ཟབ་པའི་ཚུལ་དགུའི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-044
Wylie title zab pa'i tshul dgu'i khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 44, Pages 309-313 (Folios 56a4 to 58a6)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Zab pa'i tshul dgu'i khrid yig. In Gdams ngag rin po che'i mdzod, Vol. 18: 309-313. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ།

rje btsun grags pas mdzad pa'i khrid dpe las btus so/

[edit]
(༤༤) །ཟབ་པའི་ཚུལ་དགུའི་ཁྲིད་ཡིག །ལམ་སྐོར་ཕྱི་མ་པདྨ་བཛྲ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སེམས་གཟུང་མན་ངག་དགུ་སྟེ་སེམས་འཇོག་པ་དང༌། ཀུན་ཏུའམ་རྒྱུན་དུ་འཇོག་པ། ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་དང༌། རྒྱུན་དུ་བྱེད་པའམ་རྩེ་གཅིག་ཏུ་བྱེད་པ་དང༌། ཤིན་ཏུ་མཉམ་པར་འཇོག་པ་ཞེས་བྱ་བ་ཡིན་ནོ། །ལྡང་བའི་རྣལ་འབྱོར་ནས་བཟུང་སྟེ། རིགས་ཀྱི་བདག་པོས་རྒྱས་བཏབ་པའི་བར་དུ་ཤིན་ཏུ་རྩོལ་བས་བསྒྲིམ་ཏེ་བསྒོམ། དེ་ནས་ཐོག་མར་སྤྱན་དབུས་མ་ལ་སེམས་བཟུང་སྟེ། དེའང་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང༌། འཕྲོ་བཅད་ནས་ཀྱང་ཝལ་ཝལ་བྱུང་ན་དུག་ཡིན་པས་བུམ་པའམ་སྣམ་བུ་ལ་སོགས་པ་དངོས་པོ་གཞན་ལ་སེམས་ཡེངས་སུ་གཞུག །ཡང་བསྒོམ་སྟེ་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་ཡེངས་སུ་བཅུག །བསྒོམ་པས་གསལ་གདབ་པའོ། །དེ་ལྟ་བུའི་ཚུལ་གྱིས་བསམ་གཏན་གྱི་དུག་དབྱུང་ཞིང་ཡང་དང་ཡང་དུ་གོམས་པར་བྱས་ཀྱང་དམིགས་པ་གསལ་པོར་མ་བྱུང་ན་བརྗོད་པས་གསལ་བཏབ་ཅེས་བྱ་བ་བསྒོམ། དེ་ལ་ཡང་གཉིས་ལས་རང་གི་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུ་མ་སྤྱན་རྩ་དམར་ཞིང་ཁྲོ་བ་ཞེས་བརྗོད་ལ། སྔ་མ་བཞིན་དུ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་གསལ་པོ་མ་བྱུང་ན་གཞན་དག་གཅིག་སྤྱན་དབུས་མ་ཞེས་བརྗོད་དུ་བཅུག་ལ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་མི་གསལ་ན་བལྟས་པས་གསལ་གདབ་པ་ཞེས་བྱ་བ། སྤྱན་དབུས་མ་ཤིན་ཏུ་མཛེས་པ་གཅིག་བྲིས་ལ། དེ་ལ་བལྟས་ཤིང༌། བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེ་དག་གིས་ནི་རྒྱུན་དུ་འཇོག་པའི་གདམས་ངག་ཡིན་ནོ། །ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་ནི། ཤེས་པ་ཕྱིར་འཕྲོ་ན་ངའི་ཤེས་པ་རྒོད་པར་སོང་སྙམ་ནས་ཤེས་པ་ལ་དྲན་པ་མྱུར་དུ་བསླན་ཏེ། རིངས་པར་དམིགས་པ་ལ་བློས་འཇོག་པའོ། །ཉེ་བར་འཇོག་པ་ནི། དམིགས་པ་གཅིག་གིས་སེམས་སྐྱོ་ན། དབུའི་གཙུག་ཏོར་རམ། སྣ་ཚོགས་རྡོ་རྗེའམ། ཞལ་གྱི་མཆེ་བ་ལྟ་བུ་ལ་ཐུན་རེ་རེ་ཙམ་སེམས་གཏད་དེ་བསྒོམ་པ་ནི་དབུགས་ཕྱུང་ལ་བསྒོམ་པའོ༑ ༑དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པར་ཤེས་པར་བྱས་ལ་སྤྱོད་ལམ་གྱི་དུས་སུ་ཡང་དམིགས་པ་གསལ་བ་མེད་ཀྱང་ལྷའི་རྣམ་པ་རྟག་ཏུ་དྲན་པས་སེམས་དུལ་བར་བྱའོ། །ཞི་བར་བྱེད་པ་ནི། རྣམ་པར་རྟོག་པ་འཕྲོ་བ་ན་ཡིད་མི་དགའ་བར་གྱུར་པའི་ཚེ་དམིགས་པའི་སྟེང་དུ་སེམས་གློད་དེ་ཞི་བར་བྱའོ། །ཉེ་བར་ཞི་བར་བྱེད་པ་ནི། བརྣབ་སེམས་ལ་སོགས་པ་མི་དགེ་བའི་སེམས་སྐྱེས་པའི་ཚེ་དམིགས་པ་ལ་བརྟེན་ནས་ཞི་བར་བྱེད་པའོ། །རྩེ་གཅིག་ཏུ་བྱེད་པ་ནི། སེམས་ཕྱིར་མི་འཕྲོ་བར་གནས་ན་དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པར་བྱེད་པའོ། །ཤིན་ཏུ་མཉམ་པར་འཇོག་པ་ནི། དམིགས་པ་དེ་དག་ལ་བརྟེན་ནས་ཆེད་དུ་མ་བསྒྲུབས་པར་ཏིང་ངེ་འཛིན་འབྱུང་བ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པའི་སྐུའི་ཕྱོགས་གཅིག་ལ་སེམས་འཛིན་པའི་གདམས་ངག་དེས། སྐུའི་ཕྱོགས་གཅིག་ལ་སེམས་བརྟན་པར་ཟིན་ན་སྐུའི་ཕྱོགས་གཞན་ལ་དམིགས་པ་སྤོ་བར་བྱ་སྟེ། ཐུན་དང་པོ་ལ་སྤྱན་དབུས་མ་བསྒོམ། གཉིས་པ་ལ་སྤྱན་གསུམ་གསལ་གདབ། གསུམ་པ་ལ་ཁྲོ་གཉེར། བཞི་པ་ལ་ཤངས། ཉི་མ་གཉིས་པ་དང་གསུམ་པ་ལ་ཡང་སྤྱན་གསུམ་གསལ་བའི་ཚུལ་གྱིས་བསྒོམ་སྟེ། མདོར་ན་སྤྱན་གསུམ་པོ་གསལ་བར་འདོད་ན་གསལ་ལ། མེད་པར་འདོད་ན་མེད་པའི་བར་དུ་དམིགས་པ་བརྟན་པར་བྱ། ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ་གསལ་གདབ། གཉིས་པ་ལ་སྙན། གསུམ་པ་ལ་ཞལ། བཞི་པ་ལ་གཡས་དཀར་བ། ཉི་མ་གསུམ་པའི་ཐུན་དང་པོ་ལ་རྩ་ཞལ་དང་གཡས་དཀར་བ། གཉིས་པ་ལ་གཡོན་དམར་བ། གསུམ་པ་ལ་གཡས་པའི་ཞལ་གཉིས་གནག་པ། བཞི་པ་ལ་གཡོན་ཞལ་གཉིས་གནག་པ་དང༌། སྟེང་གི་ཞལ་གསལ་གདབ། ཉི་མ་བཞི་པའི་ཐུན་དང་པོ་ལ་ཞལ་བརྒྱད། ཐུན་གཉིས་པ་ལ་དབུའི་གཙུག་ཏོར་དབུ་སྐྲ་དམར་སེར་སྣ་ཚོགས་རྡོ་རྗེ་དང་བཅས་པ། ཐུན་གསུམ་པ་ལ་རུས་པའི་འཁོར་ལོ་རྣ་རྒྱན་ལ་སོགས་པ་དབུའི་རྒྱན་རྣམས། ཐུན་བཞི་པ་ལ་སྐུ་བྱིངས་པོ་མགུལ་རྒྱན་ལ་སོགས་པ་དང་བཅས་པ་གསལ་གདབ། ཉི་མ་ལྔའི་ཐུན་དང་པོ་ལ་དབུ་དང་སྐུ་བྱིངས་པོ་གསལ་གདབ། གཉིས་པ་ལ་ཕྱག་གཡས་པ་བརྒྱད་ཕྱག་མཚན་དང་བཅས་པ། གསུམ་པ་ལ་གཡོན་པའི་ཕྱག་བརྒྱད་ཕྱག་མཚན་དང་བཅས་པ། མི་མགོ་ལ་སོགས་པ་སྐུའི་རྒྱན་མེ་རི་དང་བཅས་པ་གསལ་གདབ། བཞི་པ་བདུད་བཞི་མནན་པའི་ཞབས་གསལ་གདབ། ཉི་མ་དྲུག་པའི་ཐུན་དང་པོ་ལ་གཙོ་བོ་དང་གཽ་རཱི། གཉིས་པ་ལ་ཙཽ་རཱི། གསུམ་པ་ལ་བེ་ཏཱ་ལཱི། བཞི་པ་ལ་གྷསྨ་རཱི། ཉི་མ་བདུན་པའི་དང་པོ་ལ། གཙོ་འཁོར་ལྔའི་སྟེང་དུ་པུཀྐ་སཱི། གཉིས་པ་ལ་ཤ་ཝ་རཱི། གསུམ་པ་ལ་ཙཎྜ་ལཱི། བཞི་པ་ལ་གཡུང་མོ། ཉི་མ་བརྒྱད་པའི་ཐུན་དང་པོ་ལ། ལྷ་དགུ་གཞལ་ཡས་ཁང་དང་བཅས་པ། གཉིས་པ་ལ་དུར་ཁྲོད། གསུམ་པ་ལ་སྲུང་འཁོར། བཞི་པ་ལ་ཁམས་གསུམ་སྣོད་བཅུད། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་གསལ་གདབ་བོ། །བསྐྱེད་པའི་རིམ་པའི་དམིགས་པའོ། །རྫོགས་པའི་རིམ་པ། མར་མེའི་རྩེ་མོ་ལྟ་བུ་ལ་ཡང་སེམས་གཟུང་ངོ༌། །དེའང་ཁམས་གསུམ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་བར་རིམ་པ་བཞིན་དུ་བསྡུས་ལ། འོད་ཕུང་ཐིག་ལེ་བསྒོམ། དེ་གསལ་ན་མར་མེའི་རྩེ་མོ་ལ། དེ་གསལ་ན་རྟ་རྔ་ཙམ། རྟ་རྔ་བརྒྱར་གཤགས་པའི་ཚད་ལ། མཐར་མེ་ལོང་ལ་དབུགས་ཀྱི་དྲོད་ཡལ་བའི་ཚུལ་གྱིས་སྟོང་པ་ཉིད་ལ་བློ་བཞག་གོ །དེ་ལྟར་གསལ་གདབ་པ་ནས་བཟུང་སྟེ། སྟོང་པར་བསྒོམ་པའི་ཐུན་ནི་མ་འཇོག་པར་འདོད་པའི་དུས་སུ་ཁམས་གསུམ་བསྡུ་བ་ནས་བཟུང་སྟེ་སྟོང་པའི་བར་དུ་བསྡུས་ལ། ལྡང་བར་འདོད་ན་སྟོང་པའི་ངང་ལས་གཙོ་བོའི་ང་རྒྱལ་གྱིས་ལངས་ལ། དག་པ་རྗེས་སུ་དྲན་པ་དང༌། རྡོ་རྗེའི་གླུ་དང་སྨོན་ལམ་རྣམ་པར་དག་པ་བཏབ་ལ། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །མཚོ་སྐྱེས་རྡོ་རྗེའི་དགོངས་པ་ཀུན༵༑ ༑ཟབ་ཚུལ་དགུར་བཀྲལ་དག༵འ་སྤྲོའི་ཆོས། །གྲོལ༵་ལམ་མར་མེའི་རྩེ་མོ་མཆོ༵ག །གསལ་འདོམས་ཡི་གེར་བྲིས་པའོ། །རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ།