གཏུམ་པོའི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-037
Wylie title gtum po'i khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 37, Pages 281-284 (Folios 42a4 to 43b3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Gtum po'i khrid yig. In Gdams ngag rin po che'i mdzod, Vol. 18: 281-284. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

གསང་བདག་གྲུབ་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ།

gsang bdag grub chen gyi khrid yig las btus so/

[edit]
(༣༧) །གཏུམ་པོའི་ཁྲིད་ཡིག །གཏུམ་པོའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཉིད་འགྲོ་རྒྱུད་སེམས་ཅན་དུ་སྣང་བའི་ཕྱག་ན་རྡོ་རྗེར་སྙེམས་པས་རང་ངོ་རང་གིས་མི་ཤེས་པར་སྒྲིབ་བྱེད་རྣམ་སྨིན་བག་ཆགས་ཀྱི་ཡོལ་བ་བསལ་བར་མོས་ལ། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་གཟུང་འཛིན་གཉིས་སྣང་དང་བྲལ་བའི་རང་སྣང་ནམ་མཁའ་སྤྲིན་བྲལ་ལྟར་གྱུར་པ་ནི་ཆོས་ཉིད་དོན་གྱི་ཕྱག་ན་རྡོ་རྗེ། དེའི་ངང་ལས་པད་ཉིའི་སྟེང་དུ་རིག་པ་ཧཱུྃ་ཡིག་མེ་འབར་བ་ལམ་གྱིས་བསྒོམ་སྟེ་ཡི་གེ་བརྡའི་ཕྱག་ན་རྡོ་རྗེ། དེ་ལས་འོད་འཕྲོས་སྟེང་གདོན་གཟའ། འོག་གདོན་ཀླུ། བར་གདོན་འབྱུང་པོ་ལོག་འདྲེན་རྣམས་བྱ་སྒྲོ་རླུང་གིས་འདེད་པ་ལྟར་ཕྱོགས་བཅུར་གཏོར། ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། རྩ་བ་བརྟན་པ་གདན་ལ་ཟུག་པ། རྩེ་མོ་བྱུང་རྒྱལ་མཁའ་ལ་བསྟན་པ། ལྟེ་བར་སྐྱེད་བྱེད་ཧཱུྃ་ཡིག་མེ་འབར་བས་མཚན་པ་ནི་མཚན་མ་རྫས་ཀྱི་ཕྱག་ན་རྡོ་རྗེ། དེའི་འོད་ཟེར་གྱིས་ལྕང་ལོ་ཅན་གྱི་གནས་མཆོག་ནས་གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ། འབྲས་རྒྱུད་སངས་རྒྱས་སུ་སྣང་བའི་དཔལ་ཕྱག་ན་རྡོ་རྗེ་འཁོར་སེམས་དཔའ་རྡོ་རྗེ་འཛིན་པ་བྱེ་བ་ཕྲག་དགུས་བསྐོར་བ་སྤྱན་དྲངས་ནས་ཐིམ་པའི་སྐད་ཅིག་ལ་རང་ཉིད་ལམ་རྒྱུད་འཕགས་པར་སྣང་བའི་དཔལ་ཕྱག་ན་རྡོ་རྗེ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་བདག་ཉིད་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན། སྐུ་མདོག་མཐིང་སྔོན་ནམ་མཁའ་རྡུལ་གྱིས་མ་གོས་པ་ལྟར་གསལ་དྭངས་མཚམས་ཀྱི་སྤྲིན་དམར་མཆེད་པ་འདྲ་བའི་དབུ་སྐྲ་སྨིན་མ་སྨ་ར་གྱེན་དུ་འཁྱིལ་བ་མེ་སྟག་འཕྲོ་བ། སྤྱན་གསུམ་དམར་ཞིང་ཟླུམ་པ། མཆེ་བའི་མྱུ་གུ་གཙིགས་པ། འཛུམ་ཁྲོ་འགྱིངས་བག་ལྡན་པ། ཕྱག་གཡས་རྡོ་རྗེ་འཕྱར་སྟབས། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྦྲུལ་རྒྱན་དང༌། སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཀྱི་ཆར་དཀྲིས་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པའི་པང་ན་ཡུམ་རྡོ་རྗེ་གཏུམ་མོ་ལྗང་སྔོན་ལང་ཚོ་ལྡན་པ་གྲི་ཐོད་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། ཞབས་གཡོན་བསྐུམས་གཡས་བརྐྱངས་པས་ཡབ་ལ་འཁྲིལ་བ། སྤྱན་གསུམ། དབུ་སྐྲ་དམར་སེར་ཐུར་དུ་བཤིག་པ། ཐོད་པའི་ཅོད་པན་དང་རུས་པའི་རྒྱན་ཅན། རྡོ་རྗེ་པདྨ་མཉམ་པར་སྦྱོར་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་གསལ་སྣང་རྒྱ་ཆེར་བསྐྱེད་དེ། ལྷའི་རྣམ་པ་འགག་མེད་ལ་ཡིད་རྩེ་གཅིག་ཏུ་གཏད་ཅིང༌། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་བཻ་ཌཱུརྱའི་མདོག་གསལ་ཕྲུང་བ་གཅིག་བསམ། དེ་ལས་ཧཱུཾ་བརྒྱ། ཧཱུཾ་སྟོང༌། ཧཱུཾ་ཁྲི། ཧཱུཾ་འབུམ། ཧཱུཾ་ཚད་མེད་རྒྱས་པའི་དབང་གིས། རང་གི་ལུས་ཇེ་སྲབ་ཏུ་སོང་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་ཧཱུྃ་ཡིག་གིས་མེར་གང༌། དཔལ་ཕྱག་ན་རྡོ་རྗེའི་མཐུ་སྟོབས་མ་ལུས་པས་བྱིན་གྱིས་བརླབས། ཧཱུཾ་གི་ཤུགས་ཀྱིས་པགས་པ་རལ་ནས་ཧཱུཾ་འབའ་ཞིག་པའི་རྣམ་པར་ཤིག་གེར་སོང་སྟེ། འཇིག་རྟེན་ཁམས་མ་ལུས་པ་ཧཱུཾ་སྒྲས་གང་བར་མོས་ཤིང༌། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྒྲ་དབྱངས་འབྲུག་སྒྲ་ལྟར་ཁྱབ་པས་ཐུགས་དམ་བསྐུལ། བདུད་དང་ལོག་འདྲེན་མ་ལུས་པའི་རྣ་བར་སོན་པས་འཇིགས་སྐྲག་དཔའ་བཀང་བར་བསམས་ལ་རིག་པ་ངར་བསྐྱེད། མིག་རྩ་དཔངས་བསྟོད། ཤེས་པ་ཧུར་ཕྱུང་ལ་ཧཱུཾ་ཧཱུཾ་ཞེས་སྒྲ་གསངས་ཇེ་མཐོ་ལྕེ་རྩ་མི་བསྒུལ་བར་མགྲིན་པ་ནས་ཤུགས་བསྐྱེད་དེ། དང་པོ་དལ་བར་བྱ། གོམས་ནས་སྐད་ཇེ་ཆེར་བཏང་ལ་བཟླ། ཐུན་འཇོག་དུས་སྔགས་ཀྱི་འབྲས་བུ་སྙིང་གའི་ཧཱུྃ་ལ་བསྡུ། བ་སྤུ་བྱེ་བ་ཕྲག་བརྒྱ། སྐྲ་ཉི་ཁྲི་ཆིག་སྟོང་ཧཱུཾ་དུ་ཡང་ཡང་གསལ་གདབ་ཅིང་ལྷའི་སྐུ་དྭངས་གསལ་ཆུ་མཚོའི་རྒྱུ་སྐར་ལྟར་ལས་མ་ཡེངས་པར་འབྲུ་གཅིག་ཧཱུཾ་གི་སྣ་གླུར་བསྒྱུར་བ་ཉིད་དོ། །གཏུམ་ཆེན་རྫོགས་རིམ་ཧཱུཾ་དྲིལ་འདི། །ཀུན༵་ནས་ཁྱེར་བདེའི་དག༵འ་འདྲར་མཐོང༌། །རང་གྲོལ༵་སེམས་ལ་མཆོ༵ག་ཤེས་ཚུལ། །ཡི་གེར་གསལ་བ་འདི་ཉིད་ཡིན༑ ༑གསང་བདག་གྲུབ་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ།