ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཁྲིད་ཡིག།

From Damngak Dzö
DNZ-14-PHA-010-001
Wylie title zab mo bdud kyi gcod yul gyi khrid yig DNZ-14-PHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 14, Text 10, Subtext 1, Pages 281-292 (Folios 1a1 to 6b6)
Author རང་བྱུང་རྡོ་རྗེ་
Citation Karmapa, 3rd (Rang byung rdo rje). Zab mo bdud kyi gcod yul gyi khrid yig. In Gdams ngag rin po che'i mdzod, Vol. 14: 281-292. Kalimpong: Rigpe Dorje Publications, 2024.
Side notes Recto: gcod khrid   Verso: zhi byed skor
More details More details
Genre Contemplative Guide Books and Instructional Manuals - khrid yig  ·  Severance Texts - gcod gzhung
Colophon

།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཅོད་ཀྱི་ཉམས་ལེན་མཐར་ཐུག་པ། བླ་མ་དམ་པ་རྣམས་ཀྱིས་མཛད་པ་དང༌། རང་གིས་ཉམས་སུ་མྱོང་བ་གཅིག་ཏུ་བསྡུས་པ། རང་བྱུང་རྡོ་རྗེ་ཞེས་བྱ་བས་ལྷ་སྟེང་གི་རི་ཁྲོད་དུ་སྦྱར་བའོ། །ཨྠིྀ།།

shes rab kyi pha rol tu phyin pa'i gcod kyi nyams len mthar thug pa/_bla ma dam pa rnams kyis mdzad pa dang /_rang gis nyams su myong ba gcig tu bsdus pa/_rang byung rdo rje zhes bya bas lha steng gi ri khrod du sbyar ba'o/_/a+thi+-i//

[edit]
༄༅། །ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཁྲིད་ཡིག་བཞུགས་སོ། །

ཀརྨ་པ་རང་བྱུང་རྡོ་རྗེས་མཛད།

༄༅། །ན་མོ་པྲཛྙཱ་པ་ར་མི་ཏ། སྤྲོས་པ་ཐམས་ཅད་ཉེར་ཞི་ཞིང༌། །སྲིད་ཞི་གཉིས་སུ་མི་འཇུག་པ། །མཐའ་བྲལ་དབུ་མའི་ལམ་སྟོན་པའི། །རྒྱལ་བའི་ཡུམ་ཁྱོད་ཕྱག་འཚལ་ནས། །ཐོག་མེད་དུས་ཀྱི་བག་ཆགས་ཀྱིས། །རབ་དཀྲིས་གཟུང་འཛིན་ཞེན་པའི་བདུད། །སྙེམས་བྲལ་དོན་གྱིས་གཅད་པའི་ཕྱིར། །གདམས་ངག་རྣམ་རྟོག་གཅོད་བྱེད་བྲི། །བདུད་གཅོད་པར་བྱེད་པའི་མན་ངག་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་དང༌། དངོས་གཞི། རྗེས་སོ། །དང་པོ་ནི། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མན་ངག་སྟེ་འདི་ཉམས་སུ་ལེན་པར་འདོད་པས། གནས་གང་ཡང་རུང་བར་ལུས་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅས་ནས། བདག་གིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་འགོད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་མན་ངག་ཉམས་སུ་བླང་སྙམ་དུ་བྱ་སྟེ། མདུན་གྱི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོས་རྡོ་རྗེ། གཡོན་དང་པོས་གླེགས་བམ། ཕྱག་འོག་མ་གཉིས་མཉམ་བཞག་མཛད་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ། དེའི་དབུའི་གཙུག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྤྲུལ་པའི་སྐུའི་ཆ་ལུགས་སུ་བསྒོམ་མོ། །དེའི་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལབ་སྒྲོན་མ་སོགས་པ་དབྱེར་མེད་པར་ཤིན་ཏུ་གསལ་བར་བསྒོམ་སྟེ། མཆོད་པ་དང་སྐྱབས་འགྲོ་ནི་གཉིས་ལས། དང་པོ་ཐུན་མོང་བ་ནི། མེ་ཏོག་ལ་སོགས་པའི་མཆོད་པ་བློས་སྤྲུལ་པ་ཇི་སྙེད་པ་དང༌། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་གནས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ཕུལ་དུ་བྱུང་བ་རྣམས་འབུལ་ལོ་སྙམ་དུ་བསམ་ཞིང༌། སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང༌། སྐྱབས་སུ་འགྲོ་བར་བསྒོམ་སྟེ། སྤྲོས་པ་ལ་དགའ་ན་ཡན་ལག་བདུན་པ་ཡང་བྱ། མི་དགའ་ན་ཡིད་ཀྱིས་བདག་གི་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་ལམ་བསྟེན་ནོ་སྙམ་པའི་འདུན་པས། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱབས་སུ་མཆིའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་ལས་གྲོལ་ནས་བདེ་བ་ཆེན་པོ་ལ་དགོད་པར་གྱུར་ཅིག་ཅེས་ལན་གསུམ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལུས་འབུལ་བ་སྟེ། རང་གི་ལུས་འདི་ཁ་ཟས་རོ་བརྒྱ་དང་ལྡན་པ་དཀར་ལ་ཟླུམ་པ་རི་རབ་ཙམ་དུ་བསམས་ཏེ། ཐོག་མར་མགོ་བོ་བཅད་ནས། བླ་མ་དང་དཀོན་མཆོག་ལ་འབུལ་ཞིང༌། དགྱེས་པ་དང་བཅས་པས་གསོལ་བར་བསམ། དེ་བཞིན་དུ་ཡན་ལག་དང་ཉིང་ལག་དང༌། དོན་སྣོད་ལ་སོགས་པ་ཐམས་ཅད་འབུལ་ཞིང༌། གཞན་ཡང་སྤྲོས་པ་ལ་དགའ་ན། དམ་པ་ཆོས་སྐྱོང་བ་རྣམས་དང་ལྷ་སྲིན་སྡེ་བརྒྱད་ལན་ཆགས། སྙིང་རྗེའི་མགྲོན་ཐམས་ཅད་ལ་སྦྱིན་ཞིང༌། སོ་སོའི་སྤྱོད་ཡུལ་དུ་ཅི་འདོད་པ་ཐམས་ཅད་བྱུང་བར་བསམ་ཞིང༌། དེ་ནས་བདག་མཆོད་པ་པོ་དང༌། མཆོད་བྱའི་ཡུལ་དང༌། མཆོད་རྫས་ལུས་ལ་སོགས་པ་ཐམས་ཅད་མི་དམིགས་ལ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ངང་དུ་མཉམ་པར་བཞག་གོ །འདི་ནི་དོན་དམ་པའི་སྐྱབས་འགྲོ་སྟེ། དེ་ལ་གནས་པ་ནི་སངས་རྒྱས་ཀྱི་དགོངས་པའོ༑ ༑འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མན་ངག་སྟེ་འདི་ལ་ནན་ཏན་དུ་བསྒོམ་པར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ་ལས། གང་ཟག་བློ་རབ་ལ་སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་གདམས་ངག །འབྲིང་ལ་ལུས་སེམས་དབྲལ་བའི་གདམས་ངག །ཐ་མ་ལ་ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར་བ་རྣམ་རྟོག་སྤྲོས་པའི་གཅོད་དང་གསུམ་མོ། །དེ་ལའང་དང་པོ་ནི། བདག་ཅག་རྣམས་འཁོར་བ་ཐོག་མ་མེད་པ་ནས་སྙེམས་བྱེད་ཀྱི་རྟོག་པ་འདི་མ་ཆོད་པས། འཁོར་འདས་སྤང་བླང་དུ་འཛིན་པའི་རྟོག་པ་ལ་བརྟེན་ནས་ཐོགས་བཅས་དབང་པོའི་ངོས་ལ་སྣང་བ། གཟུགས་སྒྲ་དྲི་རོ་རེག་བྱ་དང༌། ཐོགས་མེད་ཡིད་ཀྱི་བྱུང་ཚོར་བཟང་ངན་རྣམས་མ་རྟོགས་པས་འཆིང་བྱེད་དུ་གྱུར་ཅིང༌། དེའི་དབང་གིས་འཆི་བདག་དང༌། ཉོན་མོངས་པ་དང༌། ཕུང་པོའི་བདུད་དུ་གྱུར་ཅིང༌། ལམ་གྱི་ཡོན་ཏན་ཕྲ་བ་ལ་ཆགས་པས་དགའ་བྲོད་དུ་འཛིན་པ་ནི་ལྷའི་བུའི་བདུད་དེ། འདི་རྣམས་ཐམས་ཅད་ཡང་དག་པ་མ་ཡིན་པའི་རྟོག་པ་ལས་བྱུང་བར་ཤེས་ནས་དེའི་གཉེན་པོར། རྣམ་པར་རྟོག་པ་སྤྲོས་པ་མེད་པ། དོན་དམ་པ་ལ་ལྷ་དང་འདྲེའི་གནོད་བྱ་གནོད་བྱེད། བདག་དང་གཞན་དང་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་གྲུབ་པ་མེད་ཅིང༌། ཀུན་རྫོབ་ཏུ་ཡང་མི་རྟོག་པ། རང་བཞིན་མེད་བཞིན་དུ་སྣང་བ། དཔེར་ན་རྨི་ལམ་ལྟ་བུའོ། །ཞེས་ཤེས་པར་བྱས་ནས། མི་རྟོག་མི་དཔྱོད་མི་སྤྲོ་མི་བསྡུ་བར་བསྒོམ་པར་བྱའོ། །འདི་ལ་གནས་ན་སངས་རྒྱས་ཀྱི་དགོངས་པ་ཡིན་པར་མདོ་རྒྱུད་ཐམས་ཅད་ནས་གསུངས་སོ། །དེ་ནི་སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་གདམས་ངག་གོ །གཉིས་པ་ལུས་སེམས་ཕྲལ་བའི་མན་ངག་ནི་གཉིས་ལས། བྱིན་རླབས་ནམ་མཁའ་སྒོ་འབྱེད་ནི་གཞན་དུ་ཤེས་སོ། །རྒྱུན་དུ་བསྒོམ་པ་ནི། ལུས་གནད་ཅི་བདེའམ་ལངས་པ་ལ་སོགས་པ་བྱ་སྟེ། རང་གི་རྐང་མཐིལ་དུ་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་བྱ་སྒོང་ཙམ་ཞིག་བསྒོམ་སྟེ། དེ་རིམ་གྱིས་སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ནམ་མཁའ་ལ་བསྲེ་ཞིང་ཕཊ་ཅེས་བརྗོད་ནས། རྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པའི་ངང་དུ་སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང༌། རྣམ་པར་མི་རྟོག་པ་དེ་ལས་མ་གཡོས་པར་བྱའོ། །དེ་ནི་ལུས་སེམས་ཕྲལ་བའི་གདམས་ངག་གོ །ད་ནི་གསུམ་པ་ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར་བ་རྣམ་རྟོག་སྤྲོས་པའི་གཅོད་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གོ །དང་པོ་ནི། ལས་དང་པོ་བ་རྣམས་ཉམས་སུ་ལེན་པའི་ཚེ། ཡ་ང་བ་དང༌། བག་ཚ་བ་དང༌། ལྷ་འདྲེའི་རྟོག་པ་ལ་སོགས་པ་བྱུང་བའམ། ལུས་ལ་ཞེན་ཅིང་ཆགས་པ་བྱུང་ན་སྤྱི་གཟན་དུ་བསྐྱུར་བ་སྟེ། དེའང་རང་གི་ལུས་འདི་དཀར་ལ་ཟླུམ་པ། བློས་ཅི་ཙམ་ལྕོགས་པ་བསྒོམ་སྟེ། མདུན་དུ་བདག་ལ་གནོད་པར་བྱེད་པའི་མི་མ་ཡིན་པས་གཙོར་བྱས་པའི་སྡེ་བརྒྱད་ལན་ཆགས་ལ་སོགས་པ་ཐམས་ཅད་གསལ་བར་བསྒོམས་ཏེ་འདུན་པ་བྱ་བ་ནི། བདག་གིས་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པའི་དབང་གིས་ལུས་གྲངས་མེད་པ་བླངས་ཀྱང༌། དོན་མེད་ཁོ་ནར་གྱུར་ལ། ད་རེས་ཀྱང་ལུས་འདི་སྤྱི་བོའི་གཙུག་ནས་རྐང་མཐིལ་གྱི་བར་དུ། མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་ལས་གྲུབ་པ་མྱུར་དུ་འཇིག་པ་འདི་ལ། ད་རེས་སྙིང་པོ་བླང་བའི་ཕྱིར་དང༌། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ལུས་ཀྱི་སྦྱིན་པ་བྱའོ་སྙམ་དུ་བྱས་ནས། གདོན་དེ་རྣམས་ཀྱི་དཀྱིལ་དུ་རང་གི་མགོ་བོ་བཅད་དེ་བསྐྱུར་བར་བསམ། དེ་བཞིན་དུ་དོན་ལྔ་སྣོད་དྲུག །ཡན་ལག་དང་ཉིང་ལག་ལ་སོགས་པ་ཐམས་ཅད་བསྐྱུར་ནས་བཏང་བས། ཤ་ལ་དགའ་བ་ཤ་ཟོ། ཁྲག་ལ་དགའ་བ་ཁྲག་འཐུང༌། རུས་པ་དང༌། པགས་པ་དང༌། རྐང་དང༌། ཀླད་པ་དང༌། དབང་པོ། དོན་སྣོད་ལ་སོགས་པ་ལ་དགའ་བ་རྣམས་ལ་དེ་བྱིན་ནས་ཐོབ་པར་བསམས་ཏེ། དེ་ནས་སྦྱིན་པའི་ཡུལ། སྦྱིན་བྱེད་བདག །སྦྱིན་རྒྱུ་ལུས་ཐམས་ཅད་མི་དམིགས་པའི་ངང་དུ་མཉམ་པར་བཞག་གོ །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་སྟེ། སྡུད་པ་ལས། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །ཆོས་རྣམས་ཐམས་ཅད་སྟོང་ཞིང་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་ཡོངས་སུ་གཏོང་ལ་དགར་འགྱུར་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །ཞེས་སོ། །འདི་ནི་སྤྱི་གཟན་དུ་བསྐྱུར་བའོ། །བྱེ་བྲག་གཟན་དུ་བསྐྱུར་བ་ནི། ན་ཚ་ལ་སོགས་པ་གང་བྱུང་བ་དེ་དང་དེ་དམིགས་པས་བཅད་ཅིང་ལན་མང་དུ་བསྐྱུར་བའོ། །རྗེས་གནས་ལུགས་ཀྱི་སྟེང་དུ་གོང་ལྟར་བཞག་གོ །གཉིས་པ་དེའི་ཡན་ལག་ནི། བོགས་འདོན་པ་དང༌། ནད་གདོན་ལ་སོགས་པ་བར་ཆད་བསལ་བའི་ཕྱིར་གཉན་ཁྲོད་བསྐོར་ན། འཁྲུལ་གཅོད་དང་གནད་ཐེམས་བདུན་པ་ལས་འབྱུང་བ་བཞིན་ཉམས་སུ་བླང་སྟེ། དེ་ཡང་གནས་མི་མ་ཡིན་རྒྱུ་བའི་སའམ་འགྲོ་ས་དེར་འགྲོ་བའི་ཚེ། རབ་ཀྱིས་ས་སྲོས་ནས་ཚམ་ཚོམ་མེད་པར་འགྲོ། འབྲིང་གིས་ཉིན་པར་འགྲོ་ཞིང་གར་བདེར་བསྡད། ཐ་མས་ལེགས་པར་བརྟགས་ཏེ་བསྡད་པར་བྱའོ། །སྤྱིར་རྣམ་རྟོག་གིས་བདག་གཞན་དང༌། ལྷ་འདྲེ་དང་སྐྱོན་ཡོན་དུ་འཛིན་པ་མ་ཆོད་ན་གཉན་སར་ཕྱིན་ཡང་དགོས་པ་མེད་ལ། རྣམ་རྟོག་ཆོད་ན་གང་དུ་བསྡད་ཀྱང་འདྲ་མོད་ཀྱིས། འོན་ཀྱང་ལྷ་འདྲེ་གཏུམ་པོ་གནས་ས་དེ་རྣམས་སུ་ཕྱིན་པས། དེ་མ་བཟོད་དེ་ཁོ་ཟན་དུ་བྱས་ཀྱིས་དོགས་ནས་ཆོ་འཕྲུལ་དུ་མ་འབྱུང་སྟེ། དེ་ལ་རབ་ཀྱིས་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས་བདེན་མེད་དུ་བཞག །འབྲིང་གིས་ལུས་སེམས་དབྲལ། ཐ་མས་གཟན་དུ་བསྐྱུར་བ་གོང་བཞིན་བྱས་ནས་ཉམས་སུ་བླངས་པས། རྐྱེན་དངོས་གྲུབ་ཏུ་འགྱུར། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས། གང་ལ་ཡང་མི་འཇིགས་པའི་གདིང་ཐོབ་ནས། བདུད་སྲིད་དུ་ཆོད་ནས། ཉམས་སུ་ལེན་པ་ལ་བྲོད་པར་འགྱུར་ཏེ། དེའི་དུས་སུ་ཡང་དགའ་བ་དང་རློམ་སེམས་སུ་འཛིན་ན་སྨན་དུག་ཏུ་འགྱུར་བ་ཡིན་པས་གང་ལ་ཡང་སྤང་བླང་མེད་པར་བྱའོ། །ད་ནི་ཡན་ལག་དངོས་ལ་བཞི་སྟེ། ཆོ་འཕྲུལ་འབྱུང་ལུགས་དང༌། ཚར་ཚད་དང༌། འཕྲལ་གྱི་བར་ཆད་ཞི་བའི་ཐབས་དང༌། ཕྱིར་མི་ལྡོག་པའི་གདམས་ངག་གོ །དང་པོ་ནི། མང་པོ་བཤད་ཀྱང་གསུམ་དུ་འདུས་ཏེ། དངོས་དང༌། ཉམས་དང༌། རྨི་ལམ་མོ། །དངོས་ནི་མི་ལ་སོགས་པས་བདག་ལ་རྡེག་པ་དང༌། གཤེ་བ་ལ་སོགས་མི་རིགས་པ་བྱེད་པ་དང༌། དཔང་བསྟོད་པ་དང༌། བཀུར་སྟི་དང༌། ཡོན་ཏན་བརྗོད་པ་ལ་སོགས་པ་དང༌། སྟག་དང་སྤྱང་ཀི་ལ་སོགས་པ་འཇིགས་པ་སྟོན་པ་དང༌། ཐོག་དང༌། སེར་བ་དང༌། རླུང་དྲག་པོ་དང༌། མཛེ་རོ་ལ་སོགས་ཐམས་ཅད་དོ། །ཉམས་ནི་མི་འབྱུང་བ་མེད་དེ། འཇིགས་པ་དང༌། ཡ་ང་བ་དང༌། སྣང་བ་ལ་མེ་དང༌། ཆུ་དང༌། རླུང་དང༌། ས་འགུལ་བ་དང༌། ཤ་ཟ་སྲིན་པོ་ལ་སོགས་པ་རྣམས་ཏེ་བརྗོད་ཀྱིས་མི་ལང་ངོ༌། །གཞན་ཡང་ལྷ་དང་བླ་མ་དང་མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས་ལུང་སྟོན་པ་ལ་སོགས་པ་རྣམས་སོ། །རྨི་ལམ་ནི་དཔག་ཏུ་མེད་པས་འདིར་བྲིར་མི་ནུས་ཏེ། མདོར་ན་འདི་རྣམས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ་གཞན་ན་ཡོད་པ་མ་ཡིན་ནོ། །གཉིས་པ་ཚར་ཚད་ལ། གནས་སྐབས་ཀྱི་ཚར་ཚད་ནི། ཆོ་འཕྲུལ་ཞི་ནས་ཁམས་བདེ་བ། ཤེས་པ་གསལ་བ། མི་དང་མི་མ་ཡིན་པ་རྣམས་གུས་པས་འདུད་པ་ལ་སོགས་པ་རྣམས་སོ། །མཐར་ཐུག་གི་ཚར་ཚད་ནི། བྱུང་ཡང་སེམས་ཀྱི་ཆོ་འཕྲུལ་དུ་བྱུང༌། ཤེས་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས། བླ་མ་དང་སངས་རྒྱས་ལ་མོས་པ་སྐྱེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་འབྱུང༌། མཐར་ཐུག་སྤྲོས་པ་ཐམས་ཅད་དང་བྲལ་བ་རྒྱུད་ཐོག་ཏུ་སྐྱེས་ན་ཚར་བའི་ཚད་དོ། །གསུམ་པ་འཕྲལ་གྱི་བར་ཆོད་ཞི་བར་བྱ་བ་ནི། རབ་ལ་བར་ཆོད་མི་འབྱུང་ལ། འབྲིང་ལ་བྱུང་ཡང་བདེན་མེད་དུ་ཤེས་པས་གྲོལ་ལོ། །ཐ་མ་ལ་དང་པོ་སྒོམ་པའི་དུས། མི་ལ་སོགས་པས་སྒོམ་པའི་བར་ཆོད་བཟང་ངན་གང་གི་སྒོ་ནས་བྱེད་ཀྱང༌། དེ་ངོ་ཤེས་པས་དེའི་དབང་དུ་མ་སོང་བར་བྱ། འཇིགས་པ་ལ་སོགས་པ་བྱུང་ན་སུ་ལ་འཇིགས། ས་ལ་འཇིགས་སམ། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་ལ་འཇིགས། གལ་ཏེ་དེ་རྣམས་ལ་འཇིགས་ན། གང་ན་ཡང་དེ་རྣམས་མེད་པའི་ས་མེད་ལ། སེམས་ལ་གནོད་པ་བྱ་རྒྱུ་ནི་དོན་དམ་པར་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ལྟ་བུས་སྒྱུ་མ་ལྟ་བུ་ལ་གནོད་པ་བྱ་རྒྱུ་ག་ལ་ཡོད་ཅེས་ཉམས་མྱོང་གི་སྟེང་དུ་བཞག་པས་སེལ་ལོ། །གལ་ཏེ་ཉམས་མྱོང་ཡང་མེད་རེ་དོགས་དང་བཅས་པ་ཡོད་ན། དང་པོ་ནས་གཉན་ཁྲོད་བསྐོར་བར་མི་བྱ་སྟེ། གཞན་དགེ་སྦྱོར་ལ་བརྩོན་པར་བྱའོ། །སྤྱིར་གོང་གི་གཟན་བསྐྱུར་ལ་སོགས་པ་ཁོ་ནས་བར་ཆད་སེལ་ལོ། །བཞི་པ་ཕྱིར་མི་ལྡོག་པའི་གདམས་པ་ནི། དྲན་པ་ཁོ་ནས་ཆོག་སྟེ། དེ་ཡང་ངན་པ་ལ་ངན་པ་ཁོ་ནར་བཟུང་ན་ལྡོག །ཡུལ་རྐྱེན་ལ་སྐྲག་ནས་བྲོས་ན་ལྡོག །གནས་སྐབས་ཀྱི་ཚར་ཚད་ལ་དཀའ་བར་འཛིན་ན་ལྡོག་པས་གང་ལ་ཡང་བདེན་མེད་དུ་ཤེས་ནས་རྣམ་རྟོག་གི་དབང་དུ་མ་བཏང་བས་ཕྱིར་མི་ལྡོག་གོ །སྤྱིར་སངས་རྒྱས་ཀྱི་ལམ་དུ་མ་སོང་བ་ཐམས་ཅད་ལོག་པ་ཡིན་ལ། ལམ་དུ་སོང་ན་མ་ལོག་པ་ཡིན་ནོ། །ཁ་ཅིག་ན་རེ། ལག་ནོན་ལ་ཆུ་མིག་དཀྲུགས། ཤིང་བཅད། བྲག་བཤིག་ཟེར་ཏེ། གདོན་ཅན་ལ་སོགས་པ་རེ་རེ་ཙམ་ལ་ཅི་བྱས་ཀྱང་ཆོ་འཕྲུལ་མེད་ཅིང༌། སླར་ལ་ན་ཚ་དང་ཟུག་གཟེར་བྱུང་ན་བྱ་བ་མ་གཏོགས་པ། རྣལ་འབྱོར་པས་དོན་མེད་དུ་རྣམ་པ་ཐམས་ཅད་དུ་མི་བྱ་སྟེ། བྱས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འགལ་བས་སོ། །ད་ནི་གསུམ་པ་རྗེས་ལ་དམ་ཚིག་དང་ཕན་ཡོན་གཉིས་ལས། དམ་ཚིག་ནི༑ སྤྱིར་སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་མི་འགལ་བར་བྱ། གནས་སྐབས་ཀྱི་དམ་ཚིག་ནི། གཅོད་བྱེད་པའི་དུས་ན་ལྷ་མཆོད་དུ་མེད། འདྲེ་བརྡུང་དུ་མེད། མྱང་འདས་ལ་མི་རེ། འཁོར་བ་ལ་མི་དོགས། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་བྱ་བའོ། །ཕན་ཡོན་ནི། སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་ནི་གང་ཞིག་གུས་བཅས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཅོད་ཀྱི་ཉམས་ལེན་མཐར་ཐུག་པ། བླ་མ་དམ་པ་རྣམས་ཀྱིས་མཛད་པ་དང༌། རང་གིས་ཉམས་སུ་མྱོང་བ་གཅིག་ཏུ་བསྡུས་པ། རང་བྱུང་རྡོ་རྗེ་ཞེས་བྱ་བས་ལྷ་སྟེང་གི་རི་ཁྲོད་དུ་སྦྱར་བའོ། །ཨྠིྀ།།