པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད།།

From Damngak Dzö
DNZ-18-TSHA-010-018
Wylie title po to ba'i dpe chos kyi khrid DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 18, Pages 233-238 (Folios 18a6 to 20b2)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Po to ba'i dpe chos kyi khrid. In Gdams ngag rin po che'i mdzod, Vol. 18: 233-238. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

ཧོར་ཀ་བཞི་པའི་ཁྲིད་དཔེ་ལས་བཏུས་སོ།

hor ka bzhi pa'i khrid dpe las btus so/

[edit]
(༡༨) །པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད། པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྣོད་ཁ་སྦུབ། ཞབས་རྡོལ། དྲི་མ་ཅན་ཏེ་སྣོད་སྐྱོན་གསུམ་གྱིས་མ་གོས་པ་དགོས་ཚུལ། ང་རྒྱལ། ཆེད་གཉེར་མེད། རྣམ་གཡེང་ཡིད་འདུས། སྐྱོ་བའི་དྲི་མ་ལྔ་དང་བྲལ། དོན་ཚིག་བརྡ་མ་གོ་བ་ལོག་པར་འཛིན་པའི་ཡུལ་ལས་བཟློག་ལ། དད་པ། འདོད་པ། ཡིད་ཆེས། ཕྱིར་མི་ལྡོག་པའི་དད་པ་བཞི་སྟོབས་བསྐྱེད་དེ། མན་ངག་དཔེའི་སྒོ་ནས་སྟོན་པ། ཨ་ཕའི་སྐད་དུ་ཁ་ཆེམས་རླུང༌། ཞེས་མཚམས་སྦྱར་ནས། སྐྱབས་འགྲོའི་མཐུན་དཔེ་འཁོར་ལོས་བསྒྱུར་རྒྱལ་ནས། གཉེན་སྒྲོན་བར་ཉེར་བཞི་མི་མཐུན་ཕྱོགས། བྲག་ཕུག་ཁ་བྱང་བསྟན་ནས་བྲ་བ་བསད་པའི་དཔེ་དེ་བཅུ་དྲུག་གི་བརྡ་སྦྱར། དལ་འབྱོར་རྙེད་དཀའི་མཐུན་དཔེ་མཁར་ཐོག་རྩ་ནས་སོ་ཁའི་མཁར་བར་བཅུ་གཉིས་སོ། །མི་མཐུན་ཕྱོགས། བྱིས་པའི་སྣེ་ཟན་ནས་ལ་ཆ་གྲང་མོའི་བར་བཅུ་དྲུག །མི་རྟག་པའི་མཐུན་དཔེ་འདི་ན་མི་དགའ་ནས་རྒན་པོ་སྐྱེས་ཀྱི་བར་སོ་དགུ། མི་མཐུན་ཕྱོགས་ཤིང་སྤར་ནས་སྤང་ཐང་བར་བཅུ་དྲུག །ལས་རྒྱུ་འབྲས་ཀྱི་མཐུན་དཔེ་བཟང་ལེན་ནས་སྟོང་གསུམ་བྲན་ཁོལ་བསད་ཀྱང་རུང་གི་བར་ཉེར་དགུ། མི་མཐུན་ཕྱོགས་སྐལ་ཆད་ནས། ཇ་ཐུག་དྲང་བར་ཉེར་བཞི་སྟེ་འདི་ཡན་གྱི་སྐྱེས་བུ་ཆུང་ངུའི་ལམ་རྫོགས་ནས། འཁོར་བའི་ཉེས་དམིགས་ལ་མཐུན་དཔེ་དགའ་བོ་ནས་མཐའ་མཐོང་བར་བཅུ་གསུམ། མི་མཐུན་ཕྱོགས་ལ་རྙོང་ལ་སྤྲེའུ་ནས་ཟང་སྦ་བར་བཅུ་དྲུག་གོ །དེ་ལྟར་འཁོར་བ་ལ་ངེས་པར་འབྱུང་ནས་སོ་ཐར་གྱི་སྒོར་འཇུག་པའི་ཚུལ་ཁྲིམས་ལ་མཐུན་དཔེ་རྟ་ལ་སྲབ་ནས་ལྷ་གཉིས་བཞིན་གྱི་བར་བཅུ་བཞི། མི་མཐུན་ཕྱོགས་ཡུར་ཆུ་གཙང་པོ་ནས་རྒྱལ་བཙུན་སྤུན་གྱི་བར་བཅུ་གཉིས། ལྟོགས་ན་ནད་པ་བོན་པོ་རྟ་ནས་ཁང་བུ་རྙེད་ཀྱི་བར་སྐྱེས་བུ་འབྲིང་གི་ལམ་རྫོགས། མཐུན་པའི་ཡུལ་སྐྱེས་བུ་དམ་པའི་མཐུན་དཔེ། གསེར་གྱི་ཁྲོན་རྡོལ་ནས༑ ར་འདེད་འདྲའི་བར་བཅུ་གཅིག །མི་མཐུན་ཕྱོགས་ཤིང་གི་རང་འཐགས་ནས་འགོ་མེད་གླང་འདྲ་འཕྱིང་བུའི་བར་བཅུ་གཉིས། སློབ་མའི་མཐུན་དཔེ་བུ་ཆུ་ཁ་ཅན་ཁ་མེད་ནས་ཤེས་རབ་ཡོན་ཏན་བར་བཅུ། མི་མཐུན་ཕྱོགས་ལ་ངང་པ་རྒྱ་གར་ནས་ཨ་ན་ལའི་བར་བཅོ་ལྔ། བླ་མ་བརྟེན་ཚུལ་མཐུན་དཔེ་བུ་ཆུང་བྱེད་ཕྲུག་མ་ལ་རག་ནས་ལུད་པ་ཐོབ་པའི་བར་བཅུ། མི་མཐུན་ཕྱོགས་ལ་ཤིག་འཆའ་ནས་སྤྲེའུ་ཡི་ཟས་ཀྱི་བར་བརྒྱད། རང་གི་ལེགས་སྨོན་ལ་མཐུན་དཔེ། བུར་སྒོར་ནས་ངེད་ཀྱི་རྣ་གཏམ་བར་དྲུག །མི་མཐུན་ཕྱོགས་ཨ་མ་ང་ནི་ནས། རྟ་གཡག་ར་དང་བྱའི་བར་ལྔ། བསོད་ནམས་བསགས་པའི་མཐུན་དཔེ་ཨ་ཏི་ཤ་ནས་སྟན་ལ་འདུག་པའི་བར་བཅུ་གཉིས། མི་མཐུན་ཕྱོགས། མི་ཁོམ་ལུས་བླངས་ནས་ནོར་བུ་བཙོངས་པའི་བར་བཅུ་གཉིས། མདོར་ན་བསླབ་ལྡན་དགེ་སློང་འཁོར་ལོ་བཞི་ལྡན། དེས་ཐེག་ཆེན་ལམ་དུ་འཇུག་པའི་མཐུན་དཔེ་འགྲོ་ས་ལམ་ནས་བདུད་རྩི་འདྲ་བའི་བར་ལྔ། མི་མཐུན་ཕྱོགས་ལ་ཆུ་ཤིང་ནས་འཆི་བའི་བར་ལྔ། དེ་ཡང་བྱས་པ་ཤེས་ཤིང་དྲིན་གཟོ་བསྒོམ་པའི་མཐུན་དཔེ། འབུ་སྲིན་ནས་རལ་གྲི་དགྲའི་བར་བཞི། མི་མཐུན་ཕྱོགས་དཔེ། བུ་སྟོར་ཆུས་ཁྱེར་མ་སྐྱེས་དགྲ་གསུམ། བྱམས་པ་ལ་མཐུན་དཔེ། མ་ནི་བུ་ལ་ནས་རྒྱལ་ཤོའི་བར་དྲུག །མི་མཐུན་ཕྱོགས་སྲེག་བྱེད་མེ་ནི་ནས་མ་ལ་སྦིག་བར་དྲུག །སྙིང་རྗེའི་མཐུན་དཔེ་དམུས་ལོང་འབྲོག་འཁྱམས་ནས་ཡུལ་སྣ་གདོང་བར་ལྔ། མི་མཐུན་ཕྱོགས་སྔགས་པར་བསད་ནས་ཁྲ་སྤྱང་བར་བཞི། སྨོན་སེམས་ཀྱི་མཐུན་དཔེ། ཆུ་འདོད་ནས་ཆོས་བདུན་བསླབ་བར་ཉེར་གཉིས། མི་མཐུན་དཔེ་དགྲ་བོ་ཡུལ་འབྱིན་ནས་སྔགས་པ་མར་འཚོང་དཔེ་འབྱུང་བར་ཉེར་གཅིག །སྨོན་སེམས་སྐྱེས་ནས་རང་སྨིན་བར་ཕར་ཕྱིན་དྲུག་གི་སྦྱིན་པའི་མཐུན་དཔེ་ཟང་ཟིང་སྦྱིན་པ་སྦྲུལ་ལྐོགས་ནས་ཁོ་མཁས་བར་ལྔ། ཆོས་སྦྱིན་དགོན་པའི་དགེ་སློང༌། ཁ་ཏོན་ཀློག་གཉིས། མི་འཇིགས་སྦྱིན་རྒྱལ་རིགས་འཇིགས་པའི་རབ་བྱུང་གཉིས། མི་མཐུན་དཔེ་ཟང་ཟིང་ལ་མར་ལ་ཏི་ཏོས་ནས་བྱང་བའི་སྟོན་མོ་བར་བཞི། ཆོས་སྦྱིན་གྱི་མེས་ཚིག་རྒོད། མི་འཇིགས་པའི་སེང་གེ །ཀོང་བུ་ལྷག་གཉིས། ཚུལ་ཁྲིམས་མཐུན་དཔེ་སྡོམ་པའི་ཁྲིམས་ལ། རྩ་བའམ་མི་གཙང་ནས་གསེར་འབུམ་བར་བཅུ་དགུ། དགེ་བ་ཆོས་སྡུད་ལ། རླན་གྱི་སྡུད་སྐྱེད་རྐང་མིག་ལྡན་གཉིས། སེམས་ཅན་གྱི་དོན་བྱེད་ལ་ཕ་མ་མི་སྐྱོ་ནས་རང་ལུས་བར་བཞི། མི་མཐུན་ཕྱོགས་ལ། སྡོམ་པའི་ཚུལ་ཁྲིམས། མི་མཐུན་ཕྱོགས་ཀྱི་ཁྱི་འདྲ་ནས་བཏེགས་ནས་འདབས་བར་བཅུ་གསུམ། དགེ་བ་ཆོས་སྡུད་ལ། མེས་བསྲེགས་འདབ་གཤོགས་མེད་པའི་བྱ་གཉིས། སེམས་ཅན་དོན་བྱེད་སྣམ་བུ་བོར་བཙོངས་ནས་ཕན་གནོད་སྐྱེལ་བར་ལྔ། བཟོད་པའི་མཐུན་དཔེ། ས་དང་ནས་རྟག་ཏུ་ངུའི་བར་བཅུ་གཉིས། མི་མཐུན་ཕྱོགས་ཁྱི་ཁལ་མི་ཐེག་ནས། ཁ་དེ་མངར་བར་བཅུ་དྲུག །བརྩོན་འགྲུས་ལ་མཐུན་དཔེ་ཆ་ཁར་ཐོབ་འདྲ་ནས། ཉུང་ཐུག་འཐུང་བར་བཅོ་བརྒྱད། མི་མཐུན་ཕྱོགས་དཔེ་དྲོད་ལྐོག་མེད་ནས་སེ་མོ་འབྲུ་བར་བཅུ་གཉིས། བསམ་གཏན་གྱི་མཐུན་དཔེ་དྲི་མེད་སྣོད་དུ་ཆུ་གཙང་ནས། སྐུ་མཐོང་ཤིག་བར་བཅུ་གཅིག །མི་མཐུན་ཕྱོགས་མ་དག་སྣོད་འདྲ་ནས་བྱང་པ་མོ་བཞིན་རྟག་མེད་འདྲ་བའི་བར་བཅུ་གསུམ་སྟེ་ཐབས་ཀྱིས་ཁྱད་པར་དུ་བྱས་པ་ཡིན། ད་ནི་ཤེས་རབ་ཀྱི་ཕར་ཕྱིན་མཐུན་དཔེ། སྐྱེས་བུའི་མིག་ནས་བུམ་བཟང་བར་སོ་ལྔ། མི་མཐུན་ཕྱོགས་བརྒྱ་ཕྲག་ནས། སྨིག་རྒྱུ་སྙེགས་པའི་བར་ཉེར་ལྔ། ཐེག་པའི་མཐར་ཐུག་སྔགས་ཀྱི་ཡོན་ཏན་ལ་མཐུན་དཔེ་ལག་གི་བཟོ་བྱེད་ནས། མ་ར་ཛ་བར་དྲུག །མི་མཐུན་ཕྱོགས་བོད་ན་མི་འདུག་ནས༑ ང་ལ་ཆ་མེད་ཨ་བོ་ཟེར་གྱི་བར་བཅུ་གསུམ། ལམ་གྱི་རྩ་བ་བླ་མ་མཉེས་པར་བྱ་དགོས་པའི་མཐུན་དཔེ་ལ། ཕུ་ཆུ་རྫིང་ནས་ཨ་ཏི་ཤ་དང༌། རིགས་ངན་བཞིན་བར་བདུན། མི་མཐུན་ཕྱོགས་ཕ་མེས་ནས་རྐང་མགྱོགས་བར་དྲུག །མཇུག་བསྔོ་བའི་མཐུན་དཔེ། གསེར་དངུལ་མགར་བ་ནས་འབྲེལ་ཐག་བཅད་བར་དགུ། མི་མཐུན་ཕྱོགས་ལ་སྐར་མདའ་ནས་རྟོག་པས་ཕུལ་བར་བཅུ། ཐམས་ཅད་ཀྱི་དོན་བསྡུ་བ་ནི། དགྲ་ཟིན་ཕྱེ་བར་བཞི། ཟན་རྡོག་གཅིག་ལ་གཙུབ་ཤིང་མེ། །རྟག་ཏུ་ངུ་དང་ནོར་བཟང་བཞིན། །ཞེས་པ་སྟེ་དཔེས་དོན་གོ་བར་བསྐྱེད་ནས་སྐྱེས་བུ་གསུམ་ལ་བློ་སྦྱང་བ་ཞིག་ཡིན་སྣང་ངོ༌། །ཆོས་ཀུན༵་དཔེ་འདྲ་ཡིད་དག༵འི་གནས། །མཐོང་གྲོལ༵་མཆོ༵ག་ཏུ་བློ་སྦྱོང་བའི། །པོ་ཏོའི་གདམས་པ་རིན་སྤུངས་ཀྱི། །གནད་འདོམས་ཡི་གེའི་ལམ་འདིར་བཀོད། །ཧོར་ཀ་བཞི་པའི་ཁྲིད་དཔེ་ལས་བཏུས་སོ།