ཀུན་མཁྱེན་བོ་དོང་བའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་དམར་ཁྲིད་ཟིན་བྲིས་བླ་མའི་ཐུགས་བཅུད།

From Damngak Dzö
DNZ-17-TSA-012-003
Wylie title kun mkhyen bo dong pa'i bka' srol thub pa mdo gcod kyi dmar khrid zin bris bla ma'i thugs bcud DNZ-17-TSA-012.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 17, Text 12, Subtext 3, Pages 184-197 (Folios 7b1 to 14a1)
Author མཛད་བྱང་མི་གསལ་
Citation 'jam mgon kong sprul, comp. Kun mkhyen bo dong pa'i bka' srol thub pa mdo gcod kyi dmar khrid zin bris bla ma'i thugs bcud . In Gdams ngag rin po che'i mdzod, Vol. 17: 184-197. Kalimpong: Rigpe Dorje Publications, 2024.
Side notes Recto: gcod khrid   Verso: khrid thor bu ba'i skor
More details More details
Genre Contemplative Guide Books and Instructional Manuals - khrid yig  ·  Notes - zin bris  ·  Severance Texts - gcod gzhung
Colophon

།དེ་ལྟར་ཀུན་མཁྱེན་བོ་དོང་བ་ཆེན་པོ་ལ་བཅོམ་ལྡན་འདས་ཐུབ་པའི་དབང་པོས་སྩལ་བའི་ཟབ་མོ་མདོ་གཅོད་དུ་གྲགས་པའི་དམིགས་ཁྲིད་བླ་མའི་ཞལ་ལུང་ལས་ཇི་ལྟར་འབྱུང་བ་བཞིན་ཟིན་བྲིས་སུ་བཏབ་པའི་དགེ་བས་འགྲོ་ཀུན་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལམ་བྷ་བ་ཏུ།

de ltar kun mkhyen bo dong ba chen po la bcom ldan 'das thub pa'i dbang pos stsal ba'i zab mo mdo gcod du grags pa'i dmigs khrid bla ma'i zhal lung las ji ltar 'byung ba bzhin zin bris su btab pa'i dge bas 'gro kun 'phags bzhi'i skyed yum shes rab kyi pha rol tu phyin ma'i ye shes mngon du byed pa'i rgyur gyur cig__/mang+ga lam b+ha ba tu/

[edit]
༈ །ཀུན་མཁྱེན་བོ་དོང་བའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་དམར་ཁྲིད་ཟིན་བྲིས་བླ་མའི་ཐུགས་བཅུད་བཞུགས་སོ༑ ༑ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། འདིར་ཀུན་མཁྱེན་བོ་དོང་བའི་ཟབ་མོ་དག་སྣང་གི་ཆོས་སྡེ་ཐུབ་པ་ཆེན་པོས་དངོས་སུ་སྩལ་བའི་མདོ་གཅོད་དུ་གྲགས་པའི་དམིགས་འཁྲིད་ཀྱི་ཟིན་བྲིས་མདོ་ཙམ་འགོད་པ་ལ་གཉིས། སྤྱིའི་གོ་དོན་ཅུང་ཟད་བཤད་པ་དང༌། གདམས་པ་དངོས་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་ཞལ་ནས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གསུངས་པ་ལྟར། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་ཙམ་ནས་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཉན་ས་དང་རི་ཁྲོད་སོགས་ཀྱི་གནས་ངེས་མེད་འགྲིམ་པ་ཕྱི་བརྟུལ་ཞུགས་ལམ་དུ་ཁྱེར་བའི་གཅོད། དེ་ལྟ་བུའི་གནས་སུ། རིག་པ་དབྱིངས་སུ་སྤར་ཞིང་སྒྱུ་ལུས་ཚོགས་ཀྱི་འཁོར་ལོར་བསྐོར་བས་གང་ལའང་ཉམ་ང་བ་དང་བག་ཚ་བ་མེད་པའི་ལྟ་དགོངས་ཀྱི་གདིང་ལྡན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཕུང་པོ་གཟན་དུ་བསྐྱུར་བ་ནང་བདེན་གཉིས་ལམ་དུ་ཁྱེར་བའི་གཅོད། དེ་དག་གི་སྐབས་ཐམས་ཅད་དུ། ཕྱི་གཟུང་ཡུལ་རང་སྣང་དུ་ཤེས། ནང་འཛིན་སེམས་སྐྱེ་མེད་དུ་རྟོགས། གསང་བ་དབྱིངས་རིག་ཟུང་འཇུག་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལས་མི་འདའ་བས་བདག་འཛིན་གྱི་སྙེམས་ཐག་ཆོད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉག་ཅིག་རྩད་ནས་གཅོད་པ་དོན་དམ་དབྱིངས་རིག་ལམ་དུ་ཁྱེར་བའི་གཅོད་དེ། འདི་ལྟ་བུའི་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས། གཞི་སྟོང་པ་ཉིད། ལམ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་གྱིས་དུས་གསུམ་མཉམ་ཉིད་དུ་རྟོགས། སྔོན་གྱི་གནས་ཤེས་པ། འཆི་འཕོ་སྐྱེ་བ་ཤེས་པ། མི་སྐྱེ་བའི་བཟོད་པ་ཐོབ་པའི་ཟག་པ་ཟད་པ་ཤེས་པ་སྟེ་རིག་པ་གསུམ་མངོན་དུ་བྱས་ནས། རྒྱལ་ཡུམ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དགོངས་དོན་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་ཡིན་ཏེ། དེ་སྐད་དུ་མགོན་པོ་བྱམས་པས། སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། །དུས་གསུམ་མཉམ་པ་ཉིད་དང་ཡང༌། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག ༑ཅེས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་ལ་སྨོན་ལམ་དུ་མཛད་པས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱའོ། །གཉིས་པ་གདམས་པ་དངོས་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་ནོར་བུས་གཏམས་པ་ལས་སྐྱེས་པའི་དཔག་བསམ་ལྗོན་ཤིང་ཡལ་ག་ལྔའི་དབུས་སུ་རྩ་བརྒྱུད་ཀྱི་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། མཐའ་སྐོར་དུ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། བདག་དང་ཁམས་གསུམ་འགྲོ་བ་ཞེས་སོགས་སྐྱབས་འགྲོ་ཅི་ནུས་བྱ། གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་སྨོན་པ་དང༌། དེའི་ཆེད་དུ་ལམ་ཟབ་མོ་ལ་བསླབ་པར་བགྱིའོ་སྙམ་པ་ལ་འཇུག་པ་སྟེ༑ དོན་ཡིད་ལ་དྲན་བཞིན་པས། ཤེས་རབ་སྙིང་བརྩེ་སོགས་དང༌། ཚད་མེད་བཞིས་བློ་སྦྱང༌། གསུམ་པ་ནི། རང་གི་སྤྱི་བོར་བླ་མ་ཤཱཀྱ་ཐུབ་པ་དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ། མཆོད་པའི་སྒོ་ནས་ཚོགས་བསགས་པ། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་གདབ་པའི་ཚུལ་རྣམས་ངག་འདོན་གྱི་དཀྱུས་ནས་འབྱུང་བ་ལྟར་ལ། ཡེ་ཤེས་པ་བསྟིམ་པའི་སྐབས། སྐྱབས་ཡུལ་རྣམས་ཀྱང་སྤྱི་བོའི་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་སུ་མོས། མཆོད་པའི་སྐབས་རང་དང་སེམས་ཅན་ཐམས་ཅད་རེ་རེའང་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པའི་མཆོད་པའི་ལྷ་མོར་སྤྲུལ་ནས། ཕྱི་ནང་གསང་བའི་མཆོད་པ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད་པར་བསམ། གསོལ་འདེབས་སྐབས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་བཀུག །འོད་ཀྱི་རྣམ་པས་རང་གི་ལུས་ཀྱི་སྟོད་སྨད་བར་གསུམ་ལ་ཐིམ་པས་རང་ཉིད་རིགས་དྲུག་གི་སེམས་ཅན་ཐམས་ཅད་འདུས་པའི་ངོ་བོར་བསམ། སྤྱི་བོའི་བླ་མ་སྐྱབས་གནས་ཀུན་འདུས་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་ནི། ཌཱ་མ་རུ་ལྔ་བརྡུང་ཚར་གསུམ། སུམ་བརྡུང་ཚར་གསུམ། ཆིག་བརྡུང་བཅས་མཐོང་བརྒྱུད་ལྟར་གྱིས་སྣ་དྲངས་ཏེ། བྱིན་རླབས་ཅན་གྱི་བླ་མ་དང་སོགས་ཚིགས་བཅད་གཅིག་དལ་བུའི་གདངས་ཀྱིས་བརྗོད་རྗེས་ཌཱར་རྒྱགས་གོང་བཞིན་གྱི་མཐར་བཞག །དེ་ནས་རང་གི་སྤྱི་བོའི་བླ་མ་དེ་ཉིད་ཕྱི་ལྟར་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། ནང་ལྟར་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། གསང་བ་རྩ་བའི་བླ་མ་དང་དབྱེར་མེད་སྐྱབས་གནས་ཀུན་འདུས་སུ་མོས་པའི་གདུང་ཤུགས་དྲག་པོས༑ རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། །ཡིད་འཕྲོག་རབ་མཛེས་དབྱངས་ཅན་དགའ་བའི་དཔལ། །འཇིགས་མེད་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བརྒྱ་རྩ་དང༌། རང་གི་རྩ་བའི་བླ་མ་གང་ཡིན་གྱི་གསོལ་འདེབས་ཇི་ལྟར་རིགས་པ་བརྗོད་རྗེས། རྐང་གླིང་བླ་མ་མཁྱེན་ཟེར་བའི་ཁོངས་འདྲེན་འཁྱོངས་ཆ་ཅན་ལན་གསུམ་བུས་ནས། ཌཱ་རུ་གོང་མཚུངས་སུ་དཀྲོལ། དེ་ནས། རྗེ་ན་མོ་གུ་རུ་བྷྱཿ གནས་འོག་མིན་སོགས་དང༌། གནས་བྱ་རྒོད་ཕུང་པོའི་སོགས་ཀྱི་མཚམས་སུ་ཌཱ་རུ་ལྔ་བརྡུང༌། གནས་ཆོས་འབྱུང་ཨེ་ཡི་སོགས་ཀྱི་མཐར་ལྔ་བརྡུང་གསུམ། སུམ་བརྡུང་གསུམ། ཆིག་བརྡུང་གཅིག །དེ་ནས་གནས་སྟག་ལུང་ཐང་གི་སོགས་ནས་བཟུང་གསོལ་འདེབས་སྡེ་ཚན་རེའི་མཚམས་ལྔ་བརྡུང་རེ། མཇུག་ཏུ་ལྔ་བརྡུང་གསུམ་སོགས་གོང་ལྟར་རྒྱས་པར་བྱས་ནས་ཌཱ་རུ་བཞག །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་ཐ་དད་དུ་འཛིན་པ་སྤངས་པའི་ངང་ནས་ཅུང་ཟད་མཉམ་པར་འཇོག །དེ་ནས་རང་ཕག་མོའི་བསྐྱེད་རིམ་གསལ་བཏབ་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་འཇོག་གོ །གཉིས་པ་དངོས་གཞི་ལ་གསུམ། ཟིལ་གནོན་དམིགས་པ་སྐོར་གསུམ། རང་སེམས་དབྱིངས་སུ་འཕོ་བ། ཕུང་པོ་གཟན་དུ་བསྐྱུར་བའོ༑ ༑དང་པོ་ནི། རང་ཉིད་ཕག་མོའི་བསྐྱེད་རིམ་གྱི་གསལ་སྣང་བརྟན་པོའི་སྒོ་ནས། མི་རྐང་གསུམ་བུས་པའི་ཐོག་མའི་སྒྲར་རྣལ་འབྱོར་པ་ང་འདིར་སླེབས་ཡོད་ཟེར་བ་དང༌། གཉིས་པར་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་འདིར་འདུས་འདིར་ཚོགས། གསུམ་པར་ཁྱེད་རྣམས་ངའི་བཀའ་ལ་ཉོན། ཐེག་ཆེན་གྱི་ལམ་ལ་འགོད་དོ་ཞེས་གྲགས་པར་བརྟེན། སྣང་སྲིད་ཀྱི་ལྷ་འདྲེ་མཐོ་བ་དཔེ་དཀར་རྒྱལ་པོ་ནས་དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད། སྔར་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་པོ་སོགས་གནོད་བྱེད་ཀྱི་སྡེར་གཏོགས་སོ་ཅོག་ཐམས་ཅད་ཁྲོམ་ཚོགས་པ་ལྟར་འདུས་པར་དམིགས་ནས། རང་ཕག་མོར་གསལ་བའི་སྐུ་རྒྱབ་ཏུ་མགོ་གཡས་སུ་གཏད་པའི་མི་ལྤགས་ཀྱི་གཡང་གཞི་བཤུས་མ་ཐག་པ་ཁྲག་ཛར་རེ་བ་རྣམས་ཀྱི་སྟེང་དུ་ཆལ་གྱིས་འགྲེམ་པ་དང་ལྷན་ཅིག་ཕཊ་ཅེས་བརྗོད། རང་ཕག་མོའི་བསྐྱེད་རིམ་དང་ལྡན་པས་གང་ལ་ཡང་འཇིགས་པ་དང༌༑ ཉམ་ང་ཁུ་འཁྲིག་མེད་པའི་གདེངས་དང་ལྡན་པའི་ངང་ནས་འཇིགས་སྟོབས་ཀྱི་ཟིལ་གནོན་གྱི་ངང་ནས། ཕཊ་ཅེས་བརྗོད། དེ་བཞིན་དུ་རང་སེམས་སྤྲོས་པ་མཐའ་དག་དང་བྲལ་བའི་རིག་སྟོང་རྗེན་པ་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་དངོས་མེད་ཆོས་ཀྱི་སྐུ་འོད་གསལ་འགྱུར་མེད་ལྟ་བའི་ཟིལ་གནོན་གྱི་ངང་ནས། ཕཊ། དེར་འདུས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་མེད་པ་བསྐྱེད་པ་ཆོས་ཉིད་གཉུག་མའི་གདངས་སྙིང་རྗེར་ཤར་བའི་ཟིལ་གནོན་གྱི་ངང་ནས། ཕཊ་ཅེས་བརྗོད། སླར་ཡང་རང་གི་སྤྱི་བོར་ཤཱཀྱ་ཐུབ་པ་བསྐྱེད། དེའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། སྣང་སྲིད་ཀྱི་ལྷ་འདྲེ་སྔར་མ་འདུས་པའི་ལྷག་མ་ཀུན་བཀུག་སྟེ་རང་གི་ཞབས་འོག་ཏུ་ཧྲིལ་གྱིས་མནན་པས། དེ་དག་ཐམས་ཅད་སྔར་བྱས་ཀྱི་སྡིག་པར་འགྱོད་སེམས་དྲག་པོ་སྐྱེས་ཏེ་ཕྱིན་ཆད་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤང༌། བསྟན་པ་བསྲུངས་ཤིང་སེམས་ཅན་ལ་ཕན་སྐྱོབས་བྱེད་པ་སོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསམ། གཉིས་པ་རང་སེམས་དབྱིངས་སུ་འཕོ་བ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། རང་ཕག་མོར་གསལ་བའི་རྩ་དབུ་མའི་ནང་ལྟེ་བའི་ཐད་དུ་རང་སེམས་ཀྱི་ངོ་བོ་འོད་ཀྱི་གོང་བུ་དཀར་པོ་བྱེའུའི་སྒོ་ང་ཙམ་འཕུར་ལ་ཁད་པ་ཞིག་གསལ་བཏབ་སྟེ། ཕཊ་གཅིག་གིས་སྙིང་ག །ཕཊ་གཅིག་གིས་མགྲིན་པ། ཕཊ་གཅིག་གིས་སྤྱི་བོའི་ཀླད་རྒྱའི་འོག །ཕཊ་གཅིག་གིས་འོད་དེ་སྤྱི་བོ་ནས་རྒྱངས་ཀྱིས་འཐོན་པར་བསམས་ལ་དབྱིངས་རིག་བསྲེ། ཕཊ་གཅིག་གིས་རང་སེམས་ཀྱི་ངོ་བོ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་འཛིན་ཅིང༌༑ གཡོན་རང་གི་ཕུང་པོ་དཀར་ཞིང་ཚོ་ལ་མཛེས་པ་སྣུམ་པ་དེར། སྡིགས་མཛུབ་ཀྱིས་གཟིར་བའི་རྣམ་པ་ཅན་དུ་གསལ། གསུམ་པ་ཕུང་པོ་གཟན་དུ་བསྐྱུར་བ་ལ་གསུམ་ལས། ནུབ་དང་པོ་དཀར་འགྱེད་ཀྱི་དམིགས་པ་ནི། རང་སེམས་ཕག་མོར་གསལ་བ་དེ་ཉིད་རང་གི་ཕུང་པོའི་སྟེང་བྱ་རྒོད་རོ་ལ་འཐིབས་པ་བཞིན་བབས། གྲི་གུག་རྣོ་ངར་དང་ལྡན་པ་དེ་ཉིད་སྣ་གོང་གི་ཉག་ཏུ་རྒྱབ་པས་ཐོད་པ་ལིང་གིས་ཕོག །མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་བཀལ་བའི་འདུན་པ་དང་བཅས། ཕཊ། ཐོད་པ་ཡེ་ཤེས་ཀྱི་ཀ་པཱ་ལ་ཞེས་སོགས་བརྗོད་ཅིང་གསལ་བཏབ། ༀ་ཨཱཿ ཧཱུྃ་ལན་གསུམ་གསུམ་བརྗོད་པའི་སྐབས་སུ་ཀླད་པའི་སྟེང་གི་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་གསུམ་གསལ་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་ཟས་སྐོམ་བདུད་རྩིའི་བཅུད་རྣམས་ཐམས་ཅད་བསྡུས། ཐོད་པའི་བདུད་རྩི་ལ་ཐིམ་པས། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས་ཏེ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྤྱན་འདྲེན་པའི་མི་རྐང་གསུམ་འབུད། དེ་རྣམས་སྟེང་གི་ནམ་མཁར་བྱོན་པར་བསམ། རང་ཕག་མོར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཕྱག་ན་ཐོད་པ་ཐོགས་པ་གྲངས་མེད་པ་སྤྲོས། ཐོད་པ་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་གོང་དུ་གསལ་བཏབ་པའི་ནང་ནས་བདུད་རྩི་བཅུས་ཏེ་སྟེང་གི་ཆར་བཞུགས་པ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད་པར་བསམ། སླར་ཡང་རང་ཕག་མོར་གསལ་བའི་གྲི་གུག་རྣོ་ངར་དང་ལྡན་པས་ཕུང་པོའི་པགས་པ་གཞུང་བཤགས་ཀྱིས་བཤུས་པ་ཆལ་གྱིས་བཀྲམ་པར་བསམས་ལ། ཕཊ། པགས་པ་རིན་པོ་ཆེའི་ཞེས་སོགས་བརྗོད་ཅིང་ཚིག་རིས་དང་མཐུན་པར་གསལ་གདབ། ༀ་ཨཱཿ ཧཱུྃ་ལན་གསུམ་བརྗོད་སྐབས་རྫས་ཀྱི་སྟེང་ཡི་གེ་འབྲུ་གསུམ་ཐོ་བརྩེགས་ལས་འོད་འཕྲོས། ཁམས་གསུམ་གྱི་བདུད་རྩི་རོ་བཅུད་ཐམས་ཅད་དྲངས་བསྟིམས་གོང་ལྟར་བྱ། མཁའ་འགྲོ་ཆོས་སྐྱོང་སྣང་སྲིད་མགྲོན་ཚོགས་སྤྱན་འདྲེན་པའི་མི་རྐང་གསུམ་བུས་པས། མགྲོན་རིགས་རྣམས་ཀྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གང་བར་དམིགས་ལ། དེ་རྣམས་ཀྱིས་ཅི་འདོད་ལོངས་སྤྱད་པའི་འདུན་པ་དང་བཅས། ཕཊ། མཁའ་འགྲོ་ཆོས་སྐྱོང་སོགས་བརྗོད། དེ་ལྟར་མགྲོན་རིགས་རྣམ་པ་བཞི་བདུད་རྩིར་ལོངས་སྤྱོད་ཅིང་ཚིམ་པར་བསམ་པའི་ངང་ནས། ཕུང་པོ་ཚོགས་མཆོད་གཏོང་ངོ༌། །ནུབ་གཉིས་པ་དམར་འགྱེད་ཀྱི་དམིགས་པ་ནི། རང་རིག་གི་ངོ་བོ་ཕག་མོར་གསལ་བའི་གྲི་གུག་རྣོ་ངར་དང་ལྡན་པས་པགས་པ་གཞུང་བཤགས་གཅལ་དུ་བཀྲམ་པའི་འདུན་པ་དང་བཅས། ཕཊ། པགས་པ་དབང་ཆེན་གསེར་གྱི་ས་གཞི་ཞེས་སོགས་འདོན་ཆ་ལྟར་གསལ་བཏབ། རྫས་དེ་དག་གི་སྟེང་གི་ཡི་གེ་འབྲུ་གསུམ་གསལ་བ་ལས་འོད་འཕྲོས། ཁམས་གསུམ་གྱི་ཟས་སྐོམ་བདུད་རྩིའི་རོ་བཅུད་ཐམས་ཅད་བསྡུས། དེ་ཉིད་ལ་ཐིམ་པས་རྣམ་པ་ཤ་ཁྲག་ལ་ངོ་བོ་བདུད་རྩིའི་རང་བཞིན་དུ་གྱུར་པར་དམིགས་ཏེ། མགྲོན་རིགས་རྣམ་བཞི་སྤྱན་འདྲེན་པ་ནི། རང་རིག་ཕག་མོར་གསལ་བའི་ཐུགས་ཀར་བྃ་ཡིག་དམར་པོ་ཞིག་གསལ་བཏབ། དེ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས་ཏེ་མགྲོན་ཀུན་སྤྱན་དྲངས་པར་བསམས་ལ་མི་རྐང་གསུམ་བུས་པས། མགྲོན་ཚོགས་ཀྱིས་སྟེང་འོག་ཐམས་ཅད་ཁྲིག་མེར་གྱིས་གང་བར་བསམ། དེ་རྣམས་ཀྱིས་རྫས་དེ་དག་ལ་དགྱེས་བཞིན་དུ་ལོངས་སྤྱོད་པའི་འདུན་པ་དང་བཅས་ཕུང་པོ་ཚོགས་མཆོད་གཏོང་ངོ༌། །ནུབ་གསུམ་པ་སྤུས་འདོན་གྱི་དམིགས་པ་ནི། རང་ཉིད་ལྷར་གསལ་བའི་ཕྱག་གཡས་སྡིགས་འཛུབ་ཀྱི་ཕྱག་རྒྱས་རང་གི་ཕུང་པོ་ལ་གཟིར་བ་དང༌། ༀ་ཨཱཿ ཧཱུྃ་ལན་གསུམ་བརྗོད་པས་རང་གི་ཕུང་པོ་དེ་ཉིད་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུ་རེ་འདོད་ཐམས་ཅད་སྐོང་བར་གྱུར་ཏེ། དཀོན་མཆོག་སྲི་ཞུའི་མགྲོན་དང་མགོན་པོ་ཡོན་ཏན་མགྲོན་རྣམས་ཀྱི་སྤྱན་ལམ་དུ། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་བདུན། འདོད་ཡོན་ལྔ་སོགས་མ་ཚང་མེད་པའི་མཆོད་པ་ནམ་མཁའ་གང་བས་མཆོད། རིགས་དྲུག་དང༌། ལན་ཆགས་ཀྱི་མགྲོན་རྣམས་ཀྱང་རང་རང་གང་འདོད་པའི་ལོངས་སྤྱོད་ཀྱིས་ཚིམས་པར་བསམ་མོ། །གང་ལྟར་ཡང་དེ་རྣམས་ཀྱི་མཐར་ཕུང་པོའི་ཚོགས་མཆོད་ན། ཌཱ་མ་རུ་ལྔ་བརྡུང་གསུམ་སོགས་རྒྱས་པས་ཐོག་དྲངས་ནས། ༀ་ཨཱཿ ཧཱུྃ། མཁྱེན་བརྩེའི་བྱིན་རླབས་སོགས་བརྗོད་ཅིང་བསམ། མཐར་ཌཱར་རྒྱགས་རྒྱས་པར་བྱ། གསུམ་པ་རྗེས་ལ་གསུམ། ཚོགས་དྲུག་ལམ་ཁྱེར་བྱ་བ། བདེན་པའི་སྟོབས་བརྗོད་པ། ཆོས་སྦྱིན་དང་བསྔོ་སྨོན་གྱིས་མཐའ་བརྒྱན་པའོ། །དང་པོ་ནི། མིག་གི་དབང་པོའི་མཚོ་ནང་དུ་སྡེ་ཚན་ལྔའི་མཐར་ཌཱ་རུ་ལྔ་བརྡུང་རེ་རེ། ཡིད་ཀྱི་དབང་པོའི་སོགས་ཀྱི་མཐར་ལྔ་བརྡུང་གསུམ་སོགས་རྒྱས་པར་བྱ། དེའི་ཚེ་དམིགས་པ་ནི། ཚོགས་དྲུག་གི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་ལྟ་བའི་གདིངས་བསྐྱེད། སྒོམ་པའི་ཉམས་རྟོགས་སྤར། སྤྱོད་པ་བརྟུལ་ཞུགས་ཐོག་བརྫིས་སུ་ཁྱེར། གཉིས་པ་ནི། ཚངས་པའི་འཇིག་རྟེན་སོགས་དང༌། རྒྱལ་བ་མཆོད་པས་སོགས་དང༌། ཕ་མ་ལ་སོགས་སེམས་ཅན་སོགས་ཀྱི་སྡེ་ཚན་རེ་རེའི་མཐར་ཌཱ་རུ་ལྔ་བརྡུང་རེ་དང༌། ཡུལ་ཕྱོགས་འདི་རུ་སོགས་རྫོགས་མཚམས་སུ། མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཚར་གཉིས་བསྐྱར་ལ་ཌཱ་རུ་ལྔ་བརྡུང་གསུམ་སོགས་རྒྱས་པར་བྱ། དེའི་ཚེ་མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པའང་མངོན་སུམ་དུ་བཞུགས་ནས་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛད་པར་བསམ། གསུམ་པ་ནི། རང་ཉིད་ཕག་མོར་གསལ་བ་སྐད་ཅིག་གིས་གནས་འགྱུར་བའི་ཚུལ་གྱིས། པད་དཀར་དང་ཟླ་བའི་གདན་ལ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པའི་སྐུར་ལམ་སྟེ་གྱུར་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿ ཡིག་གི་མཐར་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། རིགས་དྲུག་དང༌། ལན་ཆགས་ཀྱི་མགྲོན་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པས། ལུས་ཐུགས་རྗེ་ཆེན་པོའི་སྐུ། ངག་ཡི་གེ་དྲུག་མའི་སྒྲ། ཡིད་ཐུགས་རྗེ་ཆེན་པོའི་དགོངས་པ་དང་དབྱེར་མེད་དམ་པ་རིག་སྟོང་ཆོས་སྐུའི་ངང་དུ་གནས་པར་བསམས་ལ་ཡི་གེ་དྲུག་པ་སྟོང་སོགས་གང་འགྲུབ་བཟླ། དྲང་དོན་ཆོས་བཤད་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་སོགས་བརྗོད་པས་ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པར་བསམ། ངེས་དོན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་སོགས་བརྗོད་པས་འཁོར་འདས་ཆོས་ཀུན་སྒྱུ་མའི་རང་བཞིན་དུ་རྟོགས་ཏེ་གང་ལའང་འཛིན་པའི་འཆིང་བ་དང་བྲལ་ནས་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པར་བསམ། ཟང་ཟིང་ཆོས་དང་མི་འཇིགས་པ་དང་བྱམས་པའི་སྦྱིན་པ་ལ་སོགས་པའི་དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ་བའི་སླད་དུ། སྦྱིན་པ་རྒྱ་ཆེན་གྱུར་པ་སོགས་བརྗོད། ཕཊ་གཅིག་གིས་ཡས་མགྲོན་རྣམས་མི་དམིགས་པར་ཆོས་ཀྱི་དབྱིངས་སུ་གཤེགས་པར་བསམ། ཕཊ་གཅིག་གིས་མས་མགྲོན་རྣམས་སོ་སོའི་གནས་སུ་དེངས་པར་བསམ། ཕཊ་གཅིག་གིས་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་འཇའ་ཡལ་བ་ལྟར་མི་དམིགས་པའི་ངང་དུ་བཞག །སླར་ཡང་རང་ཐུགས་རྗེ་ཆེན་པོའི་སྐུར་ལྡངས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ཅིག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ལྟ་བུའི་གནས་སྐབས་ཐམས་ཅད་དུ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་བྱས་པས་ཚར་སློང་གི་རྟེན་འབྲེལ་འགྲིགས་ནས། ལྟ་སྒོམ་ལ་བརྟན་པ་ཐོབ་པས་བདག་འཛིན་གྱི་འཆིང་བ་གཅོད་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་ལྟར་ཟབ་མོ་གཅོད་ཡུལ་གྱི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ནི། ལམ་ཐུན་མོང་བས་རྒྱུད་འབྱོངས་ཤིང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང༌། དངོས་གཞི་ཕྱག་ཆེན་གྱི་ཉམས་རྟོགས་ཅི་རིགས་པ་རྒྱུད་ལ་སྐྱེས་པས། ཐོག་མར་གཉན་ཁྲོད་འཇམ་ཞིང་བཀྲ་ཤིས་པར་ཕྱིན་ལ། ནུབ་དང་པོར་དཀར་འགྱེད་ཡན་གོང་བཞིན་གྱི་མཐར། ཕུང་པོ་ཚོགས་མཆོད་སྦྲེལ་བ་ཉམས་སུ་བླང༌། གཉིས་པར་སྐྱབས་འགྲོ་ནས་རང་སེམས་དབྱིངས་སུ་འཕོ་བའི་བར་གོང་ལྟར་ལ། དེ་ནས་དམར་འགྱེད་སྦྱར་ཞིང༌། མཐར་ཕུང་པོའི་ཚོགས་མཆོད་སོགས་སྦྲེལ། གསུམ་པར་དམར་འགྱེད་ཀྱི་མལ་དུ་སྤུས་འདོན་གྱི་དམིགས་པ་སྦྱར། གཙོ་བོར་ཕྱག་ཆེན་གྱི་ཉམས་ལེན་ཁོ་ན་བསྐྱང་བས་སློང་ཚད་ཀྱི་རྟེན་འབྲེལ་འགྲིགས་པར་འགྱུར། དེ་ནས་རིམ་པར་བརྟན་པ་ཐོབ་ནས་གཉན་ཞིང་ཟིལ་ཆེ་བ་རྣམས་སུ་ཕྱིན་ནས་ཉམས་ལེན་ལ་བརྩོན་པར་བྱ། རྒྱུན་ཁྱེར་ཙམ་ནི་ལས་དང་པོ་བས་ཀྱང་ཉམས་སུ་བླང་དུ་རུང་ཞིང༌། དེའི་ཚེ་དམིགས་པ་གསུམ་རེས་མོས་སམ་དཀྱུས་གཅིག་ཏུ་སྦྲེལ། ཡང་ན་རང་གང་མོས་པ་ཞིག་ཁོ་ན་ལ་བརྩོན་ཀྱང་རུང་ངོ༌། །དེ་ལྟར་ཀུན་མཁྱེན་བོ་དོང་བ་ཆེན་པོ་ལ་བཅོམ་ལྡན་འདས་ཐུབ་པའི་དབང་པོས་སྩལ་བའི་ཟབ་མོ་མདོ་གཅོད་དུ་གྲགས་པའི་དམིགས་ཁྲིད་བླ་མའི་ཞལ་ལུང་ལས་ཇི་ལྟར་འབྱུང་བ་བཞིན་ཟིན་བྲིས་སུ་བཏབ་པའི་དགེ་བས་འགྲོ་ཀུན་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལམ་བྷ་བ་ཏུ།། །།