རང་བྱིན་རླབས་ཀྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-058
Wylie title rang byin rlabs kyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 58, Pages 334-338 (Folios 68b2 to 70b3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Rang byin rlabs kyi khrid yig. In Gdams ngag rin po che'i mdzod, Vol. 18: 334-338. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

འབྲོག་མིའི་ཡིག་རྙིང་ལས་བཏུས་སོ།

'brog mi'i yig rnying las btus so/

[edit]
(༥༨) །རང་བྱིན་རླབས་ཀྱི་ཁྲིད་ཡིག །རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས༑ ཙཎྜ་ལི་དང་པོ། བསྐྱེད་རིམ་གྱི་ལྷ། ལུས་གནད་ཙོག་པུ། ལག་པ་གཉིས་པུས་མོར་འཁྱུད། མགོ་མི་མཐོ་མི་དམའ་རན་པ། ལྟེ་བའི་དབུས་སུ་ཨཾ་དམར། སྙིང་གའི་དབུས་སུ་ཧཱུཾ་སྔོ་སྐྱ། འདབ་མ་ཡི་གེ་འགོད་པ་དང་བྲལ༑ དབུ་མ་ཆ་ཕྲ་བས་སྦྲེལ། རླུང་མནན། ཨཾ་གི་མེ་སྦར། ཧཱུཾ་ཞུ་བར་བསྒོམ། གཉིས་པ་སྤྲུལ་འཁོར་ལྟེ་བར་ཨཾ། ཕྱོགས་འདབ་ལ་བརྩེགས་ཀྱི་ཡི་གེ་བཞི། མཚམས་བཞིར་རྐྱང་པ། ཡི་གེ་དགུ་པོ་ཐམས་ཅད་མེའི་རྣམ་པར༑ རླུང་མནན་ལ་བསྒོམ། གསུམ་པ་སྤྲུལ་འཁོར་ལྟེ་བར་ཨཾ། འདབ་མ་ལ་ཨཱ་ལི་གཉིས་གཉིས་མེའི་རྣམ་པ། རླུང་མནན། མཐར་ཨཾ་ལ་བསྡུ། བཞི་པ་འཁོར་ལོ་བཞིའི་ལྟེ་བར་ཨཾ་ཧཱུྃ་ༀ་ཧྃ། འདབ་བརྒྱད་ལ་སྡེ་ཚན་བརྒྱད། དཀར་སྔོ་དམར་དཀར། དབུགས་རྒྱུ་དུས་ཡར་གསལ་གདབ། འཇུག་དུས་མར་གསལ་བཏབ། གནས་དུས་ཡིག་འབྲུ་ལ་བསྟིམ། རླུང་མནན་ཅིང་བསྒོམ། ལྔ་པ་སྤྲུལ་འཁོར་ལྟེ་བར་ཨཾ། འདབ་བརྒྱད་ལ་སྡེ་ཚན་བརྒྱད། རླུང་མནན། ཡིག་འབྲུ་གཡོ་བར་དམིགས་ཏེ་བསྒོམ་མོ། །དྲུག་པ་སྤྲུལ་འཁོར་ཨཾ། ཆོས་འཁོར་བཾ། ལོངས་སྤྱོད་ལཾ། བདེ་ཆེན་ཡཾ། འབྱུང་བ་སོ་སོའི་ཁ་དོག་ཅན། རླུང་ཨཾ་ལ་བསྟིམ། ཐུབ་ཚད་གནོན། བདུན་པ་སྤྲུལ་འཁོར་ལྟེ་བར་ཨཾ། འདབ་མ་བརྒྱད། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ཆོས་འཁོར་ལྟེ་བ་ལ་ཧཱུཾ། རླུང་ཨཾ་ལ་བསྟིམ། ཧཱུྃ་གསལ་གདབ་ཅིང་བསྒོམ། བརྒྱད་པ་ཆོས་འཁོར་དབུས་སུ་ཧཱུཾ། ཕྱོགས་བཞིར་ཨ་ཨཱ་ཨཾ་ཨཿ ཐིག་ལེས་བརྒྱན། མཚམས་བཞིར་ར་རཱ་ལ་ལཱ། རླུང་འཇུག་ཙ་ན་ཧཱུཾ་ཨཾ་ལ་བསྟིམ་ཞིང་བསྒོམ་མོ། །དགུ་པ་ཆོས་འཁོར་ལྟེ་བར་ཟླ་བ་སྲན་མ་ཕྱེད་བཀས་སྟེང་དུ་ཧཱུཾ་དཀར་ཡུངས་འབྲུ་ཙམ། རླུང་མནན་ཅིང་བསྒོམ། བཅུ་པ་འཁོར་ལོ་བཞིའི་དབུས། ཨཾ་ཧཱུཾ་ༀ་ཧྃ། འདབ་མ་རྣམས་ཡི་གེ་དགོད་པ་དང་བྲལ་བ། རླུང་བསྒོམ། མེ་སྦར། ཧཱུཾ་ཞུ་བ་ལ་དམིགས། བཅུ་གཅིག་པ་སྤྲུལ་འཁོར་ལྟེ་བ་ལ་ༀ། འདབ་མ་ཡི་གེ་བྲལ། ཨཾ་མེར་འབར། སྙིང་ཁ་ནས་ལོག །སྨིན་མཚམས་ཀྱི་སྒོ་ཕྱེ། དེ་བཞིན་གཤེགས་པ་གནད་ཀྱི་སྒོ་ཕྱེས། བྱང་སེམས་ཀྱི་རྒྱུན་བྱུང་ལྟེ་བའི་ཨཾ་ལ་ཐིམ། རླུང་ཁ་སྦྱར། བཅུ་གཉིས་པ་སྤྲུལ་འཁོར་དབུས་སུ་ༀ། འདབ་བརྒྱད་ར་ཧ་བཅུ་དྲུག་གཉིས་གཉིས་རྣམ་པ་ཡིག་འབྲུ་གྱེན། རླུང་མནན་བསྒོམ། བཅུ་གསུམ་པ་སྙིང་ག་ལྟེ་བར་ཧཱུཾ། འདབ་མ་ལྔ་ལ་ར་ཧ་ས་ཡ་ཨ་དཀར་པོ་བསྒོམ། རླུང་མནན། བཅུ་བཞི་པ་ཡར་རྐན་ལྕེ་ཆུང་གི་རྩ་བར་པདྨ་འདབ་མ་བཞི་པའི་ལྟེ་བར་ༀ། འདབ་མ་བཞི་ལ་ར་ཧ་ས་ཡ་དམར། རླུང་ཕྱིར་འགྲོ་ཡིག་འབྲུ་ལ་བསྟིམ། འོང་དུ་མི་གཞུག་པའོ། །བཅོ་ལྔ་པ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཆོས་འཁོར་ལ་བཀོད། ལྟེ་བར་ཐིག་ལེ་དཀར་པོ། སྲོག་རླུང་འཇུག་པ་མར་གཡོས། རྩོལ་བའི་རླུང་གིས་ཡར་འཕུལ་བར་བསྒོམ། བཅུ་དྲུག་པ་སྤྲུལ་འཁོར་དབུས་ཟླ་ཉི་སྲན་མ་ཕྱེད་བཀས་ཙམ་ཁ་སྦྱར་བའི་དབུས་སུ། ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ། དབུགས་ཕྱིར་འགྲོ་དུས་ས་རླུང་སེར་པོ་ཐིག་ལེ་ལ་བསྟིམ། དེ་བཞིན་དུ་ཆུ་དཀར། མེ་དམར། རླུང་ལྗང༌། སྤྲོ་ཞིང་བསྒོམ། བཅུ་བདུན་པ་ཆོས་འཁོར་ལྟེ་བར་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཅིག་བསམ། དབུགས་འཇུག་དུས་གཡོན་ལ་བསྟིམ། རླུང་མནན་པའོ། །བཅོ་བརྒྱད་པ་འཁོར་ལོ་བཞིའི་ལྟེ་བར་ཐིག་ལེ་རེ་བསྒོམས་ལ་རླུང་མནན། བཅུ་དགུ་པ་འཁོར་ལོ་བཞིར་ཨཾ་ཧཱུཾ་ༀ་ཧཾ། སྔོ་དམར་དཀར་བ། དབུགས་འགྲོ་དུས་འོད་ཟེར་སྣ་སྒོ་གཉིས་ནས་སྤྲོ། འཇུག་དུས་ཡི་གེ་ཡང་ཡང་བསྒོམ། ཉི་ཤུ་པ་འབྱུང་བ་བཞིའི་དཀྱིལ་འཁོར་ཡེ་ནས་གནས་པ་གསལ་བཏབ། རླུང་བསྐུམ། རླུང་གིས་མེ་སྦར་བས་ཆུ་བསྐོལ། ས་ཞུ། རླངས་པས་སྤྱི་བོའི་ཧཾ་ཞུ་བར་བསྒོམ། ཉི་ཤུ་རྩ་གཅིག་པ་སྤྲུལ་འཁོར་ཨཾ། འདབ་མ་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ཕྱི་སྐོར་ལ་ཨཱ་ལི་ཕྲག་གཉིས། ཀཱ་ལི་ཧ་ཀྵ་སྤངས་པ་སོ་གཉིས། ཆོས་འཁོར་ཧཱུཾ། ཕྱོགས་བཞི་ལ་ཨཱ་ཨཱི་ཨུ་ཨེ། མཚམས་བཞིར་ཡ་ཝ་ར་ལ། ལོངས་སྤྱོད་ༀ་ནང་མ། ཨ་ཨི་ཨུ་ཨེ་ཕྱི་སྐོར། དབྱངས་མ་ནིང་དང་བྲལ་བ། བདེ་ཆེན་ཧཾ། འདབ་མ་ལ་ཨཱ་ལི་ཕྲག་གཉིས། རྩ་གཉིས་ཀྱང་གསལ་བཏབ། འོག་རླུང་བསྐུམ། མེ་སྦར། ཨཾ་མེར་འབར། འཁོར་ལོ་གཉིས་བསྲེགས། མེ་ལན་གསུམ་ལོག །ཧཾ་བསྲེགས། བྱང་སེམས་རྒྱུན་བབས། ཡིག་འབྲུ་རྣམས་གསོས་བཏབ། ཨཾ་འབར། ཆ་ཕྲ་བ་དབུ་མ་ནས་འབར། ཧཾ་ཞུ་བ་ལ་བློ་གཏད། རླུང་ཁ་སྦྱར། ཉི་ཤུ་རྩ་གཉིས་པ་སྤྲུལ་འཁོར་ལྟེ་བར་ཨཾ་བསམ། འོག་རླུང་ཨ་ལོང་འབྱེད་འཛུམ་བྱ། ཤེས་པ་ཨཾ་ལ་གཏད། མཐར་ཨཾ་གིས་མེ་སྦར། བྱང་སེམས་ལྟེ་བར་བྱུང༌། ཉི་ཤུ་རྩ་གསུམ་ཆོས་འཁོར་ཧཱུཾ། ཕྱོགས་བཞི་ༀ་ཏྲཾ་ཧྲཱིཿ ཁཾ། རླུང་འབྲུ་ལྔ་ལ་བསྟིམ་ཞིང་གནོན། ཉི་ཤུ་རྩ་བཞི་པ་ཆོས་འཁོར་ལྟེ་བར་ཟླ་བ། སྟེང་དུ་ཧཱུཾ་དཀར། དབུགས་རྔུབ་ཧཱུཾ་ལ་བསྟིམ། སྟེང་རླུང་མནན། ཧཱུཾ་འབར། མཐར་རང་བྱུང་གི་ཡེ་ཤེས་སྐྱེས། ཉི་ཤུ་རྩ་ལྔ་པ་ཐིག་ལེའི་རྣལ་འབྱོར། ཚངས་པའི་སྒོར་ཟླ་བ་སྲན་མ་ཕྱེད་བཀས་ཙམ་སྟེང་དུ་ཧཱུཾ་དཀར་པོ་ཐུར་དུ་བལྟ་བ། འོག་ཏུ་སུཾ་དཀར་པོ་ཐུར་བལྟས། དབུགས་འགྲོ་དུས་སུཾ་ལས་བདུད་རྩི་འོ་མའི་རྒྱུན་ལྟར་བབས་པར་བསམ། ལྕེ་ཆུང་བཟློག་སྟེ་མྱང༌། ཉི་ཤུ་རྩ་དྲུག་པ་སྒོ་བཅུའི་ཐིག་ལེ༑ སྙིང་གར་ཟླ་བར་ཧཱུཾ་དཀར་པོ། དབུགས་འགྲོ་དུས་སྒོ་དགུ་སྨིན་མཚམས་དང་བཅུ་པོ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བཏབ། ཐིག་ལེའི་ཆར་རྒྱུན་བབས་པར་ཡང་བསྒོམ། ཉི་ཤུ་རྩ་བདུན་པ་སྙིང་ཁར་ཟླ་བ། དབུགས་རྒྱུ་ན་སུམ་ཅུ་སོ་གཉིས་གསལ་བཏབ། འཇུག་ན་རྩ་ཐམས་ཅད་བྱང་སེམས་ཀྱི་ཐིག་ལེས་གང་བར་ཡང་ཡང་བསྒོམ། ཉི་ཤུ་རྩ་བརྒྱད་པ་ཚངས་པའི་ཐིག་ལེ། སྙིང་ཁར་ཟླ་བ་ཧཱུཾ་དཀར་པོ། ཚངས་པའི་སྒོར་ཧཾ་དཀར་པོ། རླུང་ཕྱིར་འགྲོ་དུས་ཧཾ་ལ་རེག །ཧཾ་ལས་བདུད་རྩི་བབས་པ་ཡང་ཡང་བསྒོམ། ཉི་ཤུ་རྩ་དགུ་པ་སྤྲུལ་འཁོར་ཨཾ། ཆོས་འཁོར་ཧཱུཾ་ཐུར་བལྟས་ཆ་ཕྲ་བ་ཟུང་སྦྲེལ། ཨཾ་གིས་མེ་སྦར་ཧཱུཾ་འཛག་པ་ལ་བློ་གཏད་རླུང་བསྒོམ་པའོ། །རྒྱུད་སྡེ་ཀུན༵་གྱི་བཤད་གཞི་ལ། །དག༵འ་ཆེན་ལྷན་སྐྱེས་གྲོལ༵་ལམ་མཆོ༵ག །རང་བྱིན་རླབས་པའི་དམིགས་པའི་ཐོ། །ཡི་གེའི་སྣང་བར་སྤེལ་འདིའོ། །འབྲོག་མིའི་ཡིག་རྙིང་ལས་བཏུས་སོ།