བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་དང་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ་ཡེ་ཤེས་གྲུབ་པ།

From Damngak Dzö
DNZ-15-BA-020
Wylie title bcom ldan 'das dus kyi 'khor lo'i khro rgyal rdo rje shugs kyi sgrub thabs dang rjes gnang bklags chog tu bkod pa ye shes grub pa DNZ-15-BA-020.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 15, Text 20, Pages 587-604 (Folios 1a1 to 9b6)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Bcom ldan 'das dus kyi 'khor lo'i khro rgyal rdo rje shugs kyi sgrub thabs dang rjes gnang bklags chog tu bkod pa ye shes grub pa. In Gdams ngag rin po che'i mdzod, Vol. 15: 587-604. Kalimpong: Rigpe Dorje Publications, 2024. DNZ-Shechen-15-BA-020.pdf
Shechen Publications, 1999
Side notes Recto: rdor shugs   Verso: sbyor drug skor
More details More details
Genre Sadhanas - Evocation Ritual - sgrub thabs
Colophon

།ཅེས་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ནང་ཚན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཆ་ལག་ཏུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་ཤངས་ཀྱི་ཟབ་ལུང་གཉིས་པར་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་ཕྱུང་བཀླགས་ཆོག་ཏུ་བགྱིས་པ་དགེ་ལེགས་འཕེལ།།

ces gdams ngag rin po che'i mdzod kyi nang tshan zab lam rdo rje'i rnal 'byor gyi cha lag tu nye bar mkho bas mtshams sbyar te/__blo gros mtha' yas kyis rdzong shod shangs kyi zab lung gnyis par sgrub thabs rin 'byung las khol phyung bklags chog tu bgyis pa dge legs 'phel//

[edit]
༄༅། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་དང་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ་ཡེ་ཤེས་གྲུབ་པ་ཞེས་བྱ་བ་བཞུགས་སོ། །

༄༅། །སངས་རྒྱས་ཁྲོས་པའི་ཧེ་རུ་ཀ །ཀུན་འདུས་འཇིགས་བྱེད་རྡོ་རྗེ་ཤུགས། །སྲིད་གསུམ་གཡུལ་ལས་རབ་རྒྱལ་དེས། །བགེགས་ཉམས་འདོད་དོན་ཀུན་འགྲུབ་ཤོག །དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་རྣམས་ཀྱིས་རྒྱུད་ནས་བསྔགས་པའི་སྡེ་དྲུག་སྲུང་མ་དྲུག་ཅུ་གཙོ་བོ་དང་བཅས་པ་ལ་གཏོར་མ་འབུལ་བ་སོགས་ལས་ཀྱི་རིམ་པ་ལའང་འདིའི་རྗེས་གནང་ཐོབ་པ་གལ་ཆེ་ཞིང༌། ཁྱད་པར་རྫོགས་རིམ་མུན་ཁྲིད་ཀྱི་སྔོན་དུ་འདིའི་བྱིན་རླབས་ངེས་པར་བྱ་དགོས་པས་དེ་ལྟར་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་མཎྜལ་པདྨ་ལྗང་གུ་ལྟེ་བར་ཉི་ཟླ་སྒྲ་གཅན་མཚོན་བྱེད་ཀྱི་གདན་དམར་དཀར་ནག་གསུམ་བརྩེགས་པ་ལ་ཚོམ་བུ་ལྗང་ཁུ་གཅིག་བཀོད། མཆོད་པ་བཅུ་གཉིས་པོ་འཕྲེང་ལ་བསྒྲིགས་པའམ། ཕྱོགས་ཕྱོགས་སུ་འགོད་ན། སྟེང་གི་གཉིས་ཤར་དང༌། འོག་གི་གཉིས་ནུབ་ཀྱི་གྲལ་ལ་འགོད། དེ་ལ་ཤར་དུ་དྲི་ཆབ་དང༌མེ་ཏོག །ལྷོ་རུ་སྤོས་དང་མར་མེ། བྱང་དུ་ཞལ་ཟས་དང་ཤིང་ཏོག །ནུབ་ཏུ་སྒེག་མོ་དང་བཞད་མ་མཚོན་པའི་ན་བཟའ་དང་མེ་ལོང་སྟེང་གི་སྒྲ་མའི་ཏིང་ཤགས་སོགས་རོལ་མོ་གང་རུང་དང༌། གར་མའི་རྡོར་དྲིལ་ལྟ་བུ། འོག་ཏུ་འདོད་མའི་ཆོས་འབྱུང་དང༌། གླུ་མ་མཚོན་བྱེད་ཀྱི་པི་ཝཾ་རྣམས་བཤམས། དབུས་སུ་གཏོར་མ་ཟླུམ་གཏོར་དཔལ་ཅན་འགོད། འབུལ་གཏོར་གཙོ་འཁོར་བདུན་པའམ་ཟུར་དྲུག་པ་བཤམས། སྒྲུབ་པ་པོའི་མདུན་དུ་ནང་མཆོད་རྡོར་དྲིལ་ཅང་ཏེའུ་སོགས་ཚང་བར་བྱའོ། །གཉིས་པ་ལ། ཐོག་མར་ནང་མཆོད། ༀ་ཨཱཿ ཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབ། མཆོད་པ་རྣམས། ༀ་ཨཱཿ ཧཱུྃ་ཧྲཿ ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ༀ་ཨཱཿ ཧཱུྃ་ཧོཿ རྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང༌། དྲི་དང་མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་དང༌། ཨིནྡྲ་ནི་ལ་ལ་སོགས་པའི་རྣམ་པ་མང་པོའི་རིན་པོ་ཆེ་དང༌། ནང་གི་དམ་ཚིག་དང༌། དམ་ཚིག་རྣམ་པ་བཞིའི་རྫས་ལ་སོགས་པའི་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ངོ་བོར་གྱུར། ༀ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ༀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ། དྷཱུ་པཾ། དཱི་པཾ། ནཻ་ཝིདྱཾ། ཨཱཀྵ་ཏཾ། ལ་སྱཾ། ཧ་སྱཾ། ཝདྱཾ། ནྲྀ་ཏཾ། གཱི་ཏཾ། ༀ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ རོལ་མོ་བྱིན་འབེབས་སྤྱི་དང་མཐུན་པར་བྱིན་དབབ་བོ། །བདག་བསྐྱེད་ནི། སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་ལན་གསུམ་བྱས་ལ། སྟོང་པའི་ངང་ལས་རྡོ་རྗེའི་རྭ་བའི་དབུས་ན་སྣ་ཚོགས་པདྨའི་གདན། ༀ་པཾ་བི་ཤྭ་བཛྲ་པདྨཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེའི་ལྟེ་བར་ཉི་མའི་གདན། ༀ་ར་བཛྲ་སཱུ་བཛྲ་སཱུ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ་ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་དྲུག་པ། གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་དམར་པོ་དང་དཀར་པོ་དང་ནག་པོའི་མདོག་ཅན། མདུན་ཞལ་ནག་པོ། གཡས་ཞལ་དམར་པོ། གཡོན་ཞལ་དཀར་པོ། རྒྱབ་ཞལ་སེར་པོ། ཞལ་རེ་རེ་ཞིང་སྤྱན་དམར་པོ་གསུམ་གསུམ་དང་ལྡན་ཞིང༌༑ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་དར་བཞི་ནག་པོ༑ བཞི་དམར་པོ། བཞི་དཀར་པོ། དེ་རྣམས་རེ་རེ་ལ་ཡང་མཐེ་བོང་སེར་པོ། འཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་གུའོ། །དེ་རྣམས་རེ་རེ་ལ་ཡང་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་ལྟ་བུའི་གཡས་ཀྱི་ཕྱག་བཅུ་གཉིས་རྣམས་ན། ཁྲོ་བོའི་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག །མདའ། རྡོ་རྗེའི་ལྕགས་ཀྱུ། ཌཱ་མ་རུ། ཐོ་བ། འཁོར་ལོ། མདུང༌། དབྱུག་པ༑ དགྲ་སྟྭ་རྣམས་འཛིན་པ། གཡོན་གྱི་ཕྱག་བཅུ་གཉིས་རྣམས་ན། རྡོ་རྗེའི་དྲིལ་བུ། ཕུབ། ཁ་ཊྭཱཾ་ག །ཁྲག་གིས་གང་བའི་ཐོད་པ། གཞུ། ཞགས་པ། རིན་པོ་ཆེ། པདྨ། དུང༌། མེ་ལོང༌། རྡོ་རྗེའི་ལྕགས་སྒྲོག །ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ལྷག་པའི་ཕྱག་གཉིས་གཡས་པ་ནག་པོ་དང༌། གཡོན་པ་སེར་པོས་སྡིགས་མཛུབ་དང་བཅས་ཏེ་གླང་པོ་ཆེའི་པགས་པ་སྟོད་གཡོགས་སུ་གྱོན་པ། བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ། ཞབས་གཡོན་བསྐུམས་གཡས་བརྐྱང་བའི་སྟབས་ཀྱིས་བདུད་དང་ཉོན་མོངས་པ་དང༌། ཡི་དྭགས་ཀྱི་རྒྱལ་པོ་རྣམས་ཀྱི་སྙིང་གར་མནན་པ། ཀླུའི་དབང་པོ་རྒྱལ་བ་རལ་པའི་ཅོད་པན་ལ་བཅིངས་ཤིང༌། རྣམ་པར་རྒྱལ་བ་དར་དཔྱངས་ལ་བཅིངས་ཏེ་གནས་པ། སྟོབས་ཀྱི་རྒྱུ་དང་པདྨ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ཡས་དང་རིགས་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ༑ འཇོག་པོ་དང་པདྨ་ཆེན་པོ་ཞབས་གདུབ་ལ་གནས་པ། ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་ཕྲེང་བ་འཕྱང་བ། སྤྱི་བོར་ཐོད་པ་ལྔའི་ཕྲེང་བས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས། རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བཾ་ཧོཿ ཧི། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ གསང་བར་ཧཾ།
གཙུག་ཏོར་དུ་ཀྵཿ དེ་ནས་སྤྲོ་ཞིང་ནུས་ན། བྱིས་པ་འཇུག་པའི་དབང་བདུན་སྔགས་དབང་དུ་བླང་ཞིང༌། རྒྱན་བཀོད་རྣམས་ཀྱང་རྒྱས་པར་བྱ། བསྡུ་ན། ༀ་ཨ་ཨི་ར་ཨུ་ལི་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་མི་སྤྱོད་པས་དབུར་བརྒྱན་པར་གྱུར། ༀ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ལ་སོགས་པས་མཆོད། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་དབང་པོ་ཀུན་གྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །དེ་ནས་རྐང་པ་བཅུ་དྲུག་པ་དང༌། རྐང་པ་བདུན་ཅུ་རྩ་གཉིས་པའི་རིག་སྔགས་ཅི་ནུས་སུ་བཟླ་ཞིང༌༑ དེ་དག་མི་ཤེས་པའམ། མི་ནུས་ན། ༀ་ཨཱཿ ཧཱུྃ་ཧོཿ ཧཾ་ཀྵ་བཛྲ་བེ་ག་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཅི་ནུས་སུ་བཟླ། ༀ་ཧཱུྃ་ཀྲོ་དྷ་ཨིན་དྲོ྅ཧཾ། ཀྲོ་དྷཱ་ནཾ། ཨཱཛྙ་དཱ་ཡ་ཀ་སྭཱ་ཧཱ། ཞེས་པའང་ཁྲོ་བོ་རྣམས་བསྐུལ་བའི་དོན་དུ་བཟླ་ཞིང༌། ༀ་ཡ་ར་ར་ར་ར། ལ་ལ་ལ་ལ༑ བཛྲ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་པའང་ཡེ་ཤེས་དབབ་པའི་དོན་དུ་བཟླའོ། །བཟླ་ཚུལ་གཞན་ཡང༌། ༀ་ཧཱེ་ཕཊ། ཅེས་འབུམ་གྱིས་བསྣུན་པ་དང༌། ༀ་ཡྭེ་ཧཱུྃ། འབུམ་གྱིས་དབབ་པ་དང༌། ༀ་རྭེ་བཽ་ཥ་ཊ། འབུམ་གྱིས་བསྲེག་པ་དང༌། ༀ་ཝྭེ་ན་མཿ འབུམ་གྱིས་བསླང་བ་དང༌། ༀ་ལྭེ་སྭཱ་ཧཱ། འབུམ་གྱིས་རྒྱས་པ་དང༌། ༀ་བེཾ་ཝ་ཕཊ། འབུམ་གྱིས་མཉེས་པར་བྱ་བ་རྣམས་ཐུགས་ཀྱི་བཟླས་པ་དང༌། ༀ་བཛྲ་བེ་ག་སྭཱ་ཧཱ། འབུམ་ཕྲག་བཅུ་གསུང་གི་བཟླས་པ་དང༌། གོང་དུ་བཤད་པའི་སྙིང་པོ་བྱེ་བ་སྐུའི་བཟླས་པའོ། །དེའང་རང་དོན་བསྙེན་པ་ལ་སྐྱབས་སེམས་ནས་བཟླས་པའི་བར་བཏང་ལ་མཐར། རྫོགས་པའི་རིམ་པ་ཡང་ཅི་རིགས་པར་སྒོམ་ཞིང༌། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་ལ་གནས་པར་བྱ། རྗེས་གནང་སྐབས་སྐུའི་བཟླས་པ་བརྒྱ་རྩ། གསུང་བཟླས་སྟོང་ཕྲག །ཁྲོ་བོ་བསྐུལ་བ་དང༌། ཡེ་ཤེས་དབབ་པ་ཅི་རིགས་བཟླས་པས་ཆོག་གོ །དེ་ནས་མདུན་བསྐྱེད་བསང་སྦྱང༌། སྟོང་པའི་ངང་ལས་རྡོ་རྗེའི་རྭ་བའི་དབུས་ན་སྣ་ཚོགས་པདྨའི་གདན། སོགས་ནས། ཡོངས་སུ་གྱུར་པ་ལས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། སོགས་གོང་བདག་བསྐྱེད་ལྟར་ལ། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཧ་ཧཱ། ཡི་ཡཱི། རྀྼ་རྀྼཱ། ཝུ་ཝཱུ། ལྀླ་ལྀླཱ་རྣམས་ལས་བྱུང་བའི་ཁྲོ་བོ་བཅུ་དང༌། ང་ངའ་། ཉི་ཉཱི། ཎྀྼ་ཎྀྼཱ། མུ་མཱུ། ཎྀླ་ཎྀླཱ་རྣམས་ལས་བྱུང་བའི་ཟད་པར་བཅུ་དང༌། གྷ་གྷཱ། ཛྷི་ཛྷཱི། ཌྀྷྼ་ཌྀྷྼཱ། བྷུ་བྷཱུ། ཌྀྷླ་ཌྀྷླཱ་རྣམས་ལས་བྱུང་བའི་ཕྱོགས་སྐྱོང་བཅུ་དང༌། ག་གཱ །ཛི་ཛཱི། ཌྀྼ་ཌྀྼཱ། བུ་བཱུ། ཌྀླ་ཌྀླཱ་རྣམས་ལས་བྱུང་བའི་གཟའ་བཅུ་དང༌། ཁ་ཁཱ། ཚི་ཚཱི། ཥྀྼ་ཥྀྼཱ། ཕུ་ཕཱུ། ཐྀླ་ཐྀླཱ་རྣམས་ལས་བྱུང་བའི་ཀླུ་བཅུ་དང༌། ཀ་ཀཱ། ཙི་ཙཱི། ཊྀྼ་ཊྀྼཱ་ པུ་པཱུ། ཏྀླ་ཏྀླཱ་རྣམས་ལས་བྱུང་བའི་འབྱུང་པོ་བཅུ་རྣམས་ཀྱང་འཁོད་པར་གྱུར། གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ ཧི། ནས་མཆོད་བསྟོད་ཡན་གོང་ལྟར་ལགས། བསྟོད་པའི་མཐར། ཁྲོ་བོ་བཅུ་དང་ཟད་པར་བཅུ། །ཕྱོགས་སྐྱོང་བཅུ་དང་གཟའ་མཆོག་བཅུ། །ཀླུ་རྒྱལ་བཅུ་དང་འབྱུང་པོ་བཅུ། །སྲུང་མ་དྲུག་ཅུའི་ཚོགས་ལ་འདུད། །ཅེས་བསྟོད། དེ་ནས་གཏོར་མ་འབུལ་བ་ནི། གཏོར་མ་བསང་སྦྱང༌། ༀ་ཕྲེཾ་བཛྲ་ཌཱ་ཀི་ནཱི་བཛྲ་དྷཱ་ཏྭཱི་ཤྭ་རི་ག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱ་བི་ཤོ་དྷ་ནི་སརྦ་དྲ་བྱཱ་ཎི་བི་ཤོ་དྷ་ཡ་ཧཱུྃ་ཕྲེཾ་ཕཊ། ལན་གསུམ་བརྗོད་པས་རྫས་མཐའ་དག་བྱིན་གྱིས་རློབ་པར་འགྱུར་ལ། ཤེས་ཤིང་ལྕོགས་ན་སྔགས་ཚན་བཞི་པོས་བྱིན་གྱིས་བརླབས། ༀ་ཨཱཿ ཧཱུྃ་ཧོཿ ཞེས་ལན་མང་དུ་བརྗོད། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། ༀ་ཨཱཿ ཧཱུྃ་ཧོཿ བཛྲ་བྷཻ་ར་ཝཱ་ཡ་བྷཱི་ས་ཀ་རཱ་ཡ། ༀ་ཨཱཿ ཧཱུཾ་ཧོཿ ཨུཥྞི་ཥ། སུམྦྷ་ནི་སུམྦྷ་བིགྷྣ་ཨནྟ་ཀ །ནཱི་ལ་དཎྜ། པྲཛྙཱ་ཨནྟ་ཀ །ཊཱཀྐི་རཱ་ཛ། པདྨ་ཨནྟ་ཀ །ཨ་ཙ་ལ། ཡ་མ་ཨནྟ་ཀ །མ་ཧཱ་བ་ལེ་བྷྱཿ ཞེས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན། ༀ་ཨཱཿ ཧཱུཾ་ཧོཿ ཨཱ་ཀཱ་ཤཱ། བཱ་ཡུ། ཏེ་ཛ། ཨུ་ད་ཀ །པྲ་ཐི་ཝཱི། སཱ་དྷི་ཏེ་བྷྱཿ ཞེས་གྲི་གུག་གི་ཕྱག་རྒྱ་དང༌། ༀ་ཨཱཿ ཧཱུཾ་ཧོཿ བྲཧྨ། བིཥྞུ། ནཻ་ར་དྱ། བཱ་ཡུ། ཡ་མ། ཨགྣི། ས་མུ་དྲ། ཨཱི་ཤྭ་ར། ཨིནྡྲ། ཡཀྵེ་བྷྱཿ ཞེས་རལ་གྲིའི་ཕྱག་རྒྱ་དང༌། ༀ་ཨཱཿ ཧཱུྃ་ཧོཿ རཱ་ཧུ། ཀཱ་ལ་ཨགྣི། ཙནྡྲ། སཱུ། བུ་དྷ། མངྒ་ལ། ཤུ་ཀྲ། བྲྀ་ཧ་ས་པ་ཏི། ཀེ་ཏུ་ཤ་ནི་བྷྱཿ ཞེས་རིན་པོ་ཆེའི་ཕྱག་རྒྱ་དང༌། ༀ་ཨཱཿ ཧཱུཾ་ཧོཿ ཛ་ཡ། བི་ཛ་ཡ། པདྨ། ཀརྐོ་ཊ་ཀ །བ་སུ་ཀི། ཤངྑ་པཱ་ལ། ཀུ་ལི་ཀ །ཨ་ནནྟ། ཏཀྵ་ཀ །མ་ཧཱ་པདྨེ་བྷྱཿ ཞེས་པདྨའི་ཕྱག་རྒྱ་དང༌། ༀ་ཨཱཿ ཧཱུཾ་ཧོཿ བེ་ཏཱ་ཊ། བི་ཀྲི་ཏ་མུ་ཁ། ཤྭཱ། ཀཱ་ཀ །སཱུ་ཀ་ར། གྲངྷ། བྱཱ་གྷྲ། ཨཱུ་ལུ་ཀ །ཛཾ་བུ་ཀ །ག་རུ་ཌ་མུ་ཁེ་བྷྱཿ ཞེས་འཁོར་ལོའི་ཕྱག་རྒྱ་རྣམས་ཀྱིས་སོ་སོར་སྤྱན་དྲངས་ཤིང་བཞུགས་སུ་གསོལ་ལ། རེ་རེའི་མཐའ་འམ་བསྡུ་ན། ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ། ས་པ་རི་ཝཱ་རཿ ཤྲི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྞནྟུ། ཁཱ་དནྟུ། པི་ཝནྟུ། ཛཿ ཧཱུཾ་བཾ་ཧོཿ སཾ་ཏྲྀཔྟཱ། སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ། ཨཱ་བ་ར་ཎ། གུཔྟ། ཀུརྦནྟུ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ཐུན་མོང་དུ་ལན་གསུམ་ཕུལ། སྤྲོ་ན། མཁའ་འགྲོ་མ་རྣམས་དང༌། ཡུལ་བདག་གྲོང་བདག་རྣམས་ལའང་སྦྱིན། འདི་ནི་མཆོད་གཏོར་ལྷན་ཅིག་ཏུ་འབུལ་བའི་ཚུལ་ཡིན་པས། གཏོར་མའི་རྗེས་ལ་མཆོད་པ་བཅུ་གཉིས་འབུལ་བ་མེད་ཀྱང་ཆོག །དེང་སང་གི་ལག་ལེན་ལྟར་ན། ༀ་བཛྲ་གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཕུལ། ༀ་ཨཱཿ ཧཱུྃ་ཧོཿ བཛྲ་བྷེ་ར་ཝ། ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ག་ཛ་ཌ་བ་ད། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ༀ་ཨཱཿ ཧཱུྃ་ཧོཿ ཞེས་ནང་མཆོད་ཕུལ། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཅུང་ཟད་བྱ། དེ་ནས་རྗེས་གནང་གི་བྱ་བ་ནི། སློབ་མ་རྣམས་ལ་ཆབ་བཏང༌། གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང༌། སེམས་བསྐྱེད་གསལ་བཏབ་ལ། འདིར་སྐབས་སུ་བབས་པ། རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་འཇིགས་པའི་བདུད་བཞི་ལ་སོགས་པ་ཁམས་གསུམ་གྱི་གེགས་དང་བར་གཅོད་ཐམས་ཅད་འཇོམས་ཤིང་སྲུང་བ་ལ་རབ་ཏུ་བསྔགས་པ་མཆོག་གི་དང་པོའི་སངས་རྒྱས་ཉིད་འཇིགས་བྱེད་ཁྲོ་བོ་ཆེན་པོའི་སྐུར་བསྟན་པ། སྲིད་པ་གསུམ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་སྣ་ཚོགས་གཟུགས་ཅན་གྱི་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་དང་བཅས་པ་འདི་དག་ཐུན་མོང་དུ་ཟབ་མོའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་ཕྱི་ནང་གསང་བའི་གེགས་དང་བར་དུ་གཅོད་པ་མཐའ་དག་ཞི་ཞིང་མི་ཚུགས་པའི་ཕྱིར་སྲུང་བའི་འཁོར་ལོ་སྒོམ་པ་དང་གཏོར་མའི་ཆོ་ག་ལ་འཇུག་པས་མཚོན་ལས་རབ་འབྱམས་སྒྲུབ་པ་དང༌། ཁྱད་པར་རིམ་པ་དང་པོའི་སྐབས་སུ་ཁམས་དྲུག་གི་འཕོ་བ་ལས་གྱུར་པའི་གེགས་དང་བར་གཅོད་ངང་གིས་ཞི་བ་དང་། རིམ་པ་གཉིས་པའི་སྐབས་སུ་ལུས་ཀྱི་འཁོར་ལོ་དྲུག་གི་ལྟེ་བར་རླུང་སེམས་མཐའ་དག་འཆིང་བའི་གྲོགས་བྱེད་ཅིང་མཐར་ཐུག་རྒྱལ་བ་རིགས་དྲུག་གི་གོ་འཕང་ལ་སྦྱོར་བའི་དགོས་པ་ཁྱད་པར་ཅན་དང་འབྲེལ་པས་རྒྱུད་འདིའི་རྣལ་འབྱོར་པས་སྒོམ་སྒྲུབ་མཆོད་པའི་ལམ་ལ་བརྩོན་པ་ཅིས་ཀྱང་གལ་ཆེ་བས། དེ་ཉིད་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང༌། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་པས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མི་བཟོད་འཁོར་བས་འཇིགས་པ་དག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ལ་སངས་རྒྱས་སེམས་དཔའ་ཁྲོ་བོ་དང་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། ཁྱེད་རང་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་བཤགས་ཤིང༌། ཟག་བཅས་ཟག་མེད་ཀྱི་དགེ་བ་མཐའ་དག་ལ་རྗེས་སུ་ཡི་རང་བ་དང༌། དཀོན་མཆོག་ཁྱད་པར་ཅན་དེ་དག་ལ་སྐྱབས་སུ་འགྲོ་ཞིང་རང་རང་གི་ལུས་ལོངས་སྤྱོད་འབུལ་བ་དང༌། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་ནམ་ཡང་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་དང༌། དེ་དག་གི་དགེ་བའི་རྩ་བས་མར་གྱུར་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་སྨོན་པ་སྟེ་ཡན་ལག་བདུན་པའི་དོན་རེ་རེ་བཞིན་གསལ་ཐོབ་ལ་འདིའི་རྗེས་ཟློས། སྲིད་འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ་བ་འདེབས། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ཞེས་ལན་གསུམ་གྱིས་རྒྱུན་བཤགས་བྱ། དེ་ནས་རྒྱལ་བ་རིགས་དྲུག་གིས་བསྡུས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི༑ ༑སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ལན་གསུམ། དེ་ནས། ༀ་ཨཱཿ ཧཱུྃ་བརྗོད་ཅིང་སློབ་མ་ལ་བདུད་རྩི་སྦྱིན། ཁྱེད་རང་རྣམས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧོཿ སེར་པོ། གསང་བར་ཧཾ་ལྗང་གུ། གཙུག་ཏོར་དུ་ཀྵ་སྔོན་པོ་རྣམས་གསལ་བར་གྱུར། ཞེས་གནས་དྲུག་ཏུ་ཐིག་ལེ་དྲུག་བཀོད་ལ་བྱིན་གྱིས་བརླབ། དེ་ནས་རྗེས་གནང་གཞི་དགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་བྱེད་པ་བཅིངས་ལ་དམིགས་པ་འདི་རྣམས་རྩེ་གཅིག་སྒོམས་མཛོད། སློབ་དཔོན་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་གཙོ་རྐྱང་དང༌། མདུན་བསྐྱེད་ཁྲོ་རྒྱལ་རྡོ་རྗེ་ཤུགས་ལ་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་མོས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་གདོས་བཅས་ཤ་ཁྲག་གིས་མཚོན་པའི་དངོས་པོ་ཐམས་ཅད་སྦྱངས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཧཱུྃ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ་སོགས་སྒྲུབ་ཐབས་ལྟར་གཙོ་བོར་བསྐྱེད། ཡེ་ཤེས་སྤྱན་འདྲེན་སྐབས་གུ་གུལ་དུད་པ་དང་རོལ་མོའི་སྒྲ་སྦྱར། དཔྲལ་བར་ༀ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ རྣམས་ཀྱིས་མཚན་པར་གྱུར། ཞེས་གནས་བཞི་བྱིན་བརླབ། ༀ་ཨ་ཨི་རི་ཨུ་སོགས་ཀྱིས་དབང་བསྡུས་པ་བསྐུར། དེ་ནས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྗེས་སུ་གནང་བ་བཞི་ཡོད་པས་རིམ་བཞིན་དམིགས་པ་འདི་རྣམས་སྒོམས་ཤིག །སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པའི་དཔྲལ་བ་ནས་ཀླུ་བཅུ་དང༌། འབྱུང་པོ་བཅུ་དཔག་ཏུ་མེད་པ་སྤྲོས་ནས་སློབ་མའི་དཔྲལ་བར་ཐིམ་པར་གྱུར། ཅེས་དམིགས་ལ་རོལ་མོའི་སྒྲ་བྱ། དེ་ནི་སྐུའི་རྗེས་སུ་གནང་བའོ། །ཡང་སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པའི་མགྲིན་པ་ནས་ཕྱོགས་སྐྱོང་དང་གཟའ་བཅུ་དཔག་ཏུ་མེད་པ་སྤྲོས་ནས་སློབ་མའི་མགྲིན་པར་ཐིམ་པར་གྱུར། རོལ་མོ་བྱ། དེ་ནི་གསུང་གི་རྗེས་སུ་གནང་བའོ། །ཡང་སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པའི་ཐུགས་ཀ་ནས་ཟད་པར་བཅུ་དང་ཁྲོ་བོ་བཅུ་དཔག་ཏུ་མེད་པ་སྤྲོས་ཏེ་སློབ་མའི་སྙིང་གར་ཐིམ་པར་གྱུར། རོལ་མོ་བྱ། དེ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །སླར་ཡང་སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པའི་ལྟེ་བ་ནས་ཁྲོ་བོ་རྡོ་རྗེ་ཤུགས་ཉིད་དཔག་ཏུ་མེད་པ་སྤྲོས་ཏེ་སློབ་མའི་ལྟེ་བར་ཐིམ་པར་གྱུར། རོལ་མོ་བྱ། དེ་ནི་ཡེ་ཤེས་ཀྱི་རྗེས་གནང་ངོ༌། །དེ་ནས་ཕྲིན་ལས་གཏོར་མའི་བཀའ་བསྒོ་བྱ་བ་ལ། གཏོར་མ་འདི་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་ཀྱིས་བསྐོར་བ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་བཅས་པར་གསལ་བ་སྤྱི་བོར་སྤྱན་དྲངས་ཏེ་ཕྲིན་ལས་གསོལ་བས་ཇི་ལྟར་སྨོན་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་ཡིད་བཞིན་དུ་སྩལ་ཅིང་འདོད་པའི་དོན་བདེ་བླག་ཏུ་སྒྲུབ་པར་མོས་ཤིག །ༀ་ཨཱཿ ཧཱུྃ། བཅོམ་ལྡན་འདས་དང་པོའི་སངས་རྒྱས། རྡོ་རྗེ་སེམས་དཔའ། དུས་ཀྱི་འཁོར་ལོ། ཤཱཀྱ་ཐུབ་པ། ཆོས་རྒྱལ། རིགས་ལྡན་ཉེར་ལྔ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དུས་ཞབས་པ་ཆེ་ཆུང༌། ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་ཨ་བྷཱ་ཡ་ཀ་ར། ལེགས་སྤྱོད། ཨཱ་ནནྡ། རཏྣ་རཀྵི་ཏ། བི་བྷཱུ་ཏི་ཙནྡྲ། མར་སྟོན་གཡང་འབར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་བ་ཆེན་པོ། འགའ་རོང་པ་ལྷའི་རྒྱལ་མཚན། རྗེ་བརྩོན་པ་བ། བདག་ཆེན་རྣམ་རྒྱལ་གྲགས་པ། ཤངས་སྟོན་ཀུན་དགའ་དཔལ་ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་ཤེས་རབ་བཀྲ་ཤིས། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚོ། གསང་བདག་སྒྲོལ་བའི་མགོན་པོ་ལ་སོགས་པ་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཡོངས་ཀྱི་དབང་ཕྱུག་རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཤུགས་འཇིགས་བྱེད་ཧེ་རུ་ཀ་དཔལ་ཆེན་པོ་དང༌། ཉིད་ཀྱི་ཡེ་ཤེས་རང་སྣང་ལས་བྱུང་བའི་རྡོ་རྗེའི་སྲུང་མ་དྲུག་ཅུའི་ཚོགས་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན་རླབས་ཡེ་ཤེས་ནུས་མཐུ་ཆེན་པོས། ཆྒཻ་འདི་རྣམས་ལ་སྲུང་བ་དང་སྦ་བ་དང་བྱིན་གྱིས་བརླབ་པར༴ ཀླུ་རྒྱལ་བཅུ་དང་འབྱུང་པོ་བཅུས་ལུས་ཀྱི་ཁམས་བྱིན་གྱིས་བརླབ་པར༴ གཟའ་མཆོག་བཅུ་དང་ཕྱོགས་སྐྱོང་བཅུས་ངག་གི་ཁམས་བྱིན་གྱིས་བརླབ་པར༴ ཟད་པར་བཅུ་དང་ཁྲོ་བོ་བཅུས་ཡིད་ཀྱི་ཁམས༴ ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱིས་ཡེ་ཤེས་ཀྱི་ཁམས༴ ཁམས་གསུམ་གྱི་བདུད་དང་ཉོན་མོངས་པའི་ཚོགས་ཀྱི་འཆིང་བ་རྩ་ལག་དང་བཅས་པ་གང་གིས་ཀྱང་བརྫི་མི་ནུས་པར༴ སྒོ་གསུམ་མི་ཕྱེད་རྡོ་རྗེ་ལྟ་བུར་བྱིན༴ རྡོ་རྗེའི་སློབ་མ་འདི༑ སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་གི་དངོས་གྲུབ་དམ་པ་ཐོབ་པའི་ཕྱིར། མཐར་ཐུག་བཞིའི་རབ་ཏུ་དབྱེ་བའི་བསྐྱེད་པའི་རིམ་པ་དང༌། རྡོ་རྗེ་བཞིའི་རྣལ་འབྱོར་ཟབ་མོ་མཐར་ཕྱིན་ཅིང་རིག་སྔགས་ཀྱི་མཆོག་གྲུབ་པར༴ རལ་གྲི་མིག་སྨན་རྐང་མགྱོགས་རིལ་བུ་བཅུད་ལེན་སོགས་དངོས་གྲུབ་ཕྲ་མོ་རྣམས་དང༌། འདོད་གཟུགས་ཀྱི་རིག་པ་འཛིན་པའི་དངོས་གྲུབ་དང༌། མི་འགྱུར་བའི་བདེ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྣམས་ཚེ་འདི་ལ་ཐོབ་པར༴ ཞི་རྒྱས་ལ་སོགས་པ་དགེ་བའི་ཕྲིན་ལས་དང༌། དབང་འགུགས་ལ་སོགས་པ་གང་འདུལ་གྱི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ། གསད་བཅད་ལ་སོགས་པ་དྲག་པོ་དང་རྨོངས་རེངས་ལ་སོགས་པ་རྣམ་པར་གནོན་པའི་ལས་ཐམས་ཅད་ཐོགས་མེད་དུ༴ འཁོར་ལོ་དྲུག་ཏུ་རླུང་སེམས་དབུ་མར་བཅིངས་ཁམས་དྲུག་སྒྲིབ་བྲལ་དུ་རྣམ་པར་དག་པའི་དྭངས་མ་རྡོ་རྗེའི་སྲོག་ཐོབ་ཅིང་རྒྱལ་བ་རིགས་དྲུག་གི་གོ་འཕང་མྱུར་དུ་ཐོབ་པར་མཛད་དུ་གསོལ། ༀ་ཨཱཿ ཧཱུྃ་ཧོཿ ཧྃ་ཀྵ་བཛྲ་བེ་ག་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཀཱ་ཡ་སིདྡྷི་ༀ། སོགས། སུ་པྲ་ཏིཥྛ་སོགས། ཛཿ ཧཱུྃ་བཾ་ཧོཿ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག ༑གསུམ་པ་རྗེས་རིམ་ནི། དེས་དཔལ་དུས་ཀྱི་འཁོར་ལོ་ཁྲོ་བོའི་དབང་པོའི་ཚུལ་བསྟན་པ་འཇིགས་བྱེད་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་དང་བཅས་པ་རྣམས་ཀྱི་རྗེས་གནང་ལེགས་པར་ཐོབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོའི་ཇི་ལྟར་བཀའ་སྩལ་སོགས་དང༌། གཏོང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་ཡོན་ཕུལ། དགེ་བ་བསྔོ། མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས། གོང་བཞིན་མཆོད་པ་བྱིན་གྱིས་བརླབས་ནས་ཕུལ། བསྟོད་པ་བྱ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་དང་སློབ་མར་བཅས་པ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། སརྦ་བྷཱུ་ཏ་གཙྪ། ཞེས་གཏོར་མགྲོན་རྣམས་གཤེགས། གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། གཙུག་ཏོར་དུ་ཨཾ་ཡིག་ལ་ཟད་པར་འཁོར་ལོ་རྣམས་གཤེགས་སུ་གསོལ། དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་གི་འཁོར་ལོ་རྣམས་གཤེགས་སུ་གསོལ། མགྲིན་པར་ར་ཡིག་ལ་གཟའི་འཁོར་ལོ་རྣམས་གཤེགས་སུ་གསོལ། སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར་ལོ་རྣམས་གཤེགས་སུ་གསོལ། ལྟེ་བར་ལ་ཡིག་ལ་འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། ཞེས་མདུན་བསྐྱེད་རྣམས་རང་ལ་བསྡུ། རང་ཡང་ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ལ་བསྡུས་ཏེ་ལྷའི་ང་རྒྱལ་ལམ་དུ་ཁྱེར། བསྔོ་བ་ནི། བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་བ་མཆོག་སྒོམ་སྟེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨོ་ལ་གཏུགས་ཤིང༌། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཅེས་སོགས་སྨོན་ལམ་གདབ་ཅིང་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་དོ། །བཅུ་དྲུག་འཇིགས་པས་མི་འཇིགས་ཤིང༌། །ས་སྟེང་བགེགས་རིགས་རྣམ་པར་ཉམས། །ཁམས་དྲུག་འགྱུར་བ་མེད་བསྲུངས་ནས། །རྒྱལ་བ་དྲུག་འདུས་སྐུ་ཐོབ་ཤོག །ཅེས་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ནང་ཚན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཆ་ལག་ཏུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་ཤངས་ཀྱི་ཟབ་ལུང་གཉིས་པར་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་ཕྱུང་བཀླགས་ཆོག་ཏུ་བགྱིས་པ་དགེ་ལེགས་འཕེལ།། །།