: Difference between revisions

From Damngak Dzö
DNZ-18-TSHA-010-093
(Imported new text files with Wyckibaat for processing)
(No difference)

Revision as of 10:18, 29 May 2025

(༩༣) །ཞང་གི་ཟབ་རྒྱའི་ཁྲིད་ཡིག །ཞང་གི་ཟབ་རྒྱའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་ངག་ཡིད་གསུམ་བརྡ་ཐབས་ལ། བྱིན་གྱིས་བརླབས་པ་ཡིན་ཏེ། ཁྱོད་ཡི་དམ་ལྷ་སྐད་ཅིག་ལ་སྒོམས་ཤིག །གསལ་ལམ་དྲི། གསལ་ཟེར་ན། སྣང་བ་དེ་ད་ཅི་ཡོད་དམ་མེད་དྲིས་པས། མེད་ཟེར་ན། འོ་ན་དེ་འགག་གམ་མ་འགགས་དྲི། འགག་ཟེར་ན། འོ་དེ་རྟོག་པ་གློ་བུར་བ་ཡིན། རྟེན་སྐད་ཅིག་མ་ཙམ་ཡིན། ཡང་མདུན་ཏུ་ཁ་དོག་གཅིག་བསྒོམ་བཅུག་གོ །ཁ་དོག་དེ་སྣང་ངམ་དྲི། སྣང་ཟེར་ན། ད་ཅི་ཡོད་དམ་མེད་དྲི། མེད་ཟེར་ན། འོ་དེ་ཁ་དོག་གློ་བུར་སྐད་ཅིག་མ་ཡིན། ཆོས་ཐམས་ཅད་དེ་འདྲ། ཡང་སྟེང་སངས་རྒྱས་ཞིང༌། འོག་དམྱལ་བའི་ཞིང༌། ཞིང་ཁམས་སུ་འཛིན་པ་བློ། དེ་ཁ་སེམས་ཀྱིས་བྱས་པ་ཡིན་ལ། རྐྱེན་ལས་སྐྱེས་པ་ཡིན། ཡིད་ཀྱི་རྟོག་པ་ཐམས་ཅད་གཞི་མེད་རྩ་བྲལ། ངག་གི་བརྡ་ནི་རྡོ་རྗེ་ཕག་མོའི་གྲོང་ཁྱེར་ཙིནྡྷོ་ན་བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས་པ་ཐོས་སམ་བྱ། ཐོས་ཟེར་ན། དེ་ཉིད་དུ་ཐལ་མོ་བརྡབ། སྒྲ་དེ་ཐོས་སམ་བྱ། ཐོས་ཟེར་ན། ད་ཅི་སྤྱོད་པའི་བློ་གྲོས་སྣང་ངམ་མི་སྣང་བྱ། ཐལ་མོའི་རྐྱེན་གྱིས་མི་སྣང་ཟེར་ན། འོ་དེ་ཁ་རྟོག་པ་གློ་བུར་བ་རང་བཞིན་མེད་པ་ཡིན་ནོ། །ཡང་སུམ་ཅུ་རྩ་གསུམ་ཆོས་བཟང་ལྷའི་མདུན་ས་ན་ལྷའི་དབང་པོ་བརྒྱ་བྱིན་བཞུགས་སོ་ཞེས་བྱ། དེ་ཉིད་དུ་ངག་ཏུ་ཕཊ་ནམ་མཁའི་མཐོང་ན་མཚོན་པའི་དཔེ་གཅིག་འདུག་གོ་བྱ། དེར་དབང་པོ་མ་བརྗེད་དམ་བྱ། སྒྲ་ཕྱི་མ་དེའི་རྐྱེན་གྱིས་བརྗེད་ཟེར་ན། དེ་ཁ་རྟོག་པ་གློ་བུར་བ་ཡིན། སྣང་གྲགས་དེ་དང་འདྲའོ། །མདོར་ན་ལུས་ཀྱི་སྤྱོད་ལམ་ངེས་མེད་མང་པོ་བསྟན་པས། རྟོག་པ་གློ་བུར་བ་རྐྱེན་ལས་སྐྱེས་པ་སྐད་ཅིག་མ་ངོ་བོ་སྟོང་པ། ངེས་མེད་གཞི་མེད་རྩ་བྲལ། དེ་ལྟར་བརྡ་སྣ་ཚོགས་ཀྱིས་མཚོན་ནས། གཅེར་མཐོང་ཐུག་ཕྲད་དུ་ངོ་སྤྲད། ཅིར་སྣང་ཐམས་ཅད་བློ་བུར་བ་རང་བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟ་བུ། བར་སྣང་ལྟ་བུར་ངོ་སྤྲད། དེ་ལ་སྐུ་ཡེ་ཤེས་ལྔ་ཇི་ལྟར་གནས་ཤེ་ན། གཞི་རྩ་གང་ཡང་མེད་དེ། སྐྱེ་མེད་ཆོས་སྐུ། རྟེན་འབྲེལ་གྱིས་སྐྱེས་པ་སྤྲུལ་སྐུ། ངོ་བོས་སྟོང་པ་སྣང་སྟོང་ཐ་དད་མེད་པ་ལོངས་སྐུ། དབྱེར་མེད་ངོ་བོ་ཉིད་སྐུ། དེ་སྐུ་བཞི་ལྷུན་གྲུབ་གོམས་པར་བྱས་པ་ཙམ་ལས་ལམ་ལོགས་པ་ཞིག་སྦྱངས་པས་འབྲས་བུ་ལོགས་ནས་ཐོབ་རྒྱུ་མེད། ཕྱག་ཆེན་མངོན་སུམ་ལམ་བརྡའི་ངོ་སྤྲོད་དོ། །ཞང་གི་ཐུགས་ནས་ཕྱུང་བ་ཀུན༵། །དཔེ་བཞག་དག༵འ་མགུ་རངས་པའི་སྲོལ། །སེམས་ཉིད་འཆིང་གྲོལ༵་མཆོ༵ག་སྟོན་གནས། །ཡི་གེར་སྣང་བ་འདི་ཉིད་དོ། །ཞང་གི་ཟབ་རྒྱ་ནས་བཏུས་སོ།