འཇིགས་བྱེད་ཀྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-065
Wylie title 'jigs byed kyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 65, Pages 361-364 (Folios 82a3 to 83b1)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. 'jigs byed kyi khrid yig. In Gdams ngag rin po che'i mdzod, Vol. 18: 361-364. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

སྐྱོའི་ཡི་གེ་ལས་བཏུས་སོ།

skyo'i yi ge las btus so/

[edit]
(༦༥) །འཇིགས་བྱེད་ཀྱི་ཁྲིད་ཡིག །འཇིགས་བྱེད་ཀྱི་རྭ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པར་གསལ་བའི་རྭ་སྔོས་སངས་རྩ་བ་ཁྲོ་གཉེར་ཅན་བར་གཞའ་ཁུག་ཅན། རྩེ་མོ་རྣོ་ཟུལ་བ་ནང་དྭངས་གསལ་བཻ་ཌཱུའི་སྦུགས་ལྟ་བུ། རྭ་རྩེའི་ནང་དུ་ཐིག་ལེ་དཀར་ལ་འཚེར་བ། བ་མོ་འཛག་པའི་དབྱིབས་ཅན། སྙིང་ཁར་པད་ཟླའི་སྟེང་དུ་རྒྱུའི་འཇམ་དབྱངས་གུར་གུམ་གྱི་མདོག་ཅན་དམར་སེར་འོད་ཕུང་འཁྲིགས་པ། གཡས་རལ་གྲི་དཔུང་ཐད་འཕྱར་བ། གཡོན་ཨུཏྤལ་སྟེང་ན་གླེགས་བམ། ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། དར་དང་རིན་པོ་ཆེའི་རྒྱན་ཅན༑ མཚན་དཔེ་གསལ་རྫོགས་འཛུམ་པའི་བཞིན་ཅན། རལ་པའི་ཟུར་ཕུད་སྐྲ་རྒྱན་མེ་ཏོག་ཕྲེང་བས་མཛེས་པ་ཚོན་གང་བ་ཞིག་གསལ་བཏབ་ནས་མཉམ་པར་འཇོག །དེའི་རྭའི་རྩེའི་ཐིག་ལེ་གཡས་གཡོན་ལས་བྱང་སེམས་བདེ་བའི་རང་བཞིན་བ་ཐག་ཙམ་རེ་བབས་ནས་རྭ་ནང་ནས་མར་ནམ་མཁའ་དྭངས་པ་ལ་འཇའ་དཀར་རམ་ཤེལ་ལས་སྐུད་པའི་ཚུལ་དུ་ཟ་འགྲམ་ཕན་ཚུན་བརྒྱུད་དེ་བྱུང༌། མགྲིན་པ་ནས་རྒྱུན་གཅིག་ཏུ་གྱུར་པ་དབུ་མའི་ལམ་ནས་སྙིང་ཁ་ན་བཞུགས་པའི་འཇམ་དབྱངས་ལ་ཐིམ་པས། འོད་ཟེར་ཉི་མ་འབུམ་གྱི་རྣམ་པར་ཤར་བ་རང་ཉིད་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས། འོད་ཀྱི་རྩེ་མོ་བྱེ་བ་ཕྲག་ཁྲིག་ཕྱིར་སྤྲོས་པས་རང་ཉིད་ལྷར་གསལ་བའི་རྣམ་པ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་གསལ་བ་རབ་ཀྱི་མཐར་ཕྱིན་པར་གྱུར་ཏེ། མ་ཧེའི་ཞལ་འཇིགས་རྔམས་རྣམ་པར་ཁྲོས་པའི་ཤངས་སྒོ་ཡངས་པ་ནས་སྲོག་གི་རླུང་སྔོ་དམར་དུད་སྤྲིན་ལྟར་འཚུབས་པ། གདོང་གི་ཁྲོ་གཉེར་རྒྱ་མཚོའི་རླབས་ལྟར་འཁྲིགས་ཤིང༌། སྤྱན་གསུམ་ཁྲ་ཧུར་རེ་བའི་སྡང་མིག་ཕྱོགས་བཅུར་གཡོ་བཞིན་པའི་རྫི་སྨིན་ནི་གློག་ལྟར་འཁྱུག་པ། དབུ་སྐྲ་ཁམ་སེར་མེ་ལྟར་འབར་བའི་རྩེར། དྲག་པོའི་མེ་ལྕེ་ལྷབ་ལྷབ་མཆེད་པའི་ཚུལ་གྱིས་རྣམ་པར་འཕྲོ་བ། མཆེ་བ་དཀར་ལ་དམར་བའི་ཁྲག་གིས་གོས་པའི་རྣོ་ངར་ཚེམས་རྣམ་པར་གཙིགས་ཤིང༌། ཞལ་ལྷག་པར་གདངས་ནས། ལྗགས་བསྐྱོད་པའི་དབུགས་མེ་ལྟར་ཚ་བའི་རླུངས་ཀྱི་འཚུབ་མས་གདོན་བགེགས་རྣམས་བསྲེགས་པ། སྐུ་སྦོམ་ཐུང་ལིང་ག་རྒྱས་པའི་ཤ་སུལ་ཅན། ལྟོ་བ་ཟླུམ་པོ། ཕྱག་ཞབས་ཀྱི་སེན་མོ་ལྕགས་ཀྱུའི་རྣམ་པས་དགྲ་བགེགས་འགུགས་པར་མཛད་པའི་ཕྱག་གཉིས་གྲི་ཐོད་ཐུགས་ཁར་འཛིན་ཞིང༌། ཞབས་གཡོན་བརྐྱངས་པས་པད་ཉིའི་གདན་ལ་འགྱིངས་ཚུལ་གྱིས་བཞུགས་པ། རུས་པའི་རྒྱན་གྱིས་དཀར་ཆབས་སེ་བརྒྱན་པ། ཐོད་སྐམ་གྱི་ཅོད་པན། མི་མགོ་ཁྲག་འཛག་གི་དོ་ཤལ། དུག་སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུ་གསལ་བ་རབ་ཀྱི་ང་རྒྱལ་ལས་མ་གཡོས་པར་གཅེར་བུ་གྲི་ཐོད་འཛིན་པའི་ཕྱག་རྒྱ་བཅས་ནས་མཚན་ཕྱེད་ཙམ་ལ། གོམ་པ་བདུན་ཚུན་གྱི་སར་གར་སྟབས་སུ་བསྐྱོད་པའི་རྩལ་སྦྱངས་པས་རྩིག་པ་དང་ར་བ་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་ཐོབ་ཅིང༌། དེའི་ཚེ་དུར་ཁྲོད་སོགས་སུ་རྒྱུ་བར་བྱའོ། །སླར་ཡང་སྙིང་ཁའི་འཇམ་དབྱངས་ཀྱི་སྐུ་ལས་འོད་སྣང་དང༌། རྭ་རྩེའི་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་ལུས་ནང་གང་བ་ནམ་མཁའ་འཇའ་དཀར་གྱིས་ཁེབས་པ་ལྟར་གྱུར་པའི་འོད་རྩེ་སྤོས་ཀྱི་དུད་པ་ལྟར་ལིང་ག་རྒྱས་པའི་བུ་ག་ནས་རིམ་གྱིས་ཐོན་པའི་དཀར་ཆ་དྭངས་པ་ན་བུན་ལྟ་བུ་དེས་རང་ཉིད་ཀྱི་སྐུ་ལུས་མ་ལུས་པའི་ཆ་གཡོགས་པས་སྔོ་སྐྱ་འོད་ཕུང་གི་ཟེར་འཕྲོ་བ། དངུལ་ཆུའི་རྡོག་མ་ལྟ་བུའི་ཐིག་ལེའི་རང་བཞིན་ལྷར་གསལ་བའི་བདེ་སྟོང་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་བསྒོམ་མོ། །འདི་ལ་འཁོར་ལོ་བཞི་དང་རིགས་ལྔ་ཡུམ་བཞི་སྒེག་སོགས་བརྒྱད་ཀྱི་ས་བོན་རྩ་འཁོར་ལ་འགོད་པ་དཔྱད་པའི་གནས་སུ་སྣང་གསུང་ངོ༌། །ཀུན༵་ནས་རང་ཡིད་རྭ་རྩེ་ལ། །སེམས་འཛིན་དག༵འ་བདེའི་རང་བབས་ཀྱིས། །མཚན་མོ་རང་ཉིད་རྒྱུ་བའི་གར། །སྦྲུལ་མདུད་གྲོལ༵་ཚུལ་མཆོ༵ག་འདི་བྲིས། །སྐྱོའི་ཡི་གེ་ལས་བཏུས་སོ།