བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-073
Wylie title bde mchog bong zhal can gyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 73, Pages 380-385 (Folios 91b3 to 94a3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Bde mchog bong zhal can gyi khrid yig. In Gdams ngag rin po che'i mdzod, Vol. 18: 380-385. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

ཞལ་ལས་འོངས་པ་ཉིད་རྗེན་པར་བྲིས།

zhal las 'ongs pa nyid rjen par bris/

[edit]
(༧༣) །བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་ཡིག །བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་རང་གི་ལུས་ལ་བསྡུ། ཡུམ་ཡང་སྣ་གཡོན་ནས་རང་གི་སྙིང་ཁར་བསྡུ༑ རང་ཉིད་ཕྱག་གཉིས་པར་བསྡུས་པའི་སྤྱི་བོར་བླ་མ་བསྒོམས་པ་ལ་མོས་གུས་དྲག་ཏུ་བྱ་ཞིང༌། བདག་གི་རྒྱུད་ལ་ཡང་དག་པའི་ཏིང་ངེ་འཛིན་བསྐྱེད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སྙིང་གའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ། རང་གི་ཤེས་པ་ཐིག་ལེ་དཀར་དམར་ཡུངས་འབྲུ་འབྲིང་པོ་ཙམ་བསམས་ལ་དེ་ལ་སེམས་གཟུང༌། རིམ་གྱིས་རླུང་ཡང་ཁ་སྦྱར་འཇམ་པོ་བྱ། གོམས་ནས་སེམས་ཟིན་པ་དང་ཡིད་གཞན་དུ་མི་འཕྲོ་ཞིང་རྩེ་གཅིག་ཏུ་གནས་པ་དང་བདེ་གསལ་གྱི་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་དང་དབང་པོ་གཞན་ལ་ཡང་སྤྲོ་སྟེ། སྔོན་འགྲོ་སྔ་མ་ལྟར་བྱས་ལ༑ དངོས་གཞི་མིག་གི་འབྲས་བུ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་དཀར་པོ་ཤིན་ཏུ་ཕྲ་བ་རེ་བསྒོམས་ཏེ་མིག་བཙུམ་ལ་ཡིད་གཟུང༌། ཅུང་ཟད་ཟིན་པ་དང༌། གཟུགས་སྣ་ཚོགས་ལ་བལྟ་ཞིང༌། ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་འཕྲོར་མི་གཞུག་གོ །དེ་གོམས་པས་ཐིག་ལེའི་རྣམ་པ་གསལ་ཞིང་གཟུགས་གང་མཐོང་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་ཁར་བསྡུས་ལ། སྙིང་ཁའི་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམ། མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེ་རྗེས་རྣ་བར་སྤྲོས་ཏེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ་དངོས་གཞི་རྣ་བ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་སྔོན་པོ་གཉིས་བསྒོམས་ལ་སྒྲ་མེད་པའི་ས་ཕྱོགས་སུ་ཡིད་གཟུང༌། ཅུང་ཟད་ཟིན་པ་དང༌། སྒྲ་སྣ་ཚོགས་ལ་ཉན་ཞིང་ཐིག་ལེ་ལ་ཡིད་གཏད་དེ། གཞན་དུ་སེམས་འཕྲོར་མི་གཞུག །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་སྒྲ་གང་ཐོས་པའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་སུ་སྣར་སྤྲོ་སྟེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྣ་བུག་སོ་སོའི་བུ་ག་འདོམས་པའི་ནང་དུ་ཟླ་བའི་སྟེང་དུ་ཐིག་ལེ་སེར་པོ་བསྒོམ་ལ་དྲི་མི་བྲོ་བའི་སར་ཡིད་བཟུང༌། ཅུང་ཟད་ཟིན་པ་དང་དྲི་སྣ་ཚོགས་བསྣོམ་ཞིང་ཐིག་ལེ་ལ་ཡིད་གཏད་དེ་སེམས་གཞན་དུ་འཕྲོར་མི་གཞུག །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་དྲི་གང་ཚོར་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་ན་ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམ་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེའོ། །དེའི་རྗེས་ལ་ལྕེར་སྤྲོས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་ལྕེའི་རྩ་བར་ཟླ་བའི་སྟེང་དུ་ཐིག་ལེ་དམར་པོ་བསྒོམས་ལ། རོ་མི་མྱང་བར་ཡིད་གཟུང༌། ཅུང་ཟད་ཟིན་པ་དང༌། རོ་སྣ་ཚོགས་མྱོང་ཞིང་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་འཕྲོར་མི་གཞུག །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རོ་གང་མྱང་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་ན། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ནས་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེའོ། །དེའི་རྗེས་སུ་ལུས་ལ་སྤྲོ་སྟེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ། དཔྲལ་བར་ཟླ་བའི་སྟེང་དུ་ཐིག་ལེ་ལྗང་གུ་བསྒོམས་ལ། གང་ལའང་མི་རེག་པར་སེམས་བཟུང༌། ཅུང་ཟད་ཟིན་པ་དང་རེག་བྱ་སྣ་ཚོགས་ལ་རེག་ཅིང་ཐིག་ལེ་ལ་ཡིད་གཏད་དེ་སེམས་འཕྲོར་མི་གཞུག །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རེག་བྱ་གང་ལ་རེག་པའི་སྟེང་དུ་ཏིང་ངེ་འཛིན་མཆོག་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་ཁའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ནས་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་ཀུན་ཏུ་གཡོ་བའི་ཡིད་ལ་དམིགས་ཤིང་བསྒོམས་ཏེ༑ སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྙིང་ཁའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་དེ་ལས་ཕྲ་བའི་ཐིག་ལེ་དམར་སྐྱ་གཅིག་བསྒོམས་ལ། ཤིན་ཏུ་དབེན་པའི་གནས་སུ་ཡིད་གཟུང་ངོ༌། །ཅུང་ཟད་ཟིན་པ་དང་འདུ་འཛི་དང་བཅས་པའི་གནས་སུ་བསྒོམ་ཞིང༌། གང་ལ་ཡིད་འཕྲོ་བའི་ཡུལ་དང་རྣམ་རྟོག་དེ་ཉིད་ཐིག་ལེ་དམར་སྐྱ་དེ་ལ་བསྟིམ་ཞིང་ཡིད་གཟུང་ངོ༌། །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རྟོག་པ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རང་ཡལ་དུ་འགྱུར་རོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་པ་དང༌། ཐིག་ལེ་དེ་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ་པས། ཐིག་ལེ་སྔ་མ་དེ་བས་ཀྱང་གསལ་ཞིང་འབར་བར་གྱུར་པར་བསྒོམ་ལ་མཉམ་པར་བཞག་པས་ཞི་གནས་ཀྱི་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་ཉོན་མོངས་དང་བཅས་པའི་ཡིད་ལ་དམིགས་ཤིང་བསྒོམས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམ། དངོས་གཞི་ལ་སྙིང་ཁའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་དམར་སྐྱ། དེའི་སྟེང་དུ་ཐིག་ལེ་སྔོན་པོ་གཅིག་བསྒོམས་ལ་ཤིན་ཏུ་དབེན་པའི་གནས་སུ་ཡིད་གཟུང་ངོ༌། །ཅུང་ཟད་ཟིན་པ་དང་ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་ཡུལ་དང་བཅས་པའི་གནས་སུ་བསྒོམ་ཞིང༌༑ འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཀུན་ཏུ་རྒྱུ་བ་ཉིད་ཐིག་ལེ་སྔོན་པོ་ལ་བསྟིམ་ཞིང་ཡིད་གཟུང་ངོ༌། །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་ཉོན་མོངས་པ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རང་ཡལ་ལ་འགྱུར་རོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་པ་དང༌། ཐིག་ལེ་དེ་འོག་གི་ཐིག་ལེ་དམར་སྐྱ་ལ་ཐིམ། དེ་ཡང་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ། དེ་ཡང་ཟླ་བ་ལ་ཐིམ། ཟླ་བ་ཡང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཡལ་ནས་སྟོང་པ་ལ་མཉམ་པར་བཞག་པས་ཞི་གནས་མཆོག་སྐྱེའོ། །མཐར་མཉམ་བཞག་ལས་ལྡང་བའི་ཚེ། སྐད་ཅིག་གིས་ཟླ་བ་དང་ཐིག་ལེའི་རྣམ་པར་རིམ་གྱིས་གྲུབ་པར་བལྟ་ཞིང༌། རང་ཧེ་རུ་ཀ་དང༌། ཕྱིའི་ཆོས་རྣམས་ཀྱང་སྣང་བཞིན་དུ་རང་བཞིན་མེད་པར་བལྟས་ལ་ལྡང་ངོ༌། །དེ་ལྟར་སོ་སོའི་རྟགས་མ་བྱུང་གི་བར་བསྒོམ་ཞིང༌། མཐར་ཕྱིན་པ་ན་སྟོང་པའི་ཞི་གནས་དང༌། བདེ་གསལ་ལྷག་མཐོང་གི་ཏིང་ངེ་འཛིན་སྐྱེས་ནས། ཏིང་ངེ་འཛིན་གྱི་རྒྱུན་དེས་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །མདོར་ན་སྦྱོང་བའི་ཚུལ་དབང་པོའི་སྒོ་རྣམས་ལ་སོར་སྡུད་ཀྱི་ཏིང་ངེ་འཛིན་རབ་བཀྲམ་དུ་སྦྱངས་ནས། དངོས་གཞི་མི་ཤིགས་པའི་ཐིག་ལེ་ཉིད་རྩལ་དུ་འཇོག་པ་སྟེ། མཐར་ལྟེ་བར་རྩ་གནས་བོང་གདོང་འཁྱིལ་འདྲ་ལ། གཏུམ་མོའི་མེ་སྦྲུལ་གྱི་ལྕེ་ལྟར་འཁྱོག་པ་བྱུང་བས་རྩ་དབུ་མའི་ནང་གང་ཞིང་ཁྱབ་པར་བསམ་སྟེ་རླུང་ཁ་སྦྱར་ནན་ཏན་དུ་བསྒོམ། གདམས་པ་ཀུན༵་ལ་མེད་པ་ཡི། །སྲིད་པའི་དག༵འ་བདེ་ལ་ཞེན་རྣམས། །འཆིང་གྲོལ༵་སྟོན་པ་ཟབ་མོའི་བཅུད། །མན་ངག་མཆོ༵ག་གྱུར་ཁོ་བོས་བཀོད། །ཞལ་ལས་འོངས་པ་ཉིད་རྗེན་པར་བྲིས།