གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་པ།

From Damngak Dzö
DNZ-17-TSA-006
Wylie title grub pa'i dbang phyug thang stong rgyal po la thugs rje chen pos dngos su gnang ba'i snying po yi ge drug pa'i nyams len gyi gzhung gsal byed dang bcas pa DNZ-17-TSA-006.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 17, Text 6, Pages 61-87 (Folios 1a1 to 14a2)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Grub pa'i dbang phyug thang stong rgyal po la thugs rje chen pos dngos su gnang ba'i snying po yi ge drug pa'i nyams len gyi gzhung gsal byed dang bcas pa. In Gdams ngag rin po che'i mdzod, Vol. 17: 61-87. Kalimpong: Rigpe Dorje Publications, 2024. DNZ-Shechen-17-TSA-006.pdf
Shechen Publications, 1999
Side notes Recto: yig drug nyams len   Verso: khrid thor bu ba'i skor
More details More details
Associated People ཐང་སྟོང་རྒྱལ་པོ་ (thang stong rgyal po)
Genre Sadhanas - Evocation Ritual - sgrub thabs  ·  Supplications - gsol 'debs
Deity Thugs rje chen po
Colophon
  • First colophon page 66: བརྒྱུད་པའི་རིམ་པ་ཡང༌། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཀུན་སྤངས་རྗེ། དེས་བདག་ འཇམ་དབྱངས་ཀུན་དགའ་གྲོལ་མཆོག །ལའོ། །དགེའོ།
  • Second colophon page 79: ཅེས་པའང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྗེ་བཙུན་མཉྫུ་གྷོ་ཥའི་གསུང་ཟེར་བདུད་རྩིས་སྙིང་གི་པདྨོར་དྲན་པས། ཡིག་དྲུག་པ་བློ་གྲོས་མཐའ་ཡས་ཀྱིས་རྩ་བའི་ཡིག་སྙིང་གི་དགོངས་པ་གསལ་བར་ཕྱེས། ལྕགས་ཟམ་པའི་ཁྲིད་ཡིག་མ་བུའི་བཅུད་བསྡུས་ཏེ། ལྷག་པའི་བསམ་པས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བས་གཞན་ཕན་ནམ་མཁའ་དང་མཉམ་པར་གྱུར་ཅིག །དགེ་ལེགས་འཕེལ།
  • Third colophon page 85: །ཞེས་པའང་ཐར་འདོད་ཡོངས་ལ་སྨན་པའི་བསམ་པ་རྒྱུར་བྱས་ཏེ། བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།
  • Fourth colophon page 86: །ཅེས་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་པའི་སྐབས། དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་པས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚིག་འདི་སྔོན་གནས་རྗེས་དྲན་དུ་གསུངས་པ་སྟེ། བྱིན་རླབས་ཀྱི་ཚན་ཀ་མཆོག་དང་ལྡན་པ་ལགས་སོ།། །།མངྒ་ལམ།།
  • First colophon page 66: brgyud pa'i rim pa yang /_lha jo bo thugs rje chen po/_grub chen thang stong rgyal po/_kun spangs rje/_des bdag _'jam dbyangs kun dga' grol mchog__/la'o/_/dge'o/
  • Second colophon page 79: ces pa'ang dmigs pa med pa'i thugs rje dang ldan pa rje btsun many+dzu g+ho Sha'i gsung zer bdud rtsis snying gi pad+mor dran pas/_yig drug pa blo gros mtha' yas kyis rtsa ba'i yig snying gi dgongs pa gsal bar phyes/_lcags zam pa'i khrid yig ma bu'i bcud bsdus te/_lhag pa'i bsam pas dpal spungs yang khrod du sbyar bas gzhan phan nam mkha' dang mnyam par gyur cig_/dge legs 'phel/
  • Third colophon page 85: zhes pa'ang thar 'dod yongs la sman pa'i bsam pa rgyur byas te/_blo gros mtha' yas kyis dpal spungs yang khrod du bris pa dge legs 'phel/
  • Fourth colophon page 86: ces pa 'di ni grub chen thang stong rgyal pos rje rang gi skye ba gong ma dge slong pad+ma dkar por 'khrungs pa'i skabs/_dgung lo nyi shu nas brgyad cu'i bar du smyung bar gnas pas 'phags pa spyan ras gzigs la rtse gcig tu gsol ba btab pa'i tshig 'di sngon gnas rjes dran du gsungs pa ste/_byin rlabs kyi tshan ka mchog dang ldan pa lags so//___//mang+ga lam//
Notes There are four texts included in this entry:
  1. grub pa'i dbang phyug thang stong rgyal po la thugs rje chen pos dngos su gnang ba'i snying po yi ge drug ma (pp. 62-66)
  2. grub pa'i dbang phyug lcags zam pa chen po'i nye brgyud yi ge drug pa'i sgom lung 'bog tshul gzhan phan mkha' khyab (pp. 66-79)
  3. grub pa'i dbang phyug thang stong rgyal po'i nye brgyud thugs rje chen po'i sgom bzlas kyi ngag 'don mdo sngags yongs bcud (pp. 79-85)
  4. rje grub thob chen po dge slong pad+ma dkar por skye ba bzhes pa'i tshe 'phags pa spyan ras gzigs la gsol ba btab pa'i rdo rje'i gsung (pp. 85-87)

Property "Contributors" has a restricted application area and cannot be used as annotation property by a user.

[edit]
༄༅། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་པ་བཞུགས་སོ། །

༄༅། །ༀ་མ་ཎི་པདྨེ་ཧཱུྃ། འདིར་ཡི་དམ་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གྲུབ་ཐོབ་ཆེན་པོ་ལ་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་མ། ཆོས་ཐམས་ཅད་ཀྱི་གསང་མཛོད་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་པའི་ཚུལ་ཀུན་གྱི་འགོར་མ་ནམ་མཁའ་མའི་གསོལ་འདེབས་ཅི་ནུས་བྱས་ཁ་ནང་ལོག་གི་དྲན་པའི་ཞལ་ལྕེ་བས། ལས་སྣང་འགྲོ་དྲུག་གི་རྒྱལ་ཁམས་ལ་ལེགས་པར་བརྟགས་དུས། ཕ་མ་རིགས་དྲུག་གི་འཆར་སྒོ་ཐམས་ཅད་མི་བདེན་རྫུན་པའི་རང་བཞིན། སྐྱོ་ཤས་སྡུག་བསྔལ་གྱི་འདམ་རྫབ་ལས་མ་འདས་པར་ཤེས་པའི་ངེས་འབྱུང་ཁ་གང་པོ་དེ་ལ་དང་པོར་དཔྱད། ཡང་ནང་གསེས་རེ་རེ་ནས་བལྟས་དུས། དམྱལ་བ་ལ་ཚ་གྲང་བཙོ་སྲེག །ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གསོད་བཀོལ། ལྷ་ལ་འཆི་འཕོ། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་མྱོང་བས་གྲུབ་པ་འདིར་འདུག་སྙམ་དུ་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་དྲན་པ་ཉག་གཅིག་གིས་རང་ངོ་ལ་ཆེར་ཏེ་སྦྱར། ཡང་འགྱུར་བའི་རང་ཞལ་དྲན་པའི་ཞལ་ལྕེ་བས། སྒོས་རང་སྣང་མིའི་གནས་ཚུལ་ལ་བརྟགས་པས། སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཁོངས་སུ་ཚུད། སྒོས་རང་རང་གིས་ཉོས་པའི་དབང་གིས་འདུས་བྱས་མཐའ་བཞིའི་སོ་འཕྲང་ལ་ཐུག་ནས་འདུས་པའི་མཐའ་འབྲལ། བསགས་པའི་མཐའ་འཛད། མཐོ་བའི་མཐའ་དམའ། སྐྱེས་པའི་མཐའ་མ་ངེས་པར་འཆི་སྙམ་དུ་བློ་ཐག་ཆོད་ཀྱི་ངེས་ཤེས་རྟག་ཏུ་བསྐྱེད་དོ། །དེ་ལྟར་མི་རྟག་དྲན་ཤེས་ཀྱི་ལྕག་འདེབས་སྙིང་ལ་ཐེབས་ན། ངེས་འབྱུང་དང་དད་པ་ཀོག་ལང་དུ་སྐྱེ་བས། ཨ་ཙ་མ། ངས་མི་ལུས་ཉིན་སྐར་དང་འདྲ་བའི་སྣང་བ་ཡུད་ཙམ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དགེ་བ་ལ་འཁུལ། སེམས་ཀྱི་སྒོ་ནས་ཇི་ལྟར་བསམས་ན་སེམས་ཅན་ཡོངས་ལ་ཁྱབ་པའི་དགེ་བར་འགྱུར་སྙམ་དུ་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་འཁོལ་བའི་བསམ་སྦྱོར་རྒྱ་ཆེན་པོ་བསྐྱེད་དོ། །དོན་དེ་དག་འགྲུབ་པའི་ཕྱིར་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་སྟེ། བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཧྲཱིཿ ལས་འཁྲུངས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་པའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨུཏྤ་ལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་བར་མཛད་པས། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཐུགས་རྗེ་རྒྱུན་མི་འཆད་པས་གཡས་ཀྱི་གཉིས་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ། རང་དོན་ཡིད་བྱེད་ཀྱི་འདམ་གྱིས་མ་གོས་པས། གཡོན་གྱི་གཉིས་པས་པདྨ་དཀར་པོ་ཡུ་བ་དང་བཅས་པ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའི་ཤམ་ཐབས་ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་གྱི་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའི་ཉམས་དང་ལྡན་པས་རི་དྭགས་ལྤགས་པས་སྟོད་གཡོགས་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་མཛེས་པར་བྱས་པ། ཐུགས་རྗེ་ཆེན་པོའི་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུང་ཞི་བར་མཛད་པས་དྲི་མེད་ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན་ནོ། །བསམ་གཏན་གྱི་སྤྱོད་ལམ་དག་དང་འབྲེལ་བས་བསྐྱེད་རིམ་ལེགས་པར་གསལ་བཏབ་ནས། བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པའི་རྐྱེན་གྱིས་འཕགས་པའི་སྐུ་ལས་འོད་ཟེར་བྱུང༌། སྣོད་ཐམས་ཅད་ལ་ཕོག་པས། མ་དག་པ་ལས་སྣང་གི་འཆར་སྒོ་སྦྱངས་ནས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང༌། བཅུད་ཀྱི་ཆ་ཤས་ཐམས་ཅད་སྣང་སྟོང་སྐུའི་དཀྱིལ་འཁོར། གྲགས་སྟོང་གསུང་གི་དཀྱིལ་འཁོར། གསལ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ་གནས་འགྱུར་བའི་ཏིང་ངེ་འཛིན་རྒྱ་འབྱམས་དང་འབྲེལ་བར་ཡི་གེ་དྲུག་པ་ལོང་སྐབས་དང་སྦྱར་ཞིང༌། ཐུན་མཐར་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ལྷ་བདེ་གཤེགས་སྙིང་པོའི་རང་ངོ་ལ་གཅེར་མཐོང་རིགས་པའི་བརྡ་སྦྱོར་གྱིས་ཡིད་ཟོས་བདེ་ཉམས་མེད་པར་གཟུགས་འཛིན་གྱི་རྒྱུ་ལམ་རྦད་ཀྱིས་བཅད་ལ་རང་གྲོལ་ཆེན་པོའི་ངང་དུ་ལིངས་ཀྱིས་ཅི་ནུས་མཉམ་པར་བཞག་གོ །ཐུན་མཚམས་སུ་སྙིང་རྗེས་ཀུན་ནས་བླངས་པའི་ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་བརྩོན་པར་བྱ་ཞིང༌། བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་བྱ༑ བརྒྱུད་པའི་རིམ་པ་ཡང༌། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཀུན་སྤངས་རྗེ། དེས་བདག་ འཇམ་དབྱངས་ཀུན་དགའ་གྲོལ་མཆོག །ལའོ། །དགེའོ། ༈ །གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཡི་གེ་དྲུག་པའི་སྒོམ་ལུང་འབོག་ཚུལ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡ། སྙིགས་འགྲོ་ཉམ་ཐག་སྐྱོང་བའི་ཡབ། །འཇིག་རྟེན་དབང་ཕྱུག་བརྩོན་འགྲུས་མཚན། །གང་གི་གདམས་པའི་མཛོད་འཛིན་པ། །འགྲོ་མགོན་བླ་མར་ཕྱག་བྱས་ནས། །སྤྱན་རས་གཟིགས་དབང་ཞལ་གྱི་ལུང༌། །གྲུབ་ཐོབ་ཆེན་པོའི་ཁྱད་པར་ཆོས། །འཁོར་བ་དོང་སྤྲུགས་གདམས་ངག་བཅུད། །ཆོས་སྒོ་བརྒྱད་ཁྲིའི་སྙིང་པོ་འཆད། །འདིར་འབྲེལ་ཚད་དོན་ལྡན་གྱི་བཟང་པོ་སྤྱོད་ལ་ཞུགས་པའི་དགེ་བའི་བཤེས་གཉེན་དག་གིས་སྐལ་པ་མཆོག་དམན་མ་བརྟགས་པར་ཐོས་པ་ཙམ་གྱིས་ཕན་ཡོན་སྙིང་ལ་བཞག་ནས། རེ་བ་དང་ཟང་ཟིང་མེད་པའི་ཆོས་སྦྱིན་སྩལ་བར་འདོད་པས། འདུས་པའི་དབུས་སུ་སེམས་བསྐྱེད་བཟང་པོ་དང་ལྡན་པས་ཆོས་ཀྱི་ཁྲི་ལ་འཁོད། གྲུབ་ན་རང་ཉིད་ཀྱིས་སྒོམ་བཟླས་མདོར་བསྡུས་བྱས་རྗེས། དེ་འདི་སྐད་ཅེས། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཡི་གེ་དྲུག་པའི་བསྒོམ་ལུང་ཟབ་མོ་གསན་ལ། དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པའི་ངང་ནས། ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་བདེ་བ་ཅན། སློབ་དཔོན་ཡང་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་སྙམ་པའི་འདུ་ཤེས་དང་ལྡན་པས། ལུས་ཀྱིས་ཐལ་སྦྱར་སོགས་གུས་པའི་ཚུལ། ངག་གི་ཅ་ཅོ་སྤངས་ཤིང་སེམས་གཞན་དུ་མི་གཡེང་བར་མཉན་བྱ་དམ་པའི་ཆོས་དང༌། དེ་སྟོན་བྱེད་དགེ་བའི་བཤེས་གཉེན་ལ་གུས་པ་རྩེ་གཅིག་པས་གསན་པར་ཞུ། དེའང་འཕགས་མཆོག་སྤྱན་རས་གཟིགས་དང་པདྨ་འབྱུང་གནས་དབྱེར་མེད་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་སྐུར་བསྟན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད། སྐུ་གཞོན་ནུའི་ཚེ་ཡིག་དྲུག་དུང་ཕྱུར་གྱི་ཚོགས་དཔོན་མཛད་པའི་དུས་ན། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རངས་ཀྱི་ཆ་ལ། སྐུ་མདུན་གྱི་བུམ་པའི་ཁ་རྒྱན་དེ། དཔག་བསམ་གྱི་སྡོང་པོ་ཆེན་པོར་གྱུར་པའི་ཡལ་འདབ་ཀྱི་ཁྲོད་དུ་པད་ཟླའི་གདན་བཞི་བརྩེགས་པའི་འོག་ནས་ཡར་རིམ་བཞིན་འཕགས་པ་སྤྱན་རས་གཟིགས། ཁ་སརྤ་ཎི། རྩ་ཕྱག་བཞི་པ། བརྒྱད་པ། ཕྱག་སྟོང་སྤྱན་སྟོང་གི་སྐུ་མཚན་དཔེས་བརྒྱན་པ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞེངས་སྟབས་སུ་བཞུགས་པའི་མཐའ་བསྐོར་དུ། རྟ་མགྲིན། བདུད་རྩི་འཁྱིལ་པ། སྒྲོལ་མ། རྣམ་པར་རྒྱལ་མ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། འོག་གི་ཆ་ལ་ཕྱོགས་སྐྱོང་བཅུ་དང༌། གནོད་སྦྱིན་བཅུ་གཉིས། རྒྱལ་ཆེན་བཞིས་བསྐོར་བ་མངོན་སུམ་དུ་གཟིགས་པས། ཡན་ལག་བདུན་པའི་མཆོད་པ་དང་གསོལ་འདེབས་མཛད་པས། རིགས་ཀྱི་བུ་ཁྱོད་ནམ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་ང་ཡིན་པས། ཡི་གེ་དྲུག་པའི་སྒོ་ནས་ཕྲིན་ལས་རྒྱ་ཆེན་པོ་བསྒྲུབ་ཅིང༌། འགྲོ་བ་རྣམས་འདྲེན་པར་གྱིས་ཤིག །ཅེས་དང་གདམས་པ་མང་དུ་གསུངས་ཤིང༌། གཞན་ཡང་ལན་དུ་མར་ཞལ་དངོས་སུ་བསྟན་ནས་སྩལ་བའི་གདམས་པའི་སྙིང་པོ༑ ཟབ་ལ་བདེ་བ་ཡི་གེ་དྲུག་པའི་སྒོམ་བཟླས་ཀྱི་ལུང་འབོགས་ཤིང་ཉམས་སུ་ལེན་པར་བྱེད་པ་ལ་གསུམ། སྔོན་འགྲོ་སྐྱབས་སེམས་དང་ལྡན་པས་བློ་ཆོས་ལ་བསྐུལ་བ། དངོས་གཞི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་དང་འབྲེལ་བར་བསྐྱེད་བཟླས་རྫོགས་གསུམ་བྱ་བ། རྗེས་ལམ་ཁྱེར་གསུམ་དང་ལྡན་པས་དགེ་རྩ་གཞན་དོན་དུ་བསྔོ་བའོ། །དང་པོ་ནི། རང་ཉིད་གང་དུ་གནས་པའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པའི་སྐུར་གསལ་བའི་འཁོར་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པའི་མདུན་དུ། བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་སྙམ་པའི་བློ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་ལྕགས་ཟམ་པའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དགུ་སྐོར་དུ་གྲགས་པ་ཐུགས་རྗེ་ཆེན་པོས་ཀ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་གསུངས་ནས་གྲུབ་ཆེན་ལ་གནང་བར་བཀའ་བསྒོས་པ་ལྟར་བསྩལ་བའི་བྱིན་རླབས་མྱོང་གྲུབ་ཀྱིས་ཆེ་བ་འདི་ལ་བྱ་སྟེ། གོང་དུ་ཇི་སྐད་བཤད་པ་ལྟར་དམིགས་པ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་འདི་ལྷན་ཅིག་ཏུ་གནང་བར་ཞུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་རྩ། ཉེར་གཅིག །བདུན་ སྒོམ་ལུང་འབོགས་སྐབས་ཚར་གསུམ་བདུན་གང་རུང་ལྷན་ཅིག་ཏུ་བརྗོད་པའམ་རྗེས་ཟློས་བྱ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །ལ་སོགས་པ་ལོང་ཁྱབ་དང་སྦྱར་ཏེ་བརྗོད་པའི་རྗེས་སུ། སྐྱབས་ཡུལ་འོད་དུ་ཞུ། རང་ལ་ཐིམ་པས་ཐུགས་རྗེའི་བྱིན་རླབས་ཞུགས། བློ་ཆོས་སུ་ངང་གིས་འགྲོ་ཞིང་བར་ཆད་མེད་པར་བསམ། དེའི་རྗེས་ཐོབ་ཏུ། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་དུས་རྟག་ཏུ་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་ཐམས་ཅད་བདག་ཁོ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ནུས་པ་བདག་ལ་མེད་པས་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་པའི་སྒོམ་བཟླས་ཉམས་སུ་བླངས་ལ་མྱུར་བ་ཉིད་དུ་སེམས་ཅན་རྣམས་དགྲོལ་བར་བྱ་སྙམ་པ་མཉན་པའམ་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དང་ལྡན་པས། ངག་ཏུ་འདི་གསུང་བར་ཞུ། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་གྲངས་སུ་བརྗོད་ཅིང་ལྷག་བསམ་བཟང་པོ་རྒྱུད་ལ་འགྲེ་ངེས་བྱ། སྐྱབས་འགྲོ་ཐོག་མར་བྱས་པས་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར། བློ་ཆོས་སུ་འགྲོ། ལམ་སྒྲུབ་པ་ལ་བར་ཆད་མི་འབྱུང༌། སེམས་བསྐྱེད་པས་དེ་ཕྱིན་ཆད་བསམ་སྦྱོར་ཅི་བྱས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་བས་ཆོས་ལམ་དུ་འགྲོ་བའི་དགོས་པ་ཡོད་དོ། །དེ་ནས་ཁ་ནང་དུ་ལོག་པའི་དྲན་པས་བློ་ཆོས་སུ་བསྐུལ་བ་ལ་གསུམ། ངེས་འབྱུང་གི་གཞི་བཏིང་བ། བརྩོན་འགྲུས་ཀྱི་ལྕག་སྐུལ་བ། ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་ཀྱིས་མཚམས་སྦྱར་བའོ། །དང་པོ་ལ་སྤྱི་དང་བྱེ་བྲག་ཏུ་དཔྱད་པ་གཉིས་ལས། སྤྱིར་ཐོག་མ་མེད་པ་ནས་བདག་མེད་པ་ལ་བདག་ཏུ་བཟུང་སྟེ་རྒྱུ་མ་རིག་པ། རྐྱེན་ལས་དང་ཉོན་མོངས་པས་བསྐྱེད་པའི་འགྲོ་བ་རིགས་དྲུག་གི་སྣང་བ་སོ་སོར་སྣང་བ་འདི་རྣམས་ལ་དཔྱད་པས། རྨི་ལམ་གྱི་དགྲ་གཉེན་ནམ་སྒྱུ་མའི་རྒྱལ་སྲིད་ལྟར་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཕྲ་མོ་ཙམ་མེད་ཀྱང༌། འཁྲུལ་སྣང་བདེན་པར་བཟུང་སྟེ། ཉོན་མོངས་པ་བག་ཉལ་གྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། བདེ་བ་ལྟར་སྣང་ཡང་མྱུར་དུ་མི་རྟག་པ་འགྱུར་བའི་སྡུག་བསྔལ། ལས་ངན་པའི་འབྲས་བུ་མངོན་དུ་སྤྱོད་པ་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། དཔེར་ན་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་དུ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་སྡུག་བསྔལ་ཆེན་པོ་དེ་གསུམ་ལས་མ་འདས་པས་འཁོར་བ་འདིར་བདེ་བ་སྐྲ་རྩེའི་ཆ་ཤས་ཙམ་ཡང་མེད་པ་ལ་བསམས་ཏེ་ངེས་འབྱུང་དྲག་ཏུ་བསྐྱེད། བྱེ་བྲག་རིགས་དྲུག་རེ་རེ་ནས་དཔྱད་དེ། དེའང་མདོ་སྡེ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་རྩམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྲིད་རྩེ་ནས་མནར་མེད་པར་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ལ་རྣམ་པ་བཟང་ངན་གྱི་ཁྱད་པར་མེད་པས་སྤང་བར་བྱ་བ་བཞིན་དུ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བརྟན་པོར་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་དག་ལས་ཀྱང་ཁྱད་པར་དུ་རང་རེ་མིའི་གནས་སྣང་འདི་ལ་དཔྱད་པས། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པས་དལ་བ་བརྒྱད། རང་འབྱོར་ལྔ། གཞན་འབྱོར་ལྔ་སྟེ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རྙེད་པ་ཤིན་ཏུ་དཀའ་ཞིང༌། རྙེད་ན་ཕན་ཐོགས་ཆེ་བས་རིན་པོ་ཆེ་དང་ཆོས་མཚུངས་པས་འདི་ཉིད་རྒྱུ་དང་དཔེ་དང་གྲངས་སོགས་ཀྱི་སྒོ་ནས་ཐོབ་པར་དཀའ་སྟེ། ངན་སོང་གི་འགྲོ་བ་ས་ཆེན་པོའི་རྡུལ་ཙམ་ཡོད་ལ་མི་ལུས་ཙམ་པོ་བའང་སེན་མོའི་སྟེང་གི་རྡུལ་དང་འདྲ་བར་ཡོད་པ་ལས། ཆོས་ལྡན་གྱི་མི་ལུས་ནི་ཉིན་མོའི་སྐར་མ་ལྟར་དཀོན་ཏེ། སྙིང་རྗེ་པད་དཀར་ལས། མིར་སྐྱེ་བ་ནི་རྙེད་པར་དཀའ། །དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། །སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། །དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། །ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ་བ་ལགས་སོ། །ཞེས་སོགས་མཐའ་ཡས་པ་གསུངས་ལ། དེ་ལྟ་བུའི་མི་ལུས་ཐོབ་ཀྱང་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་མ་འདས་པས་རྟག་པ་དང་བདེ་བ་སྐད་ཅིག་ཀྱང་མེད། དེའང་སྤྱིར་འདུས་བྱས་ཐམས་ཅད་ཀྱང་མི་རྟག་པའི་མཐའ་བཞིས་དབང་དུ་བྱས་པ་སྟེ་འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། མཐོ་བའི་མཐར་དམའ། སྐྱེས་པའི་མཐར་ངེས་པར་འཆི། སྒོས་མིའི་ལུས་ནམ་འཆིའི་ཆ་མེད་ཅིང་འཆི་རྐྱེན་གང་གིས་ཀྱང་བྱེད་ངེས་པ་མེད། གསོད་སར་ཁྲིད་པའི་བཙོན་བཞིན་ཞག་རེ་སོང་བ་དང་འཆི་བ་ལ་ཇེ་ཉེར་འགྲོ། ཆུའི་ཆུ་བུར། རི་གཟར་གྱི་རྦབ། ནམ་མཁའི་གློག་ལྟར་གློ་བུར་མྱུར་བ་ཁོ་ནར་འཆི་བ་ཐོག་ཏུ་འོང༌། མཁས་བཙུན་བཙན་ཕྱུག་དཔའ་རྩལ་མོ་གཏོ་སྨན་དཔྱད་གང་གིས་ཀྱང་བཟློག་ཏུ་མེད༑ ལོངས་སྤྱོད་དབང་ཐང་སྙན་གྲགས་གང་ཡང་རྗེས་སུ་མི་འབྲང་བས་དགེ་སྡིག་གི་ལས་ཁོ་ན་རྣམ་པར་ཤེས་པ་དང་འགྲོགས་ནས་ཚེ་ཕྱི་མའི་གནས་སུ་འགྲོ་བའི་ཚེ་སྡིག་པས་ངན་སོང་དུ་ལྟུང༌། དགེ་བས་མཐོ་རིས་དང་ཐར་པ་ཐོབ་པ་ཡིན་པས་དེས་ན་ཚེ་ཕྱི་མ་ཕན་ཆད་ལ་ཕན་པ་དམ་པའི་ཆོས་མ་གཏོགས་གཅིག་ཀྱང་མེད། ཚེ་ཕྱི་མ་ལྟ་ཅི་སྨོས། ཚེ་འདི་ལའང་འཕྲལ་ཡུན་གཉིས་ཀར་ཕན་པ་ཆེ་བ་དམ་པའི་ཆོས་ཁོ་ན་ཡིན་ཅིང༌། སང་བྱེད་གནངས་བྱེད་ཀྱི་ལོང་སྐབས་མེད་པས་ད་ལྟ་ཉིད་ནས་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། བླ་མ་དཀོན་མཆོག་ལ་སེམས་དང་བའི་དད་པ་དང༌། བྱང་ཆུབ་བསྒྲུབ་པ་ལ་འདོད་པའི་དད་པ་སྟེ། དེ་གསུམ་དང་ལྡན་པས་ལུས་ལ་གཡོག་དང་གྲུ་ཡི་འདུ་ཤེས་བཞག་སྟེ་དམ་པའི་ཆོས་ཁོ་ན་ལ་མི་འབུང་རེ་སྙམ་པའི་དམ་བཅའ་བརྟན་པར་བྱའོ། །གསུམ་པ་ནི། ཡང་འདི་སྙམ་དུ་བསམ་སྟེ། ཨ་ཙ་མ། བདག་གིས་མི་ལུས་ཉིན་མོའི་སྣང་བ་དང་འདྲ་བ་ཡུད་ཙམ་པ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དགེ་བ་ལ་འཁུལ། ཡིད་ཀྱི་སྒོ་ནས་ཇི་ལྟར་བསམས་ན་སེམས་ཅན་ཡོངས་ལ་ཁྱབ་པའི་དགེ་བར་འགྱུར་སྙམ་དུ་མདོར་ན་ལུས་ངག་ཡིད་གསུམ་སེམས་ཅན་དོན་དུ་བཀོལ་བའི་ལྷག་བསམ་རྒྱ་ཆེན་པོ་བསྐྱེད། དོན་དེ་དག་འགྲུབ་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས། བོད་ཁ་བ་ཅན་གྱི་ལྷ་སྐལ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་གོ །གཉིས་པ་དངོས་གཞི་ལ་གསུམ། བསྐྱེད་རིམ་བསྒོམ་པ། བཟླས་པ་བྱ་བ༑ རྫོགས་རིམ་བསྒོམ་པའོ། །དང་པོ་ནི། བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿ ལས་འཁྲུངས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོན་ཁའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་པའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨུཏྤ་ལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་དུ་བསྐུལ་བར་མཛད་པས་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཐུགས་རྗེའི་རྒྱུན་མི་འཆད་པའི་བརྡར་གཡས་ཀྱི་གཉིས་པ་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ༑ རང་དོན་ཡིད་བྱེད་ཀྱི་འདམ་གྱིས་མ་གོས་པས་གཡོན་གྱི་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའི་ཤམ་ཐབས་ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའི་ཉམས་དང་ལྡན་པས་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་ཀྱི་ངོས་ལ་མཛེས་པར་བརྒྱན་པ། ཐུགས་རྗེ་ཆེན་པོའི་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུང་ཞི་བར་མཛད་པས་དྲི་མེད་ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན། རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་གསོལ་བ་འདེབས་པར་མོས་ལ་འདི་གསུང་བར་ཞུ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པའི་གསོལ་འདེབས་ཅི་ནུས་དང༌། སྤྲོ་ན། གྲུབ་ཐོབ་ཉིད་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་དང༌། བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། གཉིས་པ་ནི། དེ་ལྟར་གསོལ་བ་བཏབ་པས། སྤྱི་བོའི་འཕགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས། མ་དག་ལས་སྣང་གི་འཆར་སྒོ་སྦྱངས་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་ལུས་སྣང་སྟོང་དབྱེར་མེད་འཕགས་པའི་སྐུའི་རང་བཞིན། ངག་གྲགས་སྟོང་དབྱེར་མེད་ཡི་གེ་དྲུག་མའི་རང་སྒྲ། ཡིད་རིག་སྟོང་དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་སྟེ་སྣང་གྲགས་རྟོག་གསུམ་དཀྱིལ་འཁོར་གསུམ་དུ་གནས་བསྒྱུར་བའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་རྒྱ་འབྱམས་ཀྱི་ངང་དུ་ཡིད་རྩེ་གཅིག་པས་ཡི་གེ་དྲུག་པའི་བཟླས་པ་ལྷན་ཅིག་ཏུ་གནང་བར་ཞུ། ༀ་མ་ཎི་པདྨེ་ཧཱུྃ། བཟླས་ལུང་སྐབས་འདིར་ཡིག་དྲུག་བརྒྱ་རྩ་སོགས་གང་འོས་གསུང་སྲོལ་ཡོད་གསུངས། ཞེས་ཡི་གེ་དྲུག་པའི་བཟླས་བརྗོད་ཇི་ཙམ་ནུས་པ་བྱ། གསུམ་པ་ནི། སྒོམ་བཟླས་གྲུབ་པའི་མཐར། རང་སེམས་གསལ་སྟོང་རིག་པའི་སྙིང་པོ་ཅན། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་སྐུ་གསུམ་གདོད་ནས་རང་ཆས་སུ་གྲུབ་པ། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཁྱབ་བདེ་གཤེགས་སྙིང་པོའི་རང་ཞལ་ལ། གཉུག་མའི་རིག་པས་བལྟ་བྱ་ལྟ་བྱེད་མ་གྲུབ་པའི་ངང་དུ་གཅེར་གྱིས་བལྟ། བཟོ་བཅོས་དགག་སྒྲུབ་ཀྱི་ཡིད་དཔྱོད་དང་ཕྲལ། བདེ་གསལ་མི་རྟོག་པ་སོགས་ཉམས་ཀྱི་འཛིན་སྟངས་ལ་མ་ཞེན། རྣམ་རྟོག་གཟུགས་འཛིན་གྱི་འགྱུ་ལམ་རྦད་ཀྱིས་བཅད་དེ། རྟོག་པའི་འཕྲོ་འདུ་བྱུང་ཡང་ཆོས་ཉིད་གཉུག་མའི་ངང་དུ་རང་ཞི་རང་གྲོལ་དུ་བཏང་ནས་སྤྲོས་བྲལ་གྱི་གནས་ལུགས་ལ་ཅི་གནས་སུ་མཉམ་པར་བཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ནི། མཉམ་བཞག་དེ་ལས་ལྡང་བར་འདོད་ན། སླར་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར་པར་མོས་ལ། དགྲ་གཉེན་བར་མས་བསྡུས་པའི་འགྲོ་བ་ཐམས་ཅད་ལ་ཆགས་སྡང་རྨོངས་གསུམ་གྱིས་འདོར་ལེན་མི་བྱ་བར་གཟུགས་སུ་སྣང་བ་ཐམས་ཅད་འཕགས་པའི་སྐུའི་རང་བཞིན། སྒྲ་སྐད་གྲགས་ཚད་ཡི་གེ་དྲུག་པའི་རང་སྒྲ། བཟང་ངན་གྱི་དྲན་རྟོག་ཅི་ཤར་ཡེ་ཤེས་ཆེན་པོར་ཐག་བཅད་དེ་རྟོག་པའི་རོ་མི་མྱོང་བ་གང་ཤར་དེ་ཀའི་ངོ་བོ་ལ་ཧད་དེ་འཇོག་པ་སྟེ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བའི་ངོས། འཁྲུལ་སྣང་ལ་བདེན་པར་བཟུང་བའི་ཕ་མ་སེམས་ཅན་རིས་སུ་མ་ཆད་པ་ལ་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། བདེན་ཞེན་བྲལ་བ་སྒྱུ་མའི་ཚུལ་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་བྱ་བ་ཅི་ནུས་སུ་འབད། དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་རབ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ། འབྲིང་བདེན་མེད་སྒྱུ་མའི་བློ། ཐ་མ་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་སློབ་པའི་བསམ་པས་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། དེ་ལྟར་དུ་བགྱིས་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་ཕ་མ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་པ་དང༌། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་རྣམ་པར་དག་པས་རྒྱས་འདེབས་པར་བྱའོ། །དེས་བསྒོམ་ལུང་གི་རིམ་པ་ཟབ་མོ་ལེགས་པར་གསན་པ་ཡིན་པས། ཇི་ལྟར་ཕོག་པའི་དམིགས་བཟླས། དེ་ལྟ་བུ་རབ་ཐུན་བཞིའི་རིམ་པས་ཁོར་ཡུག །འབྲིང་སྒོམ་བཟླས་ཐུན་རེ་ཆགས་མེད། ཐ་མས་ཀྱང་ཞག་བདུན་གྱི་མཐའ་བརྟེན་པའི་ཉམས་ལེན་བྱས་པའི་ཕན་ཡོན་ནི། སྡིག་སྒྲིབ་ཉོན་མོངས་དག །སྙིང་རྗེ་དང་རྟོགས་པ་འཆར། གཞན་དོན་རྒྱ་ཆེན་པོ་འགྲུབ། ཕྱི་མ་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་འཚང་རྒྱ་བ་སོགས་སྨོས་ཀྱིས་མི་ལོངས་པ་མདོ་རྒྱུད་བསྟན་བཅོས་མཐའ་དག་ནས་གསུངས་པས་ཚེགས་ཆུང་ལ་དོན་ཆེ་བའི་གདམས་པ་འདི་ཉིད་རང་དོན་དུ་རྩེ་གཅིག་ཉམས་སུ་ལེན་པ་དང༌། གཞན་ལ་འཆད་ཅིང་སྤེལ་བ་དང༌། ཐ་ན་སྲོག་ཆགས་གྲོག་སྦུར་ཚུན་ཆད་ཀྱི་རྣ་བར་ཐུགས་རྗེ་ཆེན་པོའི་མཚན་དང་ཡིག་དྲུག་སྒྲོགས་ལ་འཁོར་བ་དོང་སྤྲུགས་འབྲེལ་ཚད་དོན་ལྡན་དོན་གཉིས་ལྷུན་གྱིས་གྲུབ་པའི་ལམ་བཟང་མཐར་དབྱུང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་ཀྱིས་བསྔོ་སྨོན་བྱས་ལ་འདུས་པ་གྱེས་སོ། །སྒོམ་བཟླས་ཡིད་ལ་དྲན་ཙམ་གྱིས། །མཚམས་མེད་སྒྲིབ་པ་ཟད་བྱེད་ཅིང༌། །ཁྱད་པར་གངས་ཅན་མགོན་གཅིག་པུ། །དེ་སྒྲུབ་གདམས་ངག་གསལ་བཤད་པས། །མཐོང་ཐོས་དྲན་རེག་སྐྱེ་དགུ་ཀུན། །འོད་སྣང་མཐའ་ཡས་ཞིང་ཁམས་སུ། །འཇིག་རྟེན་མགོན་པོས་དབུགས་དབྱུང་སྟེ། །གང་གི་རྣམ་ཐར་ཀུན་འགྲུབ་ཤོག །ཅེས་པའང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྗེ་བཙུན་མཉྫུ་གྷོ་ཥའི་གསུང་ཟེར་བདུད་རྩིས་སྙིང་གི་པདྨོར་དྲན་པས། ཡིག་དྲུག་པ་བློ་གྲོས་མཐའ་ཡས་ཀྱིས་རྩ་བའི་ཡིག་སྙིང་གི་དགོངས་པ་གསལ་བར་ཕྱེས། ལྕགས་ཟམ་པའི་ཁྲིད་ཡིག་མ་བུའི་བཅུད་བསྡུས་ཏེ། ལྷག་པའི་བསམ་པས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བས་གཞན་ཕན་ནམ་མཁའ་དང་མཉམ་པར་གྱུར་ཅིག །དགེ་ལེགས་འཕེལ། ༈ །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡོངས་བཅུད་ཅེས་བྱ་བ་བཞུགས་སོ། །བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་གྲུབ་ཆེན་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། རང་མདུན་ནམ་མཁའ་རིན་ཆེན་ཁྲི། །པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ཉིད། །རྣམ་པ་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ༴ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ༴ རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་ཅི་ནུས་བསགས་ལ། མཐར། སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ། སེམས་བསྐྱེད་པ་ནི༑ སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། དེ་ནས་བློ་ཆོས་སུ་སྐུལ་བ་ནི། འདི་ལྟར་འཇིགས་པ་ཐམས་ཅད་དང༌། །སྡུག་བསྔལ་དཔག་ཏུ་མེད་པ་ཡང༌། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང༌། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །བསགས་པ་ཀུན་གྱི་མཐའ་མཛད་ཅིང༌། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་ཐ་མ་འབྲལ་བ་སྟེ། །གསོན་པའི་ཐ་མ་འཆི་བར་འགྱུར། །དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །བདག་ཉིད་སྐྱོན་བཅས་གཞན་དག་ལ། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །འགྲོ་བ་ཐམས་ཅད་སྲུང་སེམས་དང༌། །སྙིང་རྗེའི་སེམས་ནི་གོམས་པར་བྱ། །དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་བའི་འཇིགས་པའང་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །བསྒོམས་དང་ཡིད་ལ་དྲན་པས་ཀྱང༌། །མཚམས་མེད་སྒྲིབ་པ་འདག་པར་བྱེད། །དེས་ན་རྩེ་གཅིག་སྒོམ་བཟླས་བྱ། །ཞེས་པའི་ཚིག་རྣམས་ངག་ཏུ་བརྗོད་པའམ། མི་སྤྲོ་ན་དོན་ཡིད་ལ་བསམ། དེ་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་གཙུག་པད་དཀར་ཟླ་བའི་སྟེང༌། །ཧྲཱིཿ ལས་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །འཛུམ་ལྡན་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་ལྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་ཅི་ནུས་བསགས། སྤྲོ་ན། དགེ་སློང་པདྨ་དཀར་པོའི་ཐུགས་དམ་སྤྱན་རས་གཟིགས་ཀྱི་གསོལ་འདེབས་དང༌། བླ་མ་བརྒྱུད་པའི་གསོལ་འདེབས་ཀྱང་གསུང་རྒྱུན་ལ་ཁ་སྐོང་བར་བྱ་སྟེ། གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཞབས། །རྡོ་རྗེ་འཛིན་པ་ཀུན་སྤངས་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་ཡི་དམ་ཐུགས་རྗེ་ཅན། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །ༀ་མ་ཎི་པདྨེ་ཧཱུྃ། ཀུན་དགའི་རྩལ་རྫོགས་སེམས་ཀྱི་མདུད་གྲོལ་མཆོག །བསྟན་འཛིན་ཉི་ཟླ་མཁས་བཙུན་བཟང་པོའི་ཕུལ། །གྲུབ་པའི་རིགས་འཆང་ངག་དབང་ཉི་མའི་མཚན། །གསོལ་བ་འདེབས་སོ་སོགས་ཚིག་རྐང་གསུམ་པོ་སྔགས་བཅས་འགྲེ། བཤད་སྒྲུབ་བསྟན་འཛིན་བསོད་ནམས་དབང་ཕྱུག་དང༌། །མཁས་ཤིང་དངོས་གྲུབ་མཆོག་བརྙེས་རྨོར་ཆེན་རྗེ། །བསོད་ནམས་ཡེ་ཤེས་མཆོག་ཏུ་གྲུབ་པའི་དཔལ། །གསོལ་བ་འདེབས་སོ༴ ཡོངས་རྫོགས་བསྟན་འཛིན་ཡེ་ཤེས་ལྷུན་གྱིས་གྲུབ། །བློ་བཟང་རྒྱལ་སྲས་ལུང་རྟོགས་བསྟན་པ་འཕེལ། །གྲུབ་བསྟན་འཛིན་མཆོག་མཁྱེན་རབ་མཐུ་སྟོབས་བདག །གསོལ་བ༴ འཇམ་དབྱངས་གཞོན་ནུ་བཤེས་གཉེན་མཆོག་གི་ཚུལ། །མཁྱེན་བརྩེའི་དབང་ཕྱུག་བདག་ཉིད་ཆེན་པོ་དང༌། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །གསོལ་བ༴ བྱིན་གྱིས་རློབས་ཤིག༴ བྱམས་དང་སྙིང་རྗེ་འབྱོངས་པར༴ མཁའ་ཁྱབ་རིག་འཛིན་བརྙེས་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ༀ་མ་ཎི་པདྨེ་ཧཱུྃ། དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང༌། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲགས་རིག་སྟོང་དབྱེར་མེད་གྱུར། །ཞེས་པའི་དོན་ལ་མཉམ་པར་བཞག་བཞིན་དུ་ཡི་གེ་དྲུག་པ་བཟླ་བ་ནི་མཁའ་ཁྱབ་ཀྱི་རྣལ་འབྱོར་དངོས་ཡིན་པས། འདིའི་མཐར་རྫོགས་རིམ་ལ་འཇུག་པ་ནི་རྩ་བའི་དགོངས་པ་ཡིན་ལ། གལ་ཏེ་ཀུན་སྤངས་ཡབ་སྲས་ཀྱི་གསུང་རྒྱུན་ལྟར་བཟླས་དམིགས་སྤྱི་མཐུན་སྦྱར་བ་སྤྲོ་ན། སྤྱི་བོའི་འགྲོ་མགོན་འོད་དུ་ཞུ། །རང་གཞན་ལ་ཐིམ་ཐུགས་ཀ་རུ། །པད་དཀར་འདབ་དྲུག་ལྟེ་བར་ཧྲཱིཿ ཡིག་འབྲུ་ནང་བསྟན་གཡས་བསྐོར་བས། །འོད་འཕྲོས་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེས། །སླར་འདུས་བདག་རྒྱུད་བྱིན་བརླབས་གྱུར། །ཞེས་མོས་ལ་ཡིག་དྲུག་བཟླ། ཐུན་མཐར་རྫོགས་རིམ་ནི། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་སོར་བཞག་ན༑ ༑དེ་ཤར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་པའི་ཚིག་ངག་ཏུ་བརྗོད་པའམ་དོན་བསམས་ལ་གནས་ལུགས་གཉུག་མའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བར་འདོད་ན། བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲགས་ཡི་གེ་དྲུག་པའི་དབྱངས། །དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང༌། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་སོགས་དང༌། འདི་ལྟར་སྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས༴ བདེ་བ་ཅན་དུ༴ སྐྱེས་མ་ཐག་ཏུ༴ སྤྲུལ་པས་ཕྱོགས་བཅུར༴ འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་དང༌། སངས་རྒྱས་སྐུ་གསུམ་སོགས༴ བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །ཞེས་པའང་ཐར་འདོད་ཡོངས་ལ་སྨན་པའི་བསམ་པ་རྒྱུར་བྱས་ཏེ། བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ། ༈ །རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བཞུགས་སོ། །གསོལ་བ་འདེབས་སོ་བླ་མ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཡི་དམ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འཕགས་མཆོག༴ གསོལ་བ་འདེབས་སོ་སྐྱབས་མགོན༴ གསོལ་བ་འདེབས་སོ་བྱམས་མགོན༴ ཐུགས་རྗེས་ཟུངས་ཤིག་རྒྱལ་བ་ཐུགས་རྗེ་ཅན༑ ༑མཐའ་མེད་འཁོར་བར་གྲངས་མེད་འཁྱམས་གྱུར་ཅིང༌། །བཟོད་མེད་སྡུག་བསྔལ་མྱོང་བའི་འགྲོ་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཞེ་སྡང་དབང་གིས་དམྱལ་བར་སྐྱེས་གྱུར་ཏེ། །ཚ་གྲང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ལྷ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །སེར་སྣའི་དབང་གིས་ཡི་དྭགས་གནས་སུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ཞིང་མཆོག་པོ་ཏཱ་ལ་རུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས༴ གཏི་མུག་དབང་གིས་དུད་འགྲོར་སྐྱེས་གྱུར་ཏེ། །གླེན་ལྐུག་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །མགོན་པོ་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཕྲག་དོག་དབང་གིས་ལྷ་མིན་གནས་སུ་སྐྱེས། །འཐབ་རྩོད་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ང་རྒྱལ་དབང་གིས་ལྷ་ཡི་གནས་སུ་སྐྱེས། །འཕོ་ལྟུང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྤྱན་རས་གཟིགས་དང་མཛད་པ་མཚུངས་པ་ཡིས། །མ་དག་ཞིང་གི་འགྲོ་རྣམས་སྒྲོལ་བ་དང༌། །གསུང་མཆོག་ཡིག་དྲུག་ཕྱོགས་བཅུར་རྒྱས་པར་ཤོག །འཕགས་མཆོག་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་གི་གདུལ་བྱར་གྱུར་པའི་འགྲོ་བ་རྣམས། །ལས་འབྲས་ལྷུར་ལེན་དགེ་བའི་ལས་ལ་བརྩོན། །འགྲོ་བའི་དོན་དུ་ཆོས་དང་ལྡན་པར་ཤོག །ཅེས་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་པའི་སྐབས། དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་པས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚིག་འདི་སྔོན་གནས་རྗེས་དྲན་དུ་གསུངས་པ་སྟེ། བྱིན་རླབས་ཀྱི་ཚན་ཀ་མཆོག་དང་ལྡན་པ་ལགས་སོ།། །།མངྒ་ལམ།། །།

[edit]

There are 4 subtexts included in this text

1
62-66
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་མ།
grub pa'i dbang phyug thang stong rgyal po la thugs rje chen pos dngos su gnang ba'i snying po yi ge drug ma
Text page
View PDF
ཀུན་དགའ་གྲོལ་མཆོག་ (Kun dga' grol mchog)
2
66-79
གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཡི་གེ་དྲུག་པའི་སྒོམ་ལུང་འབོག་ཚུལ་གཞན་ཕན་མཁའ་ཁྱབ་།
grub pa'i dbang phyug lcags zam pa chen po'i nye brgyud yi ge drug pa'i sgom lung 'bog tshul gzhan phan mkha' khyab
Text page
View PDF
འཇམ་མགོན་ཀོང་སྤྲུལ་ ('jam mgon kong sprul)
3
79-85
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡོངས་བཅུད།
grub pa'i dbang phyug thang stong rgyal po'i nye brgyud thugs rje chen po'i sgom bzlas kyi ngag 'don mdo sngags yongs bcud
Text page
View PDF
འཇམ་མགོན་ཀོང་སྤྲུལ་ ('jam mgon kong sprul)
4
85-87
རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་།
rje grub thob chen po dge slong pad+ma dkar por skye ba bzhes pa'i tshe 'phags pa spyan ras gzigs la gsol ba btab pa'i rdo rje'i gsung
Text page
View PDF
ཐང་སྟོང་རྒྱལ་པོ་ (Thang stong rgyal po)