རི་ཆོས་ཀྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-100
Wylie title ri chos kyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 100, Pages 462-466 (Folios 132b2 to 134b2)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Ri chos kyi khrid yig. In Gdams ngag rin po che'i mdzod, Vol. 18: 462-466. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

རི་ཆོས་ཉིད་ལས་བཏུས་སོ།

ri chos nyid las btus so/

[edit]
(༡༠༠) །རི་ཆོས་ཀྱི་ཁྲིད་ཡིག །རི་ཆོས་སྙིང་པོ་མ་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། དྲག་རླུང་གནད་ལྔ་ལ། རྔུབ་པ་དང༌། དགང་བ་དང༌། གཞིལ་བ་དང༌། མདའ་ལྟར་འཕང་བ་དང༌། བུམ་པ་ཅན་ཁ་སྦྱར་གྱི་གནད་དེ། རྔུབ་པའི་ལུས་གནད་རྔུབ་ལུགས་ཀྱི་གནད་ཐེམ་སྐྱོན་ཡོན་ཤན་འབྱེད་དེ། དེ་བཞིན་དུ་འོག་མ་བཞི་ལ་སྦྱར་ཏེ་ཡི་གེར་འབྲི་བའི་སྲོལ་མེད་པས་ལག་ལེན་བླ་མས་སྟོན་པ་ཉིད་ཡིན་ནོ། །འཕོ་བ་ཧཱུྃ་དམར་མ་ལ་སྦྱོང་བ་དང་ལས་སྦྱར་གྱིས་སྦྱོང་བ། ལུས་གནད་དང་ལྡན་པའི་སྤྱི་བོར་བླ་མ་བསྒོམས་པའི་བླ་མའི་གསང་སྒོ་དང༌། རང་གི་ཚངས་བུག་ཐད་མཉམ་དུ་བསམ། དད་མོས་ཆེར་བསྐྱེད། ལྟེ་བར་ཧཱུྃ་དམར་པོ་བྱུ་རུའི་མདོག་ལྟ་བུ་སྟེ། གསང་གནས་སུ་ལྷན་ནེ་བབས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་སྤྲོས། ལུས་ནང་གི་མི་གཙང་བ་དང་ལྗན་ལྗིན་མ་ལུས་པ་བསྲེགས། སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟར་གྱུར། ཡང་ཧཱུྃ་ལས་ཧཱུྃ་སྦྲེལ་མ་རེ་ཆད་དེ། བཤང་ཁ། ཆུ་སོ། ལྟེ་བ། ཁ་སྣ། མིག །རྣ་བ། སྨིན་མཚམས་བཀག །མཚོག་སྒོ་སྤྱི་གཙུག་ཚངས་པའི་སྒོ་ཧར་རེ་ཕྱེ་བར་མོས། ལུས་སྟོང་པའི་དཀྱིལ་ན་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ་མས་སྣ་ལོང་ཁ་ཕུགས་རྡུགས་ལྟར་ལམ་མེ། ཡས་སྣ་སྟོང་གསལ་ལེ་ཚངས་བུག་ལ་ཟུག་པར་བསམ། ལྟེ་བར་གསང་གནས་ཀྱི་ཧཱུྃ་འོངས་ནས་དམར་ཤིག་ཤིག་འགུལ་འགུལ་ལྡེག་ལྡེག་ལ་ཡིད་གཏོད་པའི་ངང་ནས་ལས་སྦྱོར་ཧཱུྃ་དམར་རྒྱང་ངེ་སྐར་མདའ་ལྟར་དབུ་མའི་ལམ་ནས་སོང༌༑ བླ་མའི་གསང་སྒོར་ཟུལ་ཞུགས་པས་བླ་མ་ཏོག་གིས་ཡར། སུམ་ཅུ་རྩ་གསུམ་གྱི་གནས་རྡོ་ཨ་མོ་ལི་ཀའི་སྟེང་ན་ཕྱག་རྒྱ་ཆེན་པོའི་ངང་ལ་ཁད་དེ་བཞུགས་པར་བསམ་མོ། །སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མ་ནི༑ ཆོས་ཉིད་ཅི་ཡང་མ་ཡིན་ཡོད་པ་ལ་ལྟོས་ནས་མེད་པ་ལྟ་བུ་ཕྱོགས་རེ་རེའི་སྟོང་པ། བུམ་སྣོད་ཆུས་སྟོང་པ་ལྟར་ཉི་ཚེའི་སྟོང་པ། སྟོང་པ་དང་སྟོང་ལུགས་ཀྱི་སྒྲོ་འདོགས་པ་རྣམ་གྲངས་ཀྱི་སྟོང་པ། བློར་མ་གྲུབ་པའི་ཡུལ་གཅིག་བསམ་པ་ཡིད་ཀྱི་སྟོང་པ་སྟེ། དེ་ལྟའི་དྲི་མས་མ་གོས་པའི་སྣང་སྲིད་འཁོར་འདས་ཐམས་ཅད་སྟོང་པ་ཉིད་དེ། ངའི་ལྟ་བ་འདི་ཡིན་ཅེས་ཡོངས་གཅོད་དུ་གྲུབ་པ་མེད་པས་ལྟ་བ་སྟོང་ལ། འདི་མིན་ཅེས་རྣམ་གཅོད་ཀྱི་དགག་ཆ་མེད་པས་ལྟ་མིན་གྱིས་སྟོང་སྟེ་ཕྱོགས་སུ་མ་ལྷུང་བའི་མཐའ་བྲལ་ཆེན་པོའོ། །དེ་ལྟར་གྱུར་པ་ཡང་བླ་མའི་གདམས་ངག་གི་ཟབ་ཆ་མིན། སློབ་མའི་ཤེས་རབ་ཀྱི་གོ་བ་མིན། མ་བཅོས་གདོད་མའི་གནས་ལུགས་དེ་ལྟར་དུ་བཞུགས་པ་ཡིན་ནོ། །གཞི་ལམ་འབྲས་བུའི་སྟོང་ལུགས་གསུམ་སྟོང་པ་འཐད་ལྡན། སྟོང་པ་གཏན་ལ་དབབ་ལུགས། སྟོང་པ་ཉིད་ཀྱི་སྐྱོན་ཡོན་ཏེ། དུམ་བུ་དྲུག་མ་ཚིགས་དྲུག་ཏུ་བཞག་གོ ༑ནད་འདོན་ཧཱུྃ་ཆོས་མ་ནི། རང་གི་སྙིང་ཁར་ཧཱུྃ་སྔོན་པོ་རྩེ་སོར་གང་ཙམ་གཅིག་བསྒོམ། ཚ་གྲང་གི་དབྱེ་བས་ཧཱུྃ་དཀར་དམར་རེག་བྱ་བསིལ་བ་དང༌། ཚ་བ་ལུས་སྟོད་སྨད་དུ་དམིགས་ནས་ནད་རྣམས་ཁབ་ལེན་གྱིས་ལྕགས་ཕྱེ་སྡུད་པའི་དཔེས་འུབ་ཀྱིས་བསྡུས་ལ་མཐར་སྤྱི་བོ་ནས་རྒྱངས་ཏེ་བཏོན་ལ་བཞག །སྐྲངས་པའི་ཁོལ་བུ་ལ་གང་ན་སར་ཧཱུྃ་མཐིང་ཁ་བསམ། ནད་བསྡུ་ཚུལ་གོང་བཞིན་སོར་མོའི་རྩེ་ནས་ཕྱིར་འདོན། གཞན་གྱི་ནད་འདོན་བྱེད་ན། རང་གི་སྙིང་ཁའི་ཧཱུྃ་ཕྱིར་འགྲོ་བ་དང་བསྟུན། དྲག་ཏུ་བུས་པས་ཧཱུྃ་ཕྲེང་བ་བརྒྱུས་པ་ལྟར་བར་མ་ཆད་པར་ནད་པའི་སྣ་སྒོ་ནས་ཞུགས། ལུས་ནད་ཧཱུྃ་གིས་མེར་ཁེངས། ནད་མ་ལུས་པ་བསྡུས། ཚུར་ཧཱུྃ་སྔགས་ཕྲེང་རྣམ་པས་རང་གི་སྣ་སྒོ་ནས་ནང་དུ་རྔུབ་ལ། མཐར་ཕྱིན་སངས་ཀྱིས་བུས་པས་ནད་སྣང་ནམ་མཁའི་ན་བུན་ཡལ་བ་ལྟར་བསམ། ནད་གདོན་ཚེར་མ་འདོན་པ་འདྲ་བར་སྣང་ངོ༌། །གསང་གཅོད་རྣལ་ལམ་མ་ནི། ལྷ་འདྲེ་སྟོང་པའི་གཟུགས་བརྙན་འདི། །ལམ་དུ་འཁྱེར་ན་འདི་ལྟར་རོ། །ཕ་མ་ཡིན་པས་བྱམས་པ་བསྒོམ། །བླ་མ་ཡིན་གྱིས་གསོལ་བ་ཐོབ། །ཡི་དམ་ཡིན་གྱིས་དངོས་གྲུབ་ཞུས། །ལྷན་སྐྱེས་ཡིན་གྱིས་ངང་ལ་ཞོག །ཅེས་པའི་གནད་དང་ལྡན་པས་བསྒོམ་ཞིང༌། འཛག་སྲུང་ལ། དམིགས་པ་རྡོ་རྗེའི་བུ་གར་ཕཊ་དམར་སེར་མགོ་ཐུར་དུ་བསྟན་པ། རྡོ་རྗེའི་རྩེ་ནས་ལྟེ་བའི་བར་ཧཱུྃ་ཡིག་དཀར་པོ་ཕྲེང་བ་བསྒྲིགས་པ་བ་སྤུའི་བུ་གར་ཧཱུྃ་ཕྱེད་ཕྱིར་ཐོན། ཕྱེད་ནང་དུ་ནུབ་པར་བསམས་ལ། ཤེས་པ་སྤྱི་བོའི་ཧཾ་ལ་གཏད། རྡོ་རྗེའི་བུ་གའི་ཧཱུྃ་ཕྲེང་དབུ་མའི་ནང་ནས་གྱེན་ལ་འབུ་རུ་རུ་བྱུང༌། སྤྱི་བོ་ནས་འཇུར་ཐོན་མཐོ་གང་ཙམ་ལ་སེམས་གཏད་དོ། །འཛག་པ་དྲུག་ཀ་བསྲུང༌། རྨི་ལམ་དུ་འཛག་ན་ཉལ་ཁར་བསྒོམ། འཁྲུལ་འཁོར་གྱི་འཛག་སྲུང་ཤིང་བུ་མཐོ་གང་གི་སྐེད་པ་ནས་ཐེ་གུ་བཏགས་ཏེ་ཤིང་བུ་ཨར་བུ་ཏའི་གནས་ལྟག་པ་ལ་ཟེར་བས་དེར་དྲང་པོར་བཞག །ལམ་པའི་གནས་མགྲིན་པ་ལ་ཟེར་བས་དེར་ཐིག་གུ་བཅིངས་མི་འཆུགས་པར་བྱས། གཡོན་རྐྱང་མའི་རྩ་འཐེམས་ནས་མི་འཛགས་པ་ཡིན། གདམས་ངག་བྱིས་པའི་རྩེད་མོ་འདྲ། རྫས་ཀྱི་འཛག་བསྲུང་ནི། གཤིན་རྗེའི་རལ་པ་ལྷད་མེད་ནི་གུ་གུལ། དྲག་པོའི་ཐུན་རྫས་ཡུངས་ཀར། པདྨ་རཀྟ། མ་ཧཱ་བུ་ལུ་ཐལ་ཆེན། ན་ར་ཨོག་ཏི་མིའི་ཀླད་པ། རྒྱ་ཚིལ་མིའི་ཚིལ་བུ་ལ་ཟེར་བས། རྫས་དེ་རྣམས་ཞིབ་ཏུ་བཏགས། བྱིས་པ་ལོ་བརྒྱད་ཡན་གྱི་དྲི་ཆུས་སྦྲུས་ཏེ། རིལ་བུ་ཡུངས་ཀར་ཙམ་གྲིབ་བསྐམ་བྱས། རྡོ་རྗེའི་བུ་གར་རེ་རེ་བཅུག་ན་གཟེར་ཐེམ་བཞིན་འབྱུང་ངོ༌། །རི་ཆོས་གནད་ཀྱི་ཁོག་ཆེན་ལས། །མ་དྲུག་དོན་སྙིང་མི་བདོག་ན། །གནད་ཆེན་མང་ཡང་མ་ཚང་བས། །འཆུགས་མེད་ལག་ལེན་ཤེས་པ་དཀའ། །ཞེས་གསུངས། ཡང་དགོན་ཆོས་ཀྱི་སྤྱན་ལྡན་དེའི། །རི་ཆོས་གནད་ཀུན༵་དག༵འ་སྟོན་ནི། །མ་དྲུག་གྲོལ༵་བ་མཆོ༵ག་གི་ལམ། །ཚིག་ཉུང་དོན་འདོམས་ཡི་གེར་བཀོད། །རི་ཆོས་ཉིད་ལས་བཏུས་སོ།