ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས།

From Damngak Dzö
DNZ-16-MA-023
Wylie title chos skyong brag lha mgon po'i mngon rtogs DNZ-16-MA-023.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 16, Text 23, Pages 505-512 (Folios 1a1 to 4b3)
Author གྲགས་པ་རིན་ཆེན་
Citation Rnal 'byor pa Grags pa rin chen. Chos skyong brag lha mgon po'i mngon rtogs. In Gdams ngag rin po che'i mdzod, Vol. 16: 505-512. Kalimpong: Rigpe Dorje Publications, 2024. DNZ-Shechen-16-MA-024.pdf
Shechen Publications, 1999
Side notes Recto: mngon rtogs   Verso: khrid thor bu ba'i skor
More details More details
Genre Sadhanas - Evocation Ritual - sgrub thabs
Deity brag lha mgon po
Colophon

།དཔལ་ལྡན་བྲག་ལྷ་མགོན་པོའི་མངོན་པར་རྟོགས་པ་གཏོར་བསྔོས་མཆོད་བསྟོད་དང་བཅས་པ་འདི། རྗེ་བཙུན་མི་ཏྲའི་མན་ངག་སྙན་དུ་བརྒྱུད་པ་སློབ་མ་གཅིག་བརྒྱུད་དུ་གདམས་པའི་མན་ངག །རིན་པོ་ཆེ་གསེར་ཞུན་མ་འདྲིལ་བ་ལྟ་བུ་འདི་ཡི་གེ་རིས་སུ་སྡེབ་ཏུ་མེད་པ་ལ། གཞན་མ་འགའ་ལ་ཕན་པའི་ཕྱིར་དུ་རྗེ་བཙུན་གྲགས་པ་རིན་ཆེན་གྱི་དྲུང་དུ། མང་དུ་ཐོས་པའི་སློབ་དཔོན་སངས་རྒྱས་འོད་ཟེར་གྱིས་ཡང་ཡང་གསོལ་བ་བཏབ་ཅིང་བསྐུལ་བའི་ངོར། མགོན་པོ་མཆོག་གི་རྣལ་འབྱོར་པ་གྷིརྟི་རཏྣས་དབེན་གནས་མདོ་ཆེན་དགོན་པར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བུདྡྷ་བཛྲས་བགྱིས་པའོ། །དགེ་བས་འགྲོ་བ་འདྲེན་པར་ཤོག །ཤིན་ཏུ་དག་པར་སྦྱར་བ་འདི་སུ་ལ་མི་བསྟན་སྦ་བར་བྱའོ། །མངྒ་ལཾ།།

dpal ldan brag lha mgon po'i mngon par rtogs pa gtor bsngos mchod bstod dang bcas pa 'di/_rje btsun mi tra'i man ngag snyan du brgyud pa slob ma gcig brgyud du gdams pa'i man ngag_/rin po che gser zhun ma 'dril ba lta bu 'di yi ge ris su sdeb tu med pa la/_gzhan ma 'ga' la phan pa'i phyir du rje btsun grags pa rin chen gyi drung du/_mang du thos pa'i slob dpon sangs rgyas 'od zer gyis yang yang gsol ba btab cing bskul ba'i ngor/__mgon po mchog gi rnal 'byor pa g+hirti rat+nas dben gnas mdo chen dgon par legs par sbyar ba'i yi ge pa ni bud+d+ha badz+ras bgyis pa'o/__/dge bas 'gro ba 'dren par shog__/shin tu dag par sbyar ba 'di su la mi bstan sba bar bya'o/__/mang+ga laM//

[edit]
༄༅། །ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས་བཞུགས་སོ། །

༄༅། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བསྟན་པའི་ཞིང་དུ་བསྟན་སྲུང་ལེགས་ལྡན་མཆོག །སངས་རྒྱས་བསྟན་ལ་བྱ་ར་རྒྱུན་དུ་མཛད། །མགོན་པོའི་གཙོ་བོ་མ་ཧཱ་ཀཱ་ལ་ཆེ། །ལེགས་ལྡན་བྲག་མགོན་བསྟན་སྲུང་ནག་པོར་བསྟོད། །དེ་ཉིད་སྒྲུབ་པའི་མངོན་རྟོགས་རིམ་པ་རྣམས། །བླ་མའི་གསུང་ལས་ཇི་ལྟར་བྱུང་བ་ལྟར། །མ་ནོར་མ་འཆུགས་མུ་ཏིག་ཕྲེང་མཛེས་ལྟར། །གཞན་ལ་ཕན་ཕྱིར་འདིར་ནི་དགོད་པར་བྱ། །ནག་པོ་ཆེན་པོ་སྒྲུབ་པར་འདོད་པ་དག་གིས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་མདུང་དང་རལ་གྲི་གཤིབ་པ༑ མ་མོ་དུ་མའི་ཚོགས་འཁྲུགས་པ། རླུང་ནག་དགུ་ཀློང་འཁྱིལ་བའི་དབུས། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང༌། དེའི་དབུས་སུ་དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང་དུ། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དེའི་དབུས་སུ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་དམར་ནག་ལྟེ་བ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་བསྐང༌། གདུག་པ་ཅན་ཐམས་ཅད་ཚར་བཅད། འོད་ཟེར་ཚུར་འདུས་གྲི་གུག་ཧཱུྃ་ལ་ཐིམ་པས། དེ་ཉིད་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མགོན་པོ། སྐུ་མདོག་དམར་ནག་ཞལ་གཅིག་པ་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ། མཆེ་བ་བཞི་རབ་ཏུ་གཙིགས་པ། འཇིགས་པའི་ཞལ་གདངས་ཤིང་ལྗགས་གློག་ལྟར་དུ་འཁྱུག་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ༑ གཡས་ཀྱི་ཕྱག་ན་དགྲ་བགེགས་ཀྱི་མགོ་བོ་འགེམས་པའི་བིང་རྩེ་མོ་ནོར་བུས་མཚན་པ་ཟུར་བཞི་དང་ལྡན་པ་མེ་སྟག་འཕྲོ་བ་འཛིན་པ། གཡོན་པས་པར་བུའི་ནང་དུ་དགྲ་སྙིང་དང་བཅས་པ་འཛིན་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང༌། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། སྦྲུལ་ནག་གདུག་པ་ཅན་གྱིས་སེ་རལ་ཁ་དང་ཡན་ལག་ཐམས་ཅད་བརྒྱན་པ། སྐུ་སྨད་ལ་སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམ། གཡོན་བརྐྱང་བ། དར་ནག་པོའི་འཇོལ་བེར་གསོལ་བ། མེའི་ཚྭ་ཚྭ་འཕྲོ་བ། གདུག་པ་ཅན་ཐམས་ཅད་བསྲེག་པའོ། །དེའི་མདུན་དུ་ལས་མཁན་མོན་པ་ནག་པོ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་བསྒྲད་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་ཐོད་པ་དགྲ་སྙིང་གིས་བཀང་བ་འཛིན་པས་གཙོ་བོའི་ཞལ་དུ་སྟོབ་བཞིན་པ་དང་བཅས་པའོ། །གཞན་ཡང་ཡེ་ཤེས་ཀྱི་མགོན་པོ་སྤྲིན་ལྟར་དུ་གཏིབས་པ། ལས་ཀྱི་མགོན་པོ་དང་འཇིག་རྟེན་གྱི་མགོན་པོ་རླུང་ལྟར་དུ་འཚུབ་པ། གཞན་ཡང་མ་མོ་དང་གཤིན་རྗེའི་ཚོགས་དཔག་ཏུ་མེད་པ་ཤ་ལ་དགའ་བ། ཁྲག་ལ་རྔམས་པ། སྙིང་རྗེ་མེད་པ། གཟུགས་འཇིགས་པ། མདོག་མི་སྡུག་པའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་རྣམས་དང་བཅས་པར་གྱུར། མགོན་པོའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དེ་རྣམས་ལས་འོད་ཟེར་འཕྲོས་པས། བསིལ་བ་ཚལ་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་ཡེ་ཤེས་མགོན་པོ་སྤྱན་དྲངས་ན། །ཐུགས་དམ་ཐུགས་རྗེའི་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཨརྒྷཾ་ལ་སོགས་པས་མཆོད། ཛཿ ཧཱུྃ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར། ཆུའི་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན། མགོན་པོའི་ཐུགས་ཀར་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། ཧཱུྃ་དམར་ནག་བསམ། དེའི་གཡས་སྐོར་དུ། ༀ་མ་ཧཱ་ཀཱ་ལ་དུ་རུ་སྭ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་རྩ་བའི་བསྙེན་པ་དང༌། ཤཱ་ས་ནའི་སྔགས་རིང་སྤྱི་དང་མཐུན་པར། གྲུབ་པའི་རྟགས་མ་བྱུང་གི་བར་དུ་བསྐྱལ་ལོ། །དམ་ཚིག་ཏུ་ཁྱི་དང་བྱ་ནག་ལ་རྡོ་མི་རྒྱབ། མགོན་པོ་ལ་གཏོར་མ་ཕུལ་བའི་རིམ་པ་ནི། རང་གི་མདུན་དུ་ཐོད་པའི་སྣོད་དམ། རིན་པོ་ཆེའི་སྣོད་དུ་གཏོར་མ་བཤམས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པོ་གསུམ། ཨ་ལས་ཀ་པཱ་ལའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཧཱུྃ་བྷྲཱུྃ་ཨཾ་ཛྲ་ཁཾ་ལས་ཡེ་ཤེས་ལྔ། དེ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཐོད་པའི་ཁ་ཆོད་ཀྱི་ཚུལ་དུ་ཡོད་པའི་དབུས་སུ། རྡོ་རྗེ་ཕྱེད་པ་གྱེན་དུ་འགྲེངས་པའི་ཁོང་སེང་དུ་ༀ་ཨཱཿ ཧཱུྃ་གིས་མཚན་པར་གྱུར། རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མ་ལ་ཕོག །རླུང་གཡོས་མེ་སྦར། ཐོད་པ་དྲོས། མི་གཙང་བ་ལྦུ་བའི་ཚུལ་དུ་ཕྱིར་ལུད། རླངས་པ་འོད་ཟེར་གྱི་ཚུལ་དུ་ཡར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་མར་བཀུག་ནས། དམ་ཚིག་གི་བདུད་རྩི་དང་འདྲེས། སླར་ཡང་རྡོ་རྗེ་ༀ་ཨཱཿ ཧཱུྃ་གིས་མཚན་པ་ཟླ་བའི་ཁ་ཆོད་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བས། གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གཏོར་མ་ལ་ཟུག་ཅིང་གསོལ་བར་བསམ་ལ། རྩ་བའི་སྔགས་དང༌། ཤཱ་ས་ནའི་སྔགས་ཀྱི་ཤམ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་གསུམ་མམ་བདུན་གང་རུང་གིས་འབུལ། མཐར་ཨརྒྷཾ་ལ་སོགས་པས་མཆོད་ཅིང་བསྟོད་པ་ནི། ཧཱུྃ། རབ་འཇིགས་དུར་ཁྲོད་ཀེང་རུས་གཞལ་ཡས་ནས། །མདུང་དང་རལ་གྲི་གཤིབ་པའི་གུར་ཁང་དུ། །མ་མོ་མཁའ་འགྲོ་རླུང་ལྟར་འཚུབས་པའི་དབུས། །གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས་སུ། །དགྲ་བགེགས་བསྣོལ་ཞིང་གནམ་ལྕགས་འཁོར་ལོའི་སྟེང༌། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །ཧཱུྃ་ལས་བྱུང་བའི་ནག་པོ་མཐུ་བོ་ཆེ། །སྤྱན་རས་གཟིགས་མགོན་བཀའ་སྲུང་དམ་ཚིག་ཅན། །བྲག་ལྷ་མགོན་པོ་མགོན་པོ་འབུམ་གྱི་རྗེ། །སངས་རྒྱས་བསྟན་སྲུང་ནག་པོ་ཁྱོད་ལ་འདུད། །ཧཱུྃ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཆོས་ཉིད་མི་འགྱུར་ཐབས་དང་ཤེས་རབ་ལྡན། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཡོ། །སྐྱེ་འཆི་རྩད་གཅོད་དུས་གསུམ་ས་ལེར་གཟིགས། །ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །ལྷ་མིན་གཡུལ་བཟློག་ཡེ་ཤེས་ལྔ་ཡིས་མཚན། །ཁྲོ་གཉེར་གཡོ་ཞིང་ཤངས་ནས་རླུང་སྒྲ་འབྱིན། ། དམ་ལ་གནས་ཤིང་འབྱུང་པོ་འདུལ་བར་བྱེད། །ནག་པོ་བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད། །ལྗགས་འདྲིལ་འགྱུར་གྱིས་གསང་བའི་ཆོས་སྒྲ་སྒྲོགས། །གནོད་བྱེད་སྒྲོལ་ཞིང་དམ་ཚིག་ཅན་ལ་སྐྱོབ། །ཐོད་རློན་དོ་ཤལ་གདུག་པ་སྦྲུལ་གྱིས་བརྒྱན། །དུར་ཁྲོད་ཆས་ལྡན་ཀླུ་རིགས་བཞི་པོ་འདུལ། །རྣལ་འབྱོར་དགྲ་ལྷ་ནག་པོ་ཁྱོད་ལ་བསྟོད། །ཕྱག་གཡས་རིན་ཆེན་བིང་དང་གཡོན་པར་བུ། །ལོག་འདྲེན་འདུལ་ཞིང་སེམས་ཅན་རེ་བ་བཀང༌། །སྟག་ལྤགས་ཤམ་ཐབས་དར་ནག་འཇོལ་བེར་གསོལ། །མ་མོ་འདུ་ཞིང་དམ་ཅན་དབང་དུ་སྡུད། །བཀའ་ཡི་བསྟན་སྲུང་ནག་པོ་ཁྱོད་ལ་བསྟོད། །ཞབས་གཉིས་དོར་སྟབས་སྐུ་ནི་འགྱིང་བའི་ཚུལ། །དགྲ་བགེགས་སྒྲོལ་ཞིང་བདུད་དཔུང་མ་ལུས་འདུལ། །ལྷ་ཡི་ལྷ་མཆོག་ནག་པོ་ཁྱོད་ལ་བསྟོད། །རྣལ་འབྱོར་གང་ཞིག་དམ་ཚིག་ལྡན་པ་ལ། །ཚུལ་བཞིན་རེ་བ་སྐོང་བའི་ནག་པོ་ཆེ། །ཕུད་གཏོར་གཙང་མ་ཤ་ཁྲག་དམར་གྱིས་བརྒྱན། །ལེ་བརྒན་དམར་ནག་འཕན་ འབར་བའི་འཕན་དར་བཙུག །ཟེར་བའང༌། དར་མཛེས་པར་བརྒྱན། །བདུད་རྩི་ཆང་མཆོག་ཕུད་རྒོད་བྲན་པ་འདི། །དཔལ་ལྡན་བྲག་མགོན་འཁོར་དང་བཅས་ལ་འབུལ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །སྔོན་ཚེ་སྤྱན་རས་གཟིགས་མགོན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དམ་ཚིག་དྲན་གྱིས་ལ། །རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབས། །ཞེས་པས་མཆོད་ཅིང་བསྟོད་ལ། ཚོགས་ཀྱི་ཡོ་བྱད་ལ་སོགས་པ་རྒྱ་ཆེར་བྱའོ། །མཐར་གཤེགས་བསྡུ་བསྔོ་བ་སྨོན་ལམ་བཀྲ་ཤིས་ལ་སོགས་པ་རྗེས་ཀྱི་བྱ་བ་ལ་བརྩོན་པར་བྱའོ། །དཔལ་ལྡན་བྲག་ལྷ་མགོན་པོའི་མངོན་པར་རྟོགས་པ་གཏོར་བསྔོས་མཆོད་བསྟོད་དང་བཅས་པ་འདི། རྗེ་བཙུན་མི་ཏྲའི་མན་ངག་སྙན་དུ་བརྒྱུད་པ་སློབ་མ་གཅིག་བརྒྱུད་དུ་གདམས་པའི་མན་ངག །རིན་པོ་ཆེ་གསེར་ཞུན་མ་འདྲིལ་བ་ལྟ་བུ་འདི་ཡི་གེ་རིས་སུ་སྡེབ་ཏུ་མེད་པ་ལ། གཞན་མ་འགའ་ལ་ཕན་པའི་ཕྱིར་དུ་རྗེ་བཙུན་གྲགས་པ་རིན་ཆེན་གྱི་དྲུང་དུ། མང་དུ་ཐོས་པའི་སློབ་དཔོན་སངས་རྒྱས་འོད་ཟེར་གྱིས་ཡང་ཡང་གསོལ་བ་བཏབ་ཅིང་བསྐུལ་བའི་ངོར། མགོན་པོ་མཆོག་གི་རྣལ་འབྱོར་པ་གྷིརྟི་རཏྣས་དབེན་གནས་མདོ་ཆེན་དགོན་པར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བུདྡྷ་བཛྲས་བགྱིས་པའོ། །དགེ་བས་འགྲོ་བ་འདྲེན་པར་ཤོག །ཤིན་ཏུ་དག་པར་སྦྱར་བ་འདི་སུ་ལ་མི་བསྟན་སྦ་བར་བྱའོ། །མངྒ་ལཾ།། །།