བློ་སྦྱོང་ཞེན་པ་བཞི་བྲལ་གྱི་སྐོར།

From Damngak Dzö
DNZ-06-CHA-020
Wylie title blo sbyong zhen pa bzhi bral gyi skor DNZ-06-CHA-020.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 6, Text 20, Pages 393-454 (Folios 1a1 to 31b5)
Author སྣ་ཚོགས་
Citation 'jam mgon kong sprul, comp. Blo sbyong zhen pa bzhi bral gyi skor. In Gdams ngag rin po che'i mdzod, Vol. 6: 393-454. Kalimpong: Rigpe Dorje Publications, 2024. DNZ-Shechen-06-CHA-020.pdf
Shechen Publications, 1999
Side notes Recto: zhen pa bzhi bral   Verso: sa skya'i skor
More details More details
Genre Mind Training Texts - blo sbyong
Colophon
  • First colophon page 394: །ཞེས་གསུངས་པའི་དོན་ལ་དཔྱད་པས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཉམས་ལེན་ཐམས་ཅད་ཞེན་པ་བཞི་དང་བྲལ་བའི་བློ་སྦྱོང་དུ་འདུ་བར་དགོངས་ཏེ། ཆོས་ཐམས་ཅད་ལ་ངེས་ཤེས་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །ས་མཱཔྟ་མི་ཐཱི།
  • Second colophon page 399: །ཞེན་པ་བཞི་བྲལ་གྱི་གདམས་ངག་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བའོ།
  • Third colophon page 400: །ཞེན་པ་བཞི་བྲལ་གྱི་གདམས་ངག་ཕྱིན་ཅི་མ་ལོག་པ་དཔལ་ས་སྐྱ་པ་ཆེན་པོའི་ཐུགས་ཀྱི་དགོངས་པ་ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོ།
  • Fourth colophon page 403: །ཞེས་པ་རྣལ་འབྱོར་གྱི་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱི་གསུང་ཞེན་པ་བཞི་བྲལ་གྱི་གདམས་པ་ ཨྠིྀ། མངྒ་ལཾ།
  • Fifth colophon page 437: །ཞེས་པ་འདི་ནི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེ་དུ་མའི་དབང་ཕྱུག་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་བླ་མ་ཀུན་དགའ་ལེགས་པའི་གསུང་གིས་བསྐུལ་ནས། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོའི་ཞབས་ཀྱིས་ཞལ་སྔར་ཚར་གཉིས་མཉན་ཏེ། བླ་མ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་དགེ་སློང་ཀུན་དགའ་ལེགས་རིན་གྱིས་ཟིན་བྲིས་བྱས་ནས། སླར་ཡང་བླ་མ་ཆོས་ཀྱི་རྗེ་ལ་གཟིགས་པ་ཕུལ་ནས་དག་པར་བྱས་ཏེ་བཀོད་པའོ།
  • Sixth colophon page 454: ༑ཅེས་ཞེན་པ་བཞི་བྲལ་གྱི་ཁྲིད་འཆད་ཐབས་རང་བཟོས་གཞུང་ལུགས་རྙོག་པ་བགྲུངས་པའི་ཀེ་ཏ་ཀ་ཞེས་བྱ་བ་འདི་ནི། སློབ་དཔོན་རིན་པོ་ཆེ་དཔལ་ལྡན་བསོད་ནམས་རྩེ་མོའི་ཞབས་ཀྱི་ཆོས་ལ་འཇུག་པའི་སྒོ་དང༌༑ ངོར་ཆེན་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་པའི་ཆོས་འབྱུང་སོགས་ལ་ལེགས་པར་དཔྱད་དེ། དམིགས་མེད་ཐུགས་རྗེའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་ཐར་རྩེ་མཁན་ཆེན་ཡབ་སྲས་གཙོ་བོར་སྨོས་པའི་ཡོངས་འཛིན་ཆོས་བཞིན་སྤྱོད་ཅིང་ཆོས་བཞིན་ཏུ་འདོམས་པ་མང་པོའི་ཞབས་ཀྱི་རྡུལ་ཕྲེང་སྤྱི་བོར་བཀོད་པའི་བྱ་བྲལ་བ་འཁྱམས་པོ་ངག་དབང་ལེགས་གྲུབ་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་ཏུ་བྲིས་པའོ༑ ༑མངྒ་ལ་ཤྲཱི་ཛྭཱ་ལ་ཛམྦུ་དྭཱི་པ་མཎྜནྟུ།།
  • First colophon page 394: zhes gsungs pa'i don la dpyad pas/_pha rol tu phyin pa'i lam gyi nyams len thams cad zhen pa bzhi dang bral ba'i blo sbyong du 'du bar dgongs te/_chos thams cad la nges shes khyad par can thob pa yin no/_/sa mAp+ta mi thI/
  • Second colophon page 399: zhen pa bzhi bral gyi gdams ngag rnal 'byor pa grags pa rgyal mtshan gyis dpal sa skya'i dgon par sbyar ba'o/
  • Third colophon page 400: zhen pa bzhi bral gyi gdams ngag phyin ci ma log pa dpal sa skya pa chen po'i thugs kyi dgongs pa sa skya paN+Di tas mdzad pa rdzogs so/
  • Fourth colophon page 403: zhes pa rnal 'byor gyi dbang phyug grags pa rgyal mtshan gyi gsung zhen pa bzhi bral gyi gdams pa a+thi+-i/__mang+ga laM/
  • Fifth colophon page 437: zhes pa 'di ni lung dang mngon par rtogs pa'i yon tan rin po che du ma'i dbang phyug sngags 'chang rdo rje 'dzin pa chen po bla ma kun dga' legs pa'i gsung gis bskul nas/_chos kyi rje thams cad mkhyen pa kun dga' bzang po'i zhabs kyis zhal sngar tshar gnyis mnyan te/_bla ma de nyid kyi zhabs rdul spyi bos len pa dge slong kun dga' legs rin gyis zin bris byas nas/_slar yang bla ma chos kyi rje la gzigs pa phul nas dag par byas te bkod pa'o/
  • Sixth colophon page 454: ces zhen pa bzhi bral gyi khrid 'chad thabs rang bzos gzhung lugs rnyog pa bgrungs pa'i ke ta ka zhes bya ba 'di ni/_slob dpon rin po che dpal ldan bsod nams rtse mo'i zhabs kyi chos la 'jug pa'i sgo dang /_ngor chen 'jam pa'i dbyangs dkon mchog lhun grub kyis mdzad pa'i bstan pa'i chos 'byung sogs la legs par dpyad de/_dmigs med thugs rje'i gter chen chos kyi rgyal po e waM thar rtse mkhan chen yab sras gtso bor smos pa'i yongs 'dzin chos bzhin spyod cing chos bzhin tu 'doms pa mang po'i zhabs kyi rdul phreng spyi bor bkod pa'i bya bral ba 'khyams po ngag dbang legs grub kyis dpal e waM chos ldan tu bris pa'o/__/mang+ga la shrI dz+wA la dzam+bu dwI pa maN+Dan+tu//
Notes There are six texts included in this entry:
  1. zhen pa bzhi bral gyi rtsa tshig (p. 394)
  2. rje btsun grags pa rgyal mtshan gyis mdzad pa'i zhen pa bzhi bral (pp. 394-399)
  3. sa paN gyis mdzad pa'i zhen pa bzhi bral gyi gdams ngag (pp. 399-400)
  4. nub pa rig 'dzin grags kyis mdzad pa'i zhen pa bzhi bral (pp. 400-403)
  5. zhen pa bzhi bral gyi khrid yig rje bla ma A nan+da b+ha dra'i gsung bsgros (pp. 403-437)
  6. blo sbyong zhen pa bzhi bral gyi khrid yig byang sems kun dga' legs rin gyis mdzad pa'i 'chad thabs nor bu ke ta ka'i do shal (pp. 437-454)
[edit]
༄༅། །བློ་སྦྱོང་ཞེན་པ་བཞི་བྲལ་གྱི་སྐོར་བཞུགས་སོ། །

༄༅། །བླ་མ་ས་སྐྱ་པ་ཆེན་པོ་དགུང་ལོ་བཅུ་གཉིས་བཞེས་པའི་ཚེ། འཕགས་པ་འཇམ་པའི་དབྱངས་ཀྱི་སྒྲུབ་པ་ཟླ་བ་དྲུག་མཛད་པས། དུས་གཅིག་གི་ཚེ་འོད་ཚོགས་ཀྱི་དབུས་ན་རིན་པོ་ཆེའི་ཁྲི་གཅིག་གི་སྟེང་ན་རྗེ་བཙུན་འཇམ་དབྱངས་དམར་སེར་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་བཟང་པོའི་སྟབས་ཀྱིས་བཞུགས་པ། འཁོར་བྱང་སེམས་གཉིས་གཡས་གཡོན་ཏུ་གནས་པ་མངོན་སུམ་དུ་གཟིགས་ཏེ། གཙོ་བོའི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས་པའི་དོན་ལ་དཔྱད་པས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཉམས་ལེན་ཐམས་ཅད་ཞེན་པ་བཞི་དང་བྲལ་བའི་བློ་སྦྱོང་དུ་འདུ་བར་དགོངས་ཏེ། ཆོས་ཐམས་ཅད་ལ་ངེས་ཤེས་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །ས་མཱཔྟ་མི་ཐཱི། ༈ །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ་བཞུགས་སོ། །བཀའ་དྲིན་ཅན་གྱི་བླ་མ་དང༌། །ཐུགས་རྗེ་ཅན་གྱི་ཡི་དམ་ལྷ། །སྙིང་ནས་སྐྱབས་སུ་མཆི་ལགས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་མིན་གྱི་སྤྱོད་པ་དགོས་རྒྱུ་མེད། །ཆོས་བཞིན་སྒྲུབ་པར་བྱེད་པ་ལ། །ཞེན་པ་བཞི་བྲལ་གྱི་གདམས་ངག་འཚལ། །དེ་ཁྱེད་ཀྱི་སྙན་དུ་གསོལ་བར་བགྱི། །མཆོད་བརྗོད་དང༌། བཤད་པར་དམ་བཅའ་བ་བསྟན་ནོ། །ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན༑ ༑འཛིན་པ་བྱུང་ན་ལྟ་བ་མིན། །དང་པོ་ཚེ་འདིར་མ་ཞེན་པ། །ཚུལ་ཁྲིམས་དང་ཐོས་བསམ་སྒོམ་པ་གསུམ། །ཚེ་འདི་ལ་དམིགས་ནས་བསྒྲུབ་པ་དེ། །ཆོས་པ་མིན་གྱི་བཤོལ་ལ་ཞོག །ཐོག་མར་ཚུལ་ཁྲིམས་བཤད་ཙ་ན། །མཐོ་རིས་བསྒྲུབ་པའི་རྩ་བ་ཅན། །ཐར་པ་བསྒྲུབ་པའི་ཐེམ་སྐས་ཅན། །སྡུག་བསྔལ་སྤོང་བའི་གཉེན་པོ་ཅན། །ཚུལ་ཁྲིམས་ལ་མེད་ཐབས་མི་འདུག་སྟེ། །ཚེ་འདི་ལ་ཞེན་པའི་ཚུལ་ཁྲིམས་དེ། །ཆོས་བརྒྱད་བསྒྲུབ་པའི་རྩ་བ་ཅན། །ཚུལ་ཁྲིམས་ངན་ལ་གཤེ་བ་ཅན། །ཚུལ་ཁྲིམས་ལྡན་ལ་ཕྲག་དོག་ཅན། །རང་གི་ཚུལ་ཁྲིམས་ངོ་ཕག་ཅན༑ ༑ངན་འགྲོ་བསྒྲུབ་པའི་ས་བོན་ཅན། །བཅོས་མའི་ཚུལ་ཁྲིམས་བཤོལ་ལ་ཞོག །ཐོས་བསམ་བྱེད་པའི་གང་ཟག་དེ། །ཤེས་བྱ་བསྒྲུབ་པའི་ལོངས་སྤྱོད་ཅན། །མ་རིག་སེལ་བའི་སྒྲོན་མེ་ཅན། །འགྲོ་བ་འདྲེན་པའི་ལམ་རྒྱུས་ཅན། །ཆོས་ཀྱི་སྐུ་ཡི་ས་བོན་ཅན། །ཐོས་བསམ་ལ་མེད་ཐབས་མི་གདའ་སྟེ། །ཚེ་འདི་ལ་ཞེན་པའི་ཐོས་བསམ་དེ། །ང་རྒྱལ་བསྒྲུབ་པའི་ལོངས་སྤྱོད་ཅན། །ཐོས་བསམ་དམན་ལ་བརྙས་པ་ཅན། །ཐོས་བསམ་ལྡན་ལ་ཕྲག་དོག་ཅན། །འཁོར་དང་ལོངས་སྤྱོད་འཚོལ་བ་ཅན། །ངན་འགྲོ་བསྒྲུབ་པའི་རྩ་བ་ཅན། །ཆོས་བརྒྱད་ཀྱི་ཐོས་བསམ་བཤོལ་ལ་ཞོག །སྒོམ་པ་བགྱིད་པའི་གང་ཟག་ཀུན། །ཉོན་མོངས་སྤོང་བའི་གཉེན་པོ་ཅན། །ཐར་ལམ་བསྒྲུབ་པའི་རྩ་བ་ཅན། །སངས་རྒྱས་བསྒྲུབ་པའི་ས་བོན་ཅན། །སྒོམ་པ་ལ་མེད་ཐབས་མི་འདུག་སྟེ། །ཚེ་འདི་ལ་དམིགས་པའི་བསྒོམ་པ་དེ། །དབེན་པར་བསྡད་ཀྱང་འདུ་འཛི་ཅན། །ལོང་གཏམ་སྨྲ་བའི་ཁ་ཏོན་ཅན། །ཐོས་བསམ་བྱེད་ལ་བསྐུར་པ་ཅན། །སྒོམ་པ་གཞན་ལ་ཕྲག་དོག་ཅན། །རང་གི་སྒོམ་པ་རྣམ་གཡེང་ཅན། །ཆོས་བརྒྱད་ཀྱི་བསམ་གཏན་བཤོལ་ལ་ཞོག །འདི་ཡན་ཆད་ཀྱིས། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པའི་དོན་ལ་ཡང་དག་དང་ལྟར་སྣང་གི་དབྱེ་བ་དངོས་སུ་བསྟན་ནོ། །དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་པ་བསྒོམ་ཚུལ་ཤུགས་ལ་བསྟན་ནོ། །མཆན། མྱ་ངན་འདས་པ་བསྒྲུབ་པ་ལ། །ཁམས་གསུམ་གྱི་ཞེན་པ་སྤོང་ཡང་འཚལ། །ཁམས་གསུམ་གྱི་ཞེན་པ་སྤོང་བ་ལ། །འཁོར་བའི་ཉེས་པ་དྲན་པར་འཚལ། །དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་དེ། །ངན་སོང་གསུམ་གྱི་སྡུག་བསྔལ་ཡིན། །དེ་ལེགས་པར་བསམ་ན་སྐྱི་ཤ་འབུང༌། །ཐོག་ཏུ་བབས་ན་སྲན་ཐབས་མེད། །སྤོང་བའི་དགེ་བ་མི་བསྒྲུབ་པར། །ངན་སོང་གི་སོ་ནམ་བྱེད་བྱེད་པ། །དེ་གང་ན་འདུག་ཀྱང་ཐེ་ལེ་ལེ། །འགྱུར་བའི་སྡུག་བསྔལ་བསམ་ཙ་ན། །མཐོ་རིས་ངན་འགྲོར་འགྲོ་བ་ཡོད། །བརྒྱ་བྱིན་ཐ་མལ་དུ་སྐྱེ་བ་ཡོད། །ཉི་ཟླ་མུན་པར་འགྲོ་བ་ཡོད། །བསྒྱུར་རྒྱལ་བྲན་ཏུ་སྐྱེ་བ་ཡོད། །དེ་ལུང་ལ་བརྟེན་ནས་ཡིད་ཆེས་ཀྱང༌། །ཕལ་པས་རྟོགས་པར་མི་ནུས་པས། །རང་སྣང་མི་ཡི་འགྱུར་བ་ལྟོས། །མི་ཕྱུག་པོ་སྤྲང་པོར་འགྲོ་ཡིན་འདུག །ཁ་དྲག་པོ་ཞན་པོར་འགྲོ་ཡིན་འདུག །མི་མང་པོ་གཅིག་ཏུ་འགྲོ་ཡིན་འདུག །དེ་ལ་སོགས་པ་བསམ་མི་ཁྱབ། །འདུ་བྱེད་ཀྱི་སྡུག་བསྔལ་བསམ་ཙ་ན། །བྱ་བའི་ལས་ལ་ཟིན་པ་མེད། །མི་མང་ཡང་སྡུག་ལ་ཉུང་ཡང་སྡུག །ནོར་ཕྱུག་ཀྱང་སྡུག་སྟེ་ལྟོག་ཀྱང་སྡུག །མི་ཚེ་ཐམས་ཅད་གྲབས་ལ་ཟད། །གྲབས་བྱེད་པའི་འཕྲོ་ལ་ཐམས་ཅད་འཆི། །ཤི་ཡང་གྲབས་ལ་ཟིན་པ་མེད། །ཚེ་ཕྱི་མའི་གྲབས་ཀྱི་མགོ་ལ་འཇུ། །འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ལ། །ཞེན་པར་བྱེད་རྣམས་ཐེ་ལེ་ལེ། །འདི་ཡན་ཆད་ཀྱིས་འཁོར་བའི་ཉེས་དམིགས་དངོས་སུ་བསྟན་ནས། ལས་འབྲས་ཀྱི་བླང་དོར་ཤུགས་ལ་བསྟན་ནོ། །མཆན། ཞེན་པ་བྲལ་ན་མྱ་ངན་འདས། །མྱ་ངན་འདའ་ན་བདེ་བ་ཐོབ། །ཞེན་པ་བཞི་བྲལ་ཉམས་ཀྱི་དབྱངས། །བདག་གཅིག་པུར་ཐར་བས་ཕན་རྒྱུ་མེད། །ཁམས་གསུམ་སེམས་ཅན་ཕ་མ་ཡིན། །ཕ་མ་སྡུག་བསྔལ་གྱི་གསེབ་ཏུ་བཞག །བདག་བདེ་བར་འདོད་པ་ཐེ་ལེ་ལེ། །ཁམས་གསུམ་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་བསོད་ནམས་ཐམས་ཅད་སེམས་ཅན་ཁྱེར། །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །སེམས་ཅན་ཐམས་ཅད་སངས་རྒྱས་ཤོག །འདི་ཡན་ཆད་ཀྱིས་རྒྱུ་བྱམས་པ་དང་སྙིང་རྗེ་བསྒོམས་པ་ཤུགས་ལ་བསྟན་ནས། འབྲས་བུ་བདག་གཞན་བརྗེ་བ་དངོས་སུ་བསྟན་ནོ། །མཆན། བདག་ཇི་ལྟར་འདོད་ཀྱང་ཆོས་ཉིད་ཀྱི་ངང༌། །འཛིན་དང་བཅས་ལ་གྲོལ་བ་མེད། །དེ་ཡང་ཞིབ་ཏུ་བཤད་ཙ་ན། །ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད༑ ༑གཉིས་ཀར་འཛིན་པ་མི་ཤེས་པས། །གཉིས་མེད་ཀྱི་ངང་ལ་གང་དགར་ཞོག །འདི་ཡན་ཆད་ཀྱིས་རྟག་ཆད་ཀྱི་ལྟ་བ་སྤངས་ནས་ཟུང་འཇུག་གཉིས་མེད་ལ་བློ་འཇོག་ཚུལ་སྤྱིར་བསྟན་ནོ། །མཆན། ཆོས་ཀུན་སེམས་ཀྱི་སྤྱོད་ཡུལ་ཡིན། །ཕྱྭ་དང་དབང་ཕྱུག་ལ་སོགས་པ། །འབྱུང་བཞིའི་བྱེད་མཁན་མ་ཚོལ་བར། །སེམས་ཉིད་ཀྱི་ངང་ལ་གང་དགར་ཞོག །འདི་ཡན་ཆད་ཀྱིས་བྱང་སེམས་སེམས་ཙམ་པ་དང་ཐུན་མོང་བའི་ལམ་རིམ་བསྟན་ནས། ཐེག་ཆེན་དབུ་མ་པའི་ཐུན་མོང་མ་ཡིན་པའི་ལམ་ནི། མཆན། སྣང་བ་སྒྱུ་མའི་རང་བཞིན་དང༌། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། །གནས་ལུགས་བརྗོད་པར་མི་ཤེས་ཀྱིས། །བརྗོད་བྲལ་གྱི་ངང་ལ་གང་དགར་ཞོག །འདི་ཡན་ཆད་ཀྱིས་ཞི་གནས་བསྒོམ་ཚུལ་ཤུགས་ལ་བསྟན་ནས། ལྷག་མཐོང་བསྒོམ་ཚུལ་ལ། ཡུལ་སྣང་སེམས་སུ་བསྒྲུབ་པ་དང༌། དེ་སྒྱུ་མར་བསྒྲུབ་པ་དང་། དེ་རང་བཞིན་མེད་པ། རྟེན་འབྲེལ་དང༌། བརྗོད་བྲལ་དུ་གཏན་ལ་ཕབ་ནས། སྤྲོས་བྲལ་ཟུང་འཇུག་བསྒོམ་པ་དངོས་སུ་བསྟན་ནོ། །མཆན། ཞེན་པ་བཞི་བྲལ་བཤད་པ་ཡི། །དགེ་བ་འདི་ཡི་བསོད་ནམས་ཀྱིས། །འགྲོ་བ་བདུན་པོ་མ་ལུས་པ། །སངས་རྒྱས་ས་ལ་འགོད་པར་ཤོག །འདིས་བསྔོ་བ་དང་འབྲས་བུ་བསྟན་ནོ། །ཞེན་པ་བཞི་བྲལ་གྱི་གདམས་ངག་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བའོ༑ ༈ ༑ས་པཎ་གྱིས་མཛད་པའི་ཞེན་པ་བཞི་བྲལ་གྱི་གདམས་ངག་གོ །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་དལ་འབྱོར་གྱི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འཕྲད། བཅོས་མ་མ་ཡིན་པའི་བློ་སྐྱེས་ནས་དམ་ཆོས་ཕྱིན་ཅི་མ་ལོག་པ་ཅིག་བྱེད་དགོས། དེ་ལ་ཞེན་པ་བཞི་དང་བྲལ་བ་ཅིག་ཉམས་སུ་ལེན་དགོས། དེ་གང་ཞེ་ན། ཚེ་འདི་ལ་མ་ཞེན་པ། ཁམས་གསུམ་འཁོར་བ་ལ་མ་ཞེན་པ། བདག་གི་དོན་ལ་མ་ཞེན་པ༑ དངོས་པོ་དང་མཚན་མ་ལ་མ་ཞེན་པའོ། །དེ་བཤད་ན། ཚེ་འདི་ཆུའི་ཆུ་བུར་དང་འདྲ་བས་ནམ་འཆི་ངེས་པ་མེད་པས་ཞེན་པ་བྱ་རིན་མི་ཆོག །ཁམས་གསུམ་འཁོར་བ་འདི་དུག་གི་འབྲས་བུ་དང་འདྲ་བས། འཕྲལ་ཞིམ་ཡང་ཕུགས་སུ་གནོད་པ་སྐྱེལ། སུ་ཞེན་པར་བྱེད་པ་ཚོ་འཁྲུལ། རང་གི་དོན་ལ་ཞེན་ན་དགྲའི་བུ་གསོས་པ་དང་འདྲ། འཕྲལ་དགའ་དགའ་ལྟར་བྱེད་ཀྱང༌ཕུགས་སུ་རང་ལ་གནོད་པ་སྐྱེལ་ངེས། དེས་ན་རང་དོན་ལ་ཞེན་ན་འཕྲལ་བདེ་ཡང༌། ཕུགས་ངན་སོང་དུ་འགྲོའོ། །དངོས་པོ་དང་མཚན་མ་ལ་མངོན་པར་ཞེན་ན། སྨིག་རྒྱུ་ལ་ཆུར་འཛིན་པ་དང་འདྲ། འཕྲལ་ཆུར་སྣང་ཡང་བཏུང་རྒྱུ་མེད། འཁོར་བ་འདི་བློ་འཁྲུལ་པ་ལ་སྣང་ཡང༌། ཤེས་རབ་ཀྱིས་བརྟགས་ན་ངོ་བོར་གྲུབ་པ་ཅི་ཡང་མེད། དེས་ན་འདས་པ་ལ་སེམས་མི་གཞུག །མ་འོངས་པ་ལ་སེམས་མི་གཞུག །ད་ལྟར་བ་ལ་རྣམ་པར་ཤེས་པ་མི་གཞུག་པ་ཅིག་གོ་བར་བྱས་ནས། ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པར་བྱའོ། །དེ་ལྟར་བྱས་པས་ཚེ་འདི་ཉིད་ལ་མ་ཞེན་པས་ངན་སོང་དུ་མི་སྐྱེ། ཁམས་གསུམ་འཁོར་བ་ལ་མ་ཞེན་པས་འཁོར་བར་མི་སྐྱེ། བདག་གི་དོན་ལ་མ་ཞེན་པས་ཉན་རང་དུ་མི་སྐྱེ། དངོས་པོ་དང་མཚན་མ་ལ་མ་ཞེན་པས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱའོ། །ཞེན་པ་བཞི་བྲལ་གྱི་གདམས་ངག་ཕྱིན་ཅི་མ་ལོག་པ་དཔལ་ས་སྐྱ་པ་ཆེན་པོའི་ཐུགས་ཀྱི་དགོངས་པ་ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོ། ༈ །ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་ཞེན་པ་བཞི་བྲལ་བཞུགས་སོ། །ན་མོ་གུ་རུ། རྗེ་བཙུན་ཆེན་པོ་ས་སྐྱ་པའི་ཞལ་ནས། མྱ་ངན་འདས་པའི་བདེ་བ་ཆེན་པོ་མཆོག་དོན་ཏུ་གཉེར་བར་འདོད་པ་རྣམས་ཀྱིས། ཞེན་པ་བཞི་དང་བྲལ་དགོས་ཏེ། དེ་ལ་ཞེན་པ་བཞི་ནི། ཚེ་འདི་ལ་ཞེན་པ། ཁམས་གསུམ་འཁོར་བ་ལ་ཞེན་པ། བདག་གི་དོན་ལ་ཞེན་པ། དངོས་པོ་དང་མཚན་མ་ལ་ཞེན་པའོ། །དེའི་གཉེན་པོའང་བཞི་སྟེ། ཞེན་པ་དང་པོའི་གཉེན་པོར་འཆི་བ་མི་རྟག་པ་བསྒོམ་པ། གཉིས་པའི་གཉེན་པོར་འཁོར་བའི་ཉེས་དམིགས་དྲན་པ། གསུམ་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་དྲན་པ། བཞི་པའི་གཉེན་པོར་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་བདག་མེད་པར་དྲན་པའོ༑ ༑དེ་ལྟར་དྲན་ཞིང་གོམས་པར་བྱས་པས་འབྲས་བུ་བཞི་འབྱུང་སྟེ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། དེ་ལྟར་ཤེས་ཤིང་གོམས་པའི་འབྲས་བུ་འཁྲུལ་སྣང་གནས་གྱུར་ཡེ་ཤེས་ཕུན་སུམ་ཚོགས་པའི་སངས་རྒྱས་འབྱུང་ངོ༌། །དེ་ལ་དང་པོར་ཚེ་འདི་ལ་ཞེན་པའི་གཉེན་པོར་འཆི་བ་མི་རྟག་པ་དྲན་པ་ནི། ནམ་འཆི་ཆ་མེད་པར་བསམ། འཆི་རྐྱེན་མང་བར་བསམ། འཆི་བ་ལ་ཅིས་ཀྱང་མི་ཕན་པ་རྒྱས་པར་བསམ་མོ། །དེ་ལྟར་བསམ་པ་གཅིག་སྐྱེས་ན། སྙིང་ནས་ཆོས་གཅིག་བྱེད་འདོད་འོང་སྟེ། དེའི་དུས་ན་ཆོས་ཆོས་སུ་འགྲོ་བ་ཡིན་ནོ། །དེ་ནས་ཁམས་གསུམ་འཁོར་བ་ལ་ཞེན་པའི་གཉེན་པོར་འཁོར་བའི་ཉེས་དམིགས་དྲན་པ་ནི། དེ་ལྟར་ཚེ་འདི་ལ་ཞེན་པ་ལ་ཉེས་པ་དེ་ལྟར་འདུག་ཀྱང༌། གཞན་འཁོར་ལོས་སྒྱུར་བ་དང༌། ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པ་ཀུན་བདེ་བ་མཆོག་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་རྣམས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་སྟེ། དེ་རྣམས་ཀྱི་ཚེ་དང་ལོངས་སྤྱོད་བསྐལ་པ་དུ་མར་གནས་ཤིང་རྒྱས་ཀྱང་། མཐར་འཆི་ཞིང་འཇིག་སྟེ་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བའི་ཉེན་ཡོད་པས་ན། དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་སྙམ་དུ་བསམ་ཞིང༌། གོམས་པ་ན་ཆོས་ལམ་དུ་འགྲོ་བ་ཅིག་ཡོད་དེ། ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་འདུག་པས། མྱ་ངན་ལས་འདས་པའི་བདེ་བ་ཅིག་རང་དགོས་སྙམ་པའི་བློ་སྐྱེ་ཞིང༌། ལམ་ཐམས་ཅད་དེའི་དོན་ཏུ་བསྒྲུབ་པ་ཅིག་འོང་ངོ༌། །དེ་ལྟར་རྒྱུད་ལ་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་དང་མི་ལྡན་པའི་བདག་གཅིག་པུ་བདེ་བ་དོན་དུ་གཉེར་ན། དགྲ་བཅོམ་པའམ་རང་སངས་རྒྱས་སུ་འགྱུར་བས་ན། བདག་གི་དོན་ལ་ཞེན་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་དྲན་པ་ནི། དེ་ལྟར་ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་འདི་ལས་བདག་གཅིག་པུ་གྲོལ་བས་མི་ཕན་ཏེ། སེམས་ཅན་འདི་རྣམས་རེ་རེ་ནས་བདག་གི་ཕ་དང་མ་མ་བྱས་པ་མེད་པས། འདི་རྣམས་ཀྱིས་མྱ་ངན་ལས་འདས་པའི་བདེ་བ་མཆོག་ཐོབ་ན། བདག་བསྐལ་པ་ནས་བསྐལ་པའི་བར་དུ་དམྱལ་བའི་སེམས་ཅན་ཏུ་སྐྱེས་ཀྱང་སླའི་སྙམ་པའི་བློ་གོམས་ཤིང་སྐྱེས་ཙམ་ན། ལམ་གྱི་འཁྲུལ་པ་དང་པོ་བདག་གི་དོན་ལ་ཞེན་པ་སེལ་བ་ཡིན་ནོ། །དེ་ལྟར་སྐྱེས་ཤིང་གོམས་ཀྱང་བདེན་འཛིན་དང་བཅས་པར་གྱུར་ན་ཐམས་ཅད་མཁྱེན་པ་མི་ཐོབ་པས། དངོས་པོ་དང་མཚན་མར་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་བདག་མེད་པར་དྲན་དགོས་ཏེ། དེ་ཡང་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པའི་རང་བཞིན་ཡིན་པ་ལ། བདེན་འཛིན་བྱུང་ན་རྟག་ལྟ་ཡིན་ལ། སྟོང་པར་ཞེན་ན་ཆད་ལྟ་ཡིན་ལ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡིད་ལ་བྱའོ། །དེ་ཡང་བདག་གི་རྨི་ལམ་དང་སྣང་བ་བསྲེས་ཤིང་བསྒོམས་པས་རྨི་ལམ་མི་བདེན་པ་བཞིན་ཏུ་སྣང་བ་ཡང་མི་བདེན། མི་བདེན་བཞིན་དུ་སྣང་བ་ཡིན་སྙམ་དུ་ཡང་ཡང་དྲན་ཞིང་བསྒོམ་པ་ན། ལམ་གྱི་འཁྲུལ་པ་གཉིས་པ་དངོས་པོ་དང་མཚན་མར་ཞེན་པ་སེལ་བ་ཡིན་ནོ། །དེ་ལྟར་འཁྲུལ་པ་ཐམས་ཅད་བསལ་ཞིང་མཐར་ཕྱིན་པ་ན། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞེས་བྱ་བ་འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདེ་བའི་མཆོག་འབྱུང་བར་འགྱུར་རོ། །ཞེས་པ་རྣལ་འབྱོར་གྱི་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱི་གསུང་ཞེན་པ་བཞི་བྲལ་གྱི་གདམས་པ་ ཨྠིྀ། མངྒ་ལཾ། ༈ །ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་རྗེ་བླ་མ་ཨཱ་ནནྡ་བྷ་དྲའི་གསུང་སྒྲོས་བཞུགས་སོ། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འོ་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ལ་དེའི་དོན་ཉམས་སུ་བླང་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་ཆོས་ཉན་པའི་ཀུན་སྤྱོད་རྣམས་གསལ་བཏབ་ནས་གསན་པར་ཞུ། འདིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ། སངས་རྒྱས་ཀྱི་གསུང་རབ་ཟབ་མོ་མདོ་སྡེ་ཐམས་ཅད་ཀྱི་ཉམས་ལེན་གྱི་གནད་ཕྱོགས་གཅིག་ཏུ་བསྡུས་པ། ཞེན་པ་བཞི་བྲལ་གྱི་མན་ངག་ཉམས་སུ་ལེན་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་བླ་མ་བརྒྱུད་པའི་ལོ་རྒྱུས་དང༌། གདམས་ངག་དངོས་གཉིས་སོ། །དང་པོ་ནི། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ས་སྐྱ་པ་ཆེན་པོ། དགུང་ལོ་བཅུ་གཉིས་བཞེས་པའི་དུས། སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བ་བླ་མར་བསྟེན་ཏེ་ཆོས་གསན་པས། བླ་མའི་གསུང་གིས་ཁྱོད་ཕ་ཇོ་སྲས་ཙམ་གྱི་བུ་ཡིན་པས་སློབ་གཉེར་བྱེད་དགོས་ཤིང༌། དེ་ལ་ཤེས་རབ་དགོས་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྒྲུབ་པ་གྱིས་གསུངས་ནས། འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་དང་ལུང་གནང་ཞིང༌། བླ་མས་ཀྱང་བསྒྲུབ་པའི་གྲོགས་མཛད་ནས་བླ་བྲང་རྙིང་མར་བསྒྲུབ་པ་མཛད་པས། བར་ཆད་ཀྱི་ཆོ་འཕྲུལ་ཅུང་ཟད་བྱུང་བ་ལ། མི་གཡོ་བ་སྔོན་པོའི་བསྒོམ་བཟླས་དང༌། ཆུ་བསྲུང་གི་སྒོ་ནས་བཟློག་པ་མཛད་ཅིང༌། ཟླ་བ་དྲུག་བསྒྲུབས་པས་དུས་གཅིག་གི་ཚེ་འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཁྲིའི་སྟེང་ན་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའ་གཉིས་དང་བཅས་པ་མངོན་སུམ་དུ་ཞལ་གཟིགས་ཏེ། དེའི་ཚེ་འཕགས་པ་འཇམ་དཔལ་གྱི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་པའི་ཚིག་རྐང་བཞི་པོ་འདི་གསུངས། དེའི་དོན་ལ་ཐུགས་བསམ་མཛད་པས། སངས་རྒྱས་ཀྱི་གསུང་མདོ་སྡེ་ཐམས་ཅད་ཀྱི་ཉམས་ལེན་འདིར་འདུས་ཤིང་ཟབ་པར་དགོངས་ནས་ཐུགས་ཉམས་སུ་བཞེས་སོ། །དེས་སློབ་དཔོན་རིན་པོ་ཆེ་ལ་གནང༌། དེས་རྗེ་བཙུན་རིན་པོ་ཆེ་ལ། དེས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ལ། དེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ། དེས་ཞང་དཀོན་མཆོག་དཔལ་བ་ལ། དེས་རྒྱལ་བ་བྲག་ཕུག་པ་ལ། དེས་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ལ། དེས་བླ་མ་དཔལ་ལྡན་ཚུལ་ཁྲིམས་ལ། དེས་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ། དེས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཀུན་དགའ་བཟང་པོ་ལ་གནང་ངོ༌། །གཉིས་པ་མན་ངག་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་དང་པོ་ལ་གཉིས་ལས། སྐྱབས་འགྲོ་ནི་ཐེག་ཆེན་གྱི་སྐྱབས་འགྲོ་ཁྱད་པར་བཞི་ལྡན་ཏེ། དེའང་སྐྱབས་སུ་འགྲོ་བའི་ཚུལ་ནི། ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་ཅིང༌། སྐྱོན་གྱི་རྣམ་པ་གང་ཡང་མེད་པའི་གང་ཟག་ཟླ་མེད་པ་སངས་རྒྱས་དཀོན་མཆོག །དེའང་བྱང་སེམས་ཕྱིར་མི་ལྡོག་པ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ལུང་དང་རྟོགས་པའི་ཆོས་ཇི་ལྟ་བ་དང་ཇི་སྙེད་པ་ཆོས་དཀོན་མཆོག །དེ་དག་ཚུལ་བཞིན་ཏུ་བསྒྲུབ་པའི་བྱང་སེམས་ཕྱིར་མི་ལྡོག་པ་དགེ་འདུན་དཀོན་མཆོག་སྟེ་དེ་ལ་སྐྱབས་སུ་འགྲོ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། གང་ཟག་བདག་གཅིག་པུ་སྐྱབས་སུ་འགྲོ་བ་མ་ཡིན་གྱི། ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ནས་སྐྱབས་སུ་འགྲོ་བས་དེའི་དོན་དྲན་ཅིང་མ་ཡེངས་པའི་སྒོ་ནས་ངག་ཏུ། བདག་གཞན་མར་གྱུར་ནམ་མཁའི་མཐས་གཏུགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ལུང་རྟོགས་བདག་ཉིད་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །རྒྱལ་སྲས་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་བྱིན་གྱིས་རླབས་ཀྱིས། བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ༴ ལམ་འཁྲུལ་པ་སེལ༴ འཁྲུལ་སྣང་ཡེ་ཤེས་སུ་འཆར༴ བློ་ལ་ཆོས་མ་ཡིན་པའི་རྣམ་པར་རྟོག་པ་སྐད་ཅིག་ཀྱང་མི་སྐྱེ་བར༴ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །གཉིས་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་སྨོན་པ་དང༌། དེའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཟབ་མོ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་སྟེ། སྨོན་འཇུག་གི་སེམས་བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་ནི། ཉམས་སུ་ལེན་པ་ལ་ལུས་རྡོ་རྗེ་སྐྱིལ་ཀྲུང་ངམ། ཇི་ལྟར་བདེ་བར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་སོང་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་པའི་དོན་ཚེ་འདི་ལ་མ་ཞེན་པ་ཅིག་དགོས་ཀྱི། ཞེན་ན་སྨིག་རྒྱུ་ལ་ཆུར་ཞེན་ཀྱང༌སྐོམ་པ་སེལ་བའི་དོན་མི་བྱེད་པ་ལྟར་ཚུལ་ཁྲིམས་དང་ཐོས་བསམ་བསྒོམ་གསུམ་ཅི་བྱས་ཀྱང༌། ཚེ་འདིའི་ཕུན་ཚོགས་བསྒྲུབ་པའི་ཆེད་དུ་སོང་བས་ཆོས་རྣལ་མར་མི་འགྲོ། དེས་ན། དཔལ་མགོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ཐོག་མར་ཐོས་པ་བྱ། དེ་ནས་དེའི་དོན་ལ་བསམས་ནས་སྒྲོ་འདོགས་བཅད་པའི་དོན་ལ་བསྒོམ་དགོས་པས། དེ་ལའང་ཆོས་བྱེད་པར་འདོད་པའི་བློ་མ་སྐྱེས་པ་བསྐྱེད་པའི་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ། ཆོས་བྱེད་པ་ལ་བརྩོན་འགྲུས་མཆོག་ཏུ་འགྱུར་བའི་ཆེད་དུ་འཆི་བ་མི་རྟག་པ་བསམ་པ་དང་གཉིས་ལས། དང་པོ་ནི། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་དམ་པའི་ཆོས་བསྒྲུབ་པའི་རྟེན་ཏུ་གྱུར་པའི་དལ་འབྱོར་གྱི་རྟེན་འདིའང་རྙེད་པར་དཀའ་བས། རྙེད་པའི་དུས་འདིར་ཆོས་རྣམ་དག་ཅིག་བྱ་དགོས་སྙམ་དུ་ཡང་ཡང་བསྒོམ་མོ། །དེ་ཉིད་ཅུང་ཟད་རྒྱས་པར་བཤད་ན་བཞི་སྟེ། རྒྱུའི་སྒོ་ནས་རྙེད་པར་དཀའ་བ། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ། དཔེའི་སྒོ་ནས་རྙེད་པར་དཀའ་བ། ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་བསམ་པའོ། །དང་པོ་ནི། དལ་འབྱོར་གྱི་རྟེན་རྣམ་པར་དག་པ་ཐོབ་པ་ལ། རྒྱུ་ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ལས་བསྒྲུབ་ཅིང༌མི་དགེ་བ་མཐའ་དག་སྤང་དགོས་པ་ལ། ཁམས་གསུམ་གྱི་སེམས་ཅན་དགེ་བ་བསྒྲུབ་པ་ཉུང༌། མི་དགེ་བ་སྤྱོད་པ་ཤིན་ཏུ་མང་བས་རྒྱུའི་སྒོ་ནས་རྙེད་པར་དཀའ་སྙམ་དུ་བསྒོམ་མོ། །གཉིས་པ་ནི། སེམས་ཅན་གྱི་ཁམས་ལ་བལྟས་པས་དམྱལ་བ་ནི་མང་ཉུང་སའི་རྡུལ་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབས་པའི་གྲངས་ཙམ། དུད་འགྲོ་ནི་ཆང་ངར་མའི་སྦང་མ་ཙམ་དུ་མང་ལ། དེ་རྣམས་ལ་ལྟོས་ན་མིའི་ལུས་རྣམ་པར་དག་པ་ཐོབ་པ་ཆེས་ཉུང་བས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་སྙམ་དུ་བསྒོམ་མོ། །གསུམ་པ་ནི། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་གསུངས་པས། རྒྱ་མཚོ་ཆེན་པོ་ན་གནས་པའི་རུ་སྦལ་ཞར་བ་ལོ་བརྒྱ་ནས་ལན་རེ་སྟེང་དུ་འོངས་པ་དང༌། གསེར་གྱི་གཉའ་ཤིང་བུ་ག་གཅིག་པ་རྒྱ་མཚོའི་རླབས་ཀྱིས་གཡེངས་པས་བུ་གར་རུ་སྦལ་གྱི་མགྲིན་པ་ཆུད་པ་སྲིད་པ་ཙམ་ཡིན་པ་ལྟར། སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང༌། མིར་སྐྱེས་པ་ཡང་སྲིད་པ་ཙམ་ཡིན་པས་དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྙམ་དུ་བསྒོམ་མོ། །བཞི་པ་ནི། ལྐུགས་པ་དང་ཀླ་ཀློར་སྐྱེས་པ་སོགས་མི་ཁོམ་པ་བརྒྱད་དང་བྲལ་ཞིང༌༑ འབྱོར་པ་བཅུ་ཚང་བར་སྐྱེ་བ་དཀོན་པས་ངོ་བོའི་སྒོ་ནས་ཀྱང་རྙེད་པར་དཀའ་སྙམ་དུ་བསྒོམ་མོ། །དེ་ཡང་ཅུང་ཟད་བཤད་ན། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་དང་། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཞེས་པ་ལྟར་མི་ཁོམ་པ་བརྒྱད་སྤོངས་ཤིང་། འབྱོར་པ་བཅུ་ནི། མིཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས་རང་འབྱོར་ལྔ་དང་། སྟོན་པ་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་གཞན་འབྱོར་ལྔ་སྟེ་འབྱོར་པ་བཅུ་དང་ལྡན་པའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་ལུས་རྙེད་པར་དཀའ་བ་རང་གཞན་གྱི་བློ་གྲོས་དང་བསྟུན་ཏེ་བཤད་པར་བྱའོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། སློབ་དཔོན་དཔའ་བོས་མྱ་ངན་བསལ་བ་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །ཞེས་བཤད་པས། སྐྱེས་པའི་ཐ་མར་ངེས་པར་འཆི་བས་མྱུར་དུ་ཆོས་བྱེད་དགོས་སྙམ་དུ་བསྒོམ། དེ་ཉིད་ཅུང་ཟད་བཤད་ན། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་པ་མེད་པར་བསམ་པ། འཆི་བའི་ཚེ་ཆོས་ལས་གཞན་གང་གིས་ཀྱང་མི་ཕན་པར་བསམ་པའོ། །དང་པོ་ནི། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པའི་ཆོས་ཉིད་ཡིན་པས་མཐར་འཇིག་དགོས་ཏེ། མདོ་རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེ་བུའི་ཚེ་སྲོག་ནམ་མཁའི་གློག་བཞིན་ཏེ། །རི་གཟར་འབབ་ཆུ་བཞིན་ཏུ་མྱུར་མགྱོགས་འགྲོ། །ཞེས་གསུངས་ཤིང༌། ཁྱད་པར་དུ། སློབ་དཔོན་དཔའ་བོས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་སྤྲས་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་བུར་ལུས་ལྟ་སྨོས་ཅི་དགོས། །ཞེས་གསུངས་པས། འཆི་བ་མེད་པའི་གོ་འཕང་བརྙེས་པའི་རྫོགས་པའི་སངས་རྒྱས་ཀྱང༌། མྱ་ངན་ལས་འདས་པའི་ཚུལ་སྟོན་ན། སོ་སོའི་སྐྱེ་བོ་རྣམས་ངེས་པར་འཆི་དགོས་སྙམ་དུ་བསམ་ཞིང༌། སློབ་དཔོན་དཔའ་བོས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་ཐོགས་མེད་རྒྱུ་བས་ཀྱང༌། །གང་ན་འཆི་མེད་སྤྱོད་ཡུལ་བའི། །གནས་དེར་ཕྱིན་པ་མ་ཡིན་ནོ། །ཞེས་བཤད་པས། ཁམས་གསུམ་གང་དུ་སྐྱེས་ཀྱང་འཆི་བས་མི་ཚུགས་པའི་གནས་མེད་པས་ངེས་པར་འཆི་དགོས་སྙམ་དུ་བསྒོམ་མོ། །འཆི་བའི་རྐྱེན་མང་ཞིང་འཚོ་བའི་རྐྱེན་ཉུང་བའི་སྒོ་ནས་ཀྱང་ངེས་པར་འཆི་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་ཤིན་ཏུ་མང༌། །འཚོ་བའི་རྐྱེན་ནི་ཉུང་ཟད་ཙམ། །དེ་དག་ཉིད་ཀྱང་འཆི་རྐྱེན་ཏེ། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པས་འཚོ་བའི་རྐྱེན་དུ་འདོད་པའི་གནས་དང༌། ཟས་དང་ལོངས་སྤྱོད་ལ་སོགས་པ་འགའ་ཞིག་ཀྱང་འཆི་རྐྱེན་ཏུ་འགྱུར་བ་ཡོད་པས་ངེས་པར་འཆི་སྙམ་དུ་བསྒོམ་མོ། །གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། ལ་ལ་མའི་མངལ་དུ་འཆི་བ་ནས། ལ་ལ་སྐྱེས་མ་ཐག་འཆི་བ་སོགས་རྒན་གཞོན་བར་མ་ངེས་པ་མེད་པར་འཆི་བ་མངོན་སུམ་གྱིས་མངོན་པས། ནམ་འཆི་ངེས་པ་མེད་པའི་ཚུལ་བསམ་ཞིང་བསྒོམ་མོ། །གསུམ་པ་ནི། དེ་ལྟར་འཆི་བའི་དུས་ལ་བབ་པ་ན། ཁ་དྲག་ཅིང་དབང་བཙན་པ་དང༌། འཁོར་དང་ལོངས་སྤྱོད་ཆེ་བ་དང༌། དཔའ་བ་ལ་སོགས་པ་གང་གིའང་མི་བཟློག་པར་ངེས་པར་འཆི་དགོས་ལ། འཆི་བའི་ཚེ་ཆོས་མ་ཡིན་པ་གང་གིའང་མི་ཕན། དེ་ལ་ཚེ་ཇི་སྲིད་གནས་ཀྱི་བར་དུ་ཆོས་བྱས་པས་འཆི་བའི་ཚེ་མི་འགྱོད། འགྲོ་བ་བཟང་པོར་སྐྱེ་བའི་གདེངས་ཐོབ་པས་བློ་བདེ། དེས་ན་ངེས་པར་དམ་པའི་ཆོས་བྱ་དགོས་ལ། དེའང་ནམ་འཆི་ངེས་པ་མེད་པས་མྱུར་དུ་ཆོས་བྱ་དགོས་སྙམ་དུ་བསྒོམ་མོ། །གཉིས་པ་ནི། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་པའི་དོན་ཁམས་གསུམ་འཁོར་བ་ལ་ཞེན་ན། ཆོས་བྱས་ཀྱང་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ་བས་འཁོར་བ་ལ་མ་ཞེན་པ་ཅིག་དགོས། དེ་ལ་འཁོར་བའི་ཉེས་དམིགས་བཤད་པས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཏུ་མཐོང་ནས་དེ་སྤང་བར་འདོད་ཅིང་ཐར་པ་དོན་ཏུ་གཉེར་བའི་བློ་འབྱུང་བས། དེའི་རྟོགས་པ་བསྐྱེད་པའི་ཕྱིར་འཁོར་བའི་ཉེས་དམིགས་བཤད་པ་དང༌། འཁོར་བར་སྐྱེ་བའང་ལས་རྒྱུ་འབྲས་ཀྱི་བླང་དོར་མ་ཤེས་པར་མི་དགེ་བ་བག་ཡངས་སུ་སྤྱད་པ་ལས་བྱུང་བས། རྒྱུ་འབྲས་ཀྱི་བླང་དོར་ཤེས་པར་བྱ་བའི་ཕྱིར་ལས་རྒྱུ་འབྲས་བསམ་པ་དང་གཉིས་སོ། །དང་པོ་ནི། མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །དེ་བཞིན་གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང༌། །ཞེས་གསུངས་པས་གནས་ཁམས་གསུམ་པོ་གང་དུ་སྐྱེས་ཀྱང་སྐྱོན་དང་བཅས་པ་ཡིན་ལ། དེའི་ཚུལ་རྒྱས་པར་མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་གནས་ཁམས་གསུམ་པོ་དེར། འགྲོ་བ་རིགས་དྲུག་པོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན། གང་ལ་ལོངས་སྤྱོད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ཅན་འབའ་ཞིག་ཏུ་འདུག་པས། དེ་ལས་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཆོས་རྣམ་པར་དག་པ་བྱ་དགོས་སྙམ་དུ་བསྒོམ་མོ། །དེ་ཉིད་ཅུང་ཟད་བཤད་ན། སྡུག་བསྔལ་གྱི་སྡུག་བསྔལ་བསམ་པ། འཁོར་བའི་སྡུག་བསྔལ་བསམ་པ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པ་དང་གསུམ། དང་པོ་ལ། དམྱལ་བའི་སྡུག་བསྔལ་བསམ་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ། དུད་འགྲོའི་སྡུག་བསྔལ་བསམ་པ་དང་གསུམ་མོ། །དང་པོ་ལ། གྲང་དམྱལ་གྱི་སྡུག་བསྔལ་བསམ་པ། ཚ་དམྱལ་གྱི་སྡུག་བསྔལ་བསམ་པ། ཉི་ཚེ་ཉེ་འཁོར་བའི་སྡུག་བསྔལ་བསམ་པ་དང་གསུམ། དང་པོ་ལ་བརྒྱད་དེ། ཆུ་བུར་ཅན་ནི་ཉི་མ་དང་འཇོ་སྐྱིབས་ལ་སོགས་པ་མེད་པའི་གངས་རིའི་བར་དང༌། ཆབ་རོམ་ལ་སོགས་པའི་ནང་དུ་སྐྱེས། རླུང་ཤིན་ཏུ་གྲང་བས་ལུས་ལ་བཏབ་པས་གྲང་བའི་རྐྱེན་གྱིས་ལུས་ཐམས་ཅད་ཆུ་བུར་གྱི་རང་བཞིན་ཅན་དུ་སོང་བ་དང༌། ཚེའི་ཚད་ཀྱང་མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡི་ཚད། །གཞན་གྱི་ཚེ་ཚད་ཉིས་འགྱུར་ཡིན། །ཞེས་གསུངས་སོ། །དེ་ལས་ཀྱང་གྲང་བའི་རྐྱེན་གྱིས་ཆུ་བུར་བརྡོལ་ཏེ། ཆུ་སེར་དང་རྣག་ཁྲག་ལ་སོགས་པ་འཛག་པ་ཆུ་བུར་རྡོལ་བ་ཅན་དང༌། དེ་ལས་ཀྱང་གྲང་བའི་རྐྱེན་གྱིས་ཤིན་ཏུ་སྡུག་བསྔལ་ཏེ། ཨ་ཆུ་ཟེར་བའི་ངུད་མོའི་སྒྲ་ལྷང་ལྷང་འདོན་པ་ཨ་ཆུ་ཟེར་བ་དང༌། དེ་ལས་ཀྱང་གྲང་བའི་རྐྱེན་གྱིས་སྡུག་བསྔལ་ཞིང་སྐད་ཆེར་འདོན་པའི་ནུས་པ་མེད་པར་ལྐོག་མ་ནས་ཀྱི་ཧུད་ཀྱི་ཧུད་ཅེས་པའི་སྒྲ་ཤིབ་ཤིབ་འདོན་པ་ཀྱི་ཧུད་ཟེར་བ་དང༌། དེ་ལས་ཆེར་གྲང་བའི་རྐྱེན་གྱིས་སྐད་ཆེ་ཆུང་གང་ཡང་འདོན་པའི་མཐུ་མེད་པར་ལུས་ཐམས་ཅད་ཤིན་ཏུ་འཁྱག་སྟེ་འཐམ་པའི་རྣམ་པ་ཅན་དུ་བྱས་པ་སོ་ཐམ་ཐམ་པ་དང༌། དེ་ལས་ཀྱང་ཆེས་གྲང་ཞིང་སྟོབས་ཆེ་བའི་རླུང་གིས་བཏབ་པས་པགས་པའི་མདོག་སྔོན་པོར་གྱུར་ཅིང་དུམ་བུ་བརྒྱད་ལ་སོགས་པར་གས་པ་ཨུཏྤལ་ལྟར་གས་པ་དང༌། པགས་པའི་མདོག་སྔོན་པོར་གྱུར་པ་དེའང་རུལ་ཞིང་རླུང་གིས་བཏབ་པས་ཤུས་ཏེ་ལུས་དམར་པོར་སོང་ཞིང༌། དུམ་བུ་མང་པོར་གས་པ་པདྨ་ལྟར་གས་པ་དང༌། ཡང་གྲང་བའི་རྐྱེན་གྱིས་ཤིན་ཏུ་འཁྱགས་ཏེ། ལུས་ཀྱི་ཕྱི་ནང་ཐམས་ཅད་རྡོ་ལྟ་བུའི་དངོས་པོར་གྱུར་ཅིང་དུམ་བུ་བཅུ་དྲུག་ལ་སོགས་པར་གས་ཏེ་ཕྱིའི་ལུས་གས་པའི་དབང་གིས་རྒྱུ་མ་དང༌། མཉེ་མ་དང༌། ལོང་ཀ་ལ་སོགས་པའང་ཚལ་པ་ཚལ་པར་གས་པ་པདྨ་ལྟར་ཆེར་གས་པ་རྣམས་ཀྱི་སྡུག་བསྔལ་དྲན་པར་བྱས་ནས་ཡང་ཡང་བསམ་མོ། །གཉིས་པ་ལའང་བརྒྱད་དེ། ཡང་སོས་ཞེས་བྱ་བ། ལས་ཀྱི་དབང་གིས་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་སྐྱེས། ལུས་ཤིན་ཏུ་གཞོན་ཤ་ཅན་བདག་ཏུ་འཛིན་པ་ཆེ་བ་ལག་ཏུ་གང་བླངས་པ་ཐམས་ཅད་མཚོན་ཆར་འགྲོ་བ། སྐྱེས་བུ་ཕན་ཚུན་མཐོང་བ་ཐམས་ཅད་དགྲའི་འདུ་ཤེས་ཅན། དེ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་མཚོན་གྱིས་བསྣུན་ཅིང་གཏུབས་པས་ལུས་དུམ་བུ་དུམ་བུར་གྱུར་པ་དང༌། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་དང༌། རླུང་གྲང་མོ་གཅིག་གིས་ལུས་ལ་བཏབ་པས་སྔ་མ་བཞིན་དུ་གཞོན་ཤ་ཅན་ལ་སོགས་པར་གྱུར་པའོ། །ཐིག་ནག་ཅེས་བྱ་བ། ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་བརྒྱད་དང་བཅུ་དྲུག་ལ་སོགས་པ་བཏབ་ནས་སོག་ལེས་གཤགས་པ་དང་། སྟ་རེ་ལ་སོགས་པས་གཞོག་ཅིང་སྡུག་བསྔལ་དཔག་ཏུ་མེད་པ་མྱང་བའོ། །བསྡུས་འཇོམས་ཞེས་བྱ་བ་ལུས་ཤིན་ཏུ་གཞོན་ཤ་ཅན་རི་ར་དང་ལུག་ལ་སོགས་པའི་མགོ་བོ་ཅན་གྱི་བར་དུ་བཙིར་ཏེ་ཤིན་ཏུ་སྡུག་བསྔལ་བའོ༑ ༑ངུ་འབོད་ཅེས་བྱ་བ་ལྕགས་བསྲེགས་ཀྱི་ས་གཞིར། དམྱལ་སྲུང་བ་རྣམས་ཀྱིས་དེད་ཅིང་བྲོས་པས་ཁང་པ་དཀར་པོ་གཅིག་མཐོང་སྟེ། འདིར་བྲོས་པས་ཐུབ་སྙམ་དུ་ནང་དུ་ཕྱིན་པ་ན། ཁང་པ་སྒོ་རང་འགྲིག་ཏུ་གྱུར་པ་དང་ལྕགས་བསྲེགས་ཀྱི་ཁང་པར་གྱུར་ཏེ། བརྐོས་པས་ཕྱེད་པའི་ཕྱིར་ཐར་བའི་སྐབས་མེད་པ་དང༌། མེ་རང་འབར་དུ་གྱུར་ཏེ། ཤིན་ཏུ་སྡུག་བསྔལ་ཞིང་ངུད་མོའི་སྒྲ་འབྱིན་པའོ། །ངུ་འབོད་ཆེན་པོ་ནི་མཚན་ཉིད་སྔ་མ་བཞིན་ལས། ཁང་པ་གཉིས་རིམས་སོ། །ཚ་བ་ནི། དམྱལ་སྲུང་རྣམས་ཀྱིས་ལྕགས་བསྲེགས་ཀྱི་མདུང་རྩེ་གཅིག་པས་བཤང་ལམ་ནས་སྤྱི་གཙུག་གི་བར་དུ་ཐལ་བྱུང་དུ་ཕུག་སྟེ་སྡུག་བསྔལ་བའོ། །རབ་ཏུ་ཚ་བ་ནི། མདུང་རྩེ་གསུམ་པས་བཤང་ལམ་ནས་སྤྱི་གཙུག་གི་བར་དང༌། འཕོང་ཚོས་གཡས་གཡོན་ནས་དཔུང་པ་གཡས་གཡོན་གྱི་བར་ཐལ་བྱུང་དུ་ཕུག་སྟེ་སྡུག་བསྔལ་བའོ། །མནར་མེད་པ་ནི། ལྕགས་བསྲེགས་ཀྱི་ས་གཞིར་མེས་བསྲེགས་ཤིང་མེ་འདི་ཡིན་ལུས་འདི་ཡིན་ཞེས་ཐ་དད་དུ་དབྱེར་མེད་པར་གྱུར་ཅིང་བསྲེགས་ནས། ངུད་མོའི་སྒྲ་ལས་དཔགས་ཏེ། འདི་ན་སེམས་ཅན་དམྱལ་བ་ཅིག་འདུག་གོ་སྙམ་དུ་མཚོན་པའོ། །དེ་རྣམས་ཀྱི་ཚེའི་ཚད་ནི་མཛོད་ལས། མི་རྣམས་ལོ་ནི་ལྔ་བཅུ་ལ། །འདོད་ལྷ་དག་གིས་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེ་ན་རང་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་ཏེ། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཞག་གཅིག་བྱས། དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད་ཡིན་ཞིང༌། དེ་ཉིད་ཞག་གཅིག་ཏུ་རྩིས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པའི་ཚེ་ཚད་དོ། །དེ་བཞིན་དུ་མི་ལོ་བརྒྱ་ལ་ཞག་གཅིག་བྱས་པའི་རང་ལོ་སྟོང་སུམ་ཅུ་རྩ་གསུམ་པའི་ཚེ་ཚད་ཡིན་ཞིང༌། དེ་ཞག་ཏུ་བྱས་པའི་རང་ལོ་སྟོང་ཐིག་ནག་པའི་ཚེ་ཚད་དོ། །མི་ལོ་ཉིས་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ཉིས་སྟོང་འཐབ་བྲལ་བའི་ཚེ་ཚད། དེ་ཞག་ཏུ་བྱས་པའི་རང་ལོ་ཉིས་སྟོང་བསྡུས་འཇོམས་པའི་ཚེ་ཚད་དོ། །མི་ལོ་བཞི་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་བཞི་སྟོང་དགའ་ལྡན་པའི་ཚེ་ཚད་དོ། །དེ་ཞག་ཏུ་བྱས་པའི་རང་ལོ་བཞི་སྟོང་ངུ་འབོད་པའི་ཚེ་ཚད་དོ། །མི་ལོ་བརྒྱད་བརྒྱ་ལ་ཞག་ཏུ་བྱས་པའི་རང་ལོ་བརྒྱད་སྟོང་འཕྲུལ་དགའ་བའི་ཚེ་ཚད། དེ་ཞག་ཏུ་བྱས་པའི་རང་ལོ་བརྒྱད་སྟོང་ངུ་འབོད་ཆེན་པོ་བའི་ཚེ་ཚད་དོ། །མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད། དེ་ཞག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཚ་བ་པའི་ཚེ་ཚད་དོ། །རབ་ཏུ་ཚ་བ་པས་བར་སྐལ་ཕྱེད་དང༌། མནར་མེད་པས་བར་བསྐལ་གཅིག་ཐུབ་བོ། །གསུམ་པ་ལ་བཞི་ལས། དང་པོ་ནི། མེ་མ་མུར་གྱི་འོབས་ནི། ཚ་བའི་དམྱལ་བ་ཐམས་ཅད་ཀྱི་མཐའ་ན་ཡོད་དེ། དེའང་འོབས་ཀྱི་ནང་མེ་མ་མུར་གྱིས་གང་བ་དེར་ཚུད་དེ། ཡན་ལག་ཐམས་ཅད་ཚིག་ཅིང་རྐང་པ་གཡས་བཏེགས་ན་ཚིག་པ་སོས་ཤིང་གཡོན་པ་ཚིག །གཡོན་པ་བཏེགས་པ་ན་དེ་སོས་ཤིང་གཡས་པ་ཚིག །ནང་གི་རྒྱུ་མ་དང་མཉེར་མ་ལ་སོགས་པའང་ཚིག་ཅིང་དབང་པོའི་སྒོ་རྣམས་ནས་དུ་བ་འཐུལ་བའོ། །གཉིས་པ་རོ་མྱགས་ཀྱི་འདམ་ནི། ཕྱི་ས་ལ་སོགས་པ་མི་གཙང་བའི་དངོས་པོ་མཐའ་དག་ནུར་ནུར་པོར་ཡོད་པའི་ནང་དུ། གན་རྐྱལ་དང་ཁས་བུབ་ལ་སོགས་པར་འགྱེལ་ཞིང་དབང་པོའི་སྒོ་ཐམས་ཅད་མི་གཙང་བའི་དངོས་པོས་གང་བར་བསམས་ནས་སྡུག་བསྔལ་ཞིང༌། དེའི་གསེབ་ན་ལྕགས་ཀྱི་མཆུ་ཅན་གྱི་འབུ་སྲིན་ལ་སོགས་པས་ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་རུས་པ་ལ་ཐུག་གི་བར་དུ་འབིགས་ཤིང་གཅོད་པར་བྱེད་པས་ཤིན་ཏུ་སྡུག་བསྔལ་བའོ། །གསུམ་པ་སྤུ་གྲིའི་ལམ་ནི། རོ་མྱགས་ཀྱི་འདམ་ལས་འདས་པ་ན། སྤུ་གྲིས་གཏམས་པའི་ཐང་ཤིན་ཏུ་རྣོ་བའི་སྟེང་དུ་ཕྱིན་ནས་རྐང་པའི་ཤ་དང་རུས་པ་ལ་ཐུག་གི་བར་དུ་གཏུབ་ཅིང་སྡུག་བསྔལ་བའོ། །སོགས་ཁོངས་ནས་རལ་གྲི་ལོ་མའི་ནགས་ཚལ་ཞེས་བྱ་བ། ཤིང་སྡོང་གི་ཡལ་ག་ཐམས་ཅད་རལ་གྲི་ལ་སོགས་པའི་མཚོན་ཆར་ཡོད་པ་ལ། ལས་ཀྱི་དབང་གིས་ཚ་བས་ཉེན་ནས་སྐྱབས་ཚོལ་བའི་ཕྱིར་དེའི་འཁྲིས་སུ་བསྡད་པ་དང༌། དེ་རླུང་གིས་བསྐྱོད་ནས་མཚོན་ཆར་རྣམས་ཀྱིས་ཡན་ལག་ཐམས་ཅད་དུམ་བུར་གཏུབ་ཅིང་ཤིན་ཏུ་སྡུག་བསྔལ་བའོ། །ཤལ་མ་རིའི་སྡོང་པོ་ནི། རི་ཤིན་ཏུ་མཐོ་བའི་རྩེ་མོར་ཕྱིན་ན་སྙམ་ནས་འཛེགས་པ་དང༌། ལྕགས་ཀྱི་ཐུར་མ་སོར་བརྒྱད་པ་དང༌། བཅུ་དྲུག་པ་ཐུར་དུ་བསྟན་པས་ལུས་ཐལ་བྱུང་དུ་ཕུག་ཅིང་སྡུག་བསྔལ་ལ། རིའི་རྩེ་མོར་ཕྱིན་པ་དང༌། ཁྭ་ཏ་དང་འོལ་བ་ལ་སོགས་པས་མིག་འབྲུ། ལྕེ་འདོན། ཀླད་པ་ལ་སོགས་པ་འདྲུ་ཞིང་སྡུག་བསྔལ། ཡང་རིའི་རྩ་བར་སླེབ་ན་སྙམ་ནས་ཐུར་ལ་ཕྱིན་པ་ན། ལྕགས་ཀྱི་ཐུར་མ་རྣམས་ཁ་གྱེན་ལ་བསྟན་ནས་ལུས་འབིགས་ཤིང༌། རིའི་རྩ་བ་ན་ཡོད་པའི་ལྕགས་ཀྱི་སྤྱང་ཀུ་དང༌། ཁྱི་དང་ཝ་ལ་སོགས་པས་ཡན་ལག་རྣམས་ཟ་ཞིང་ཕན་ཚུན་དུ་འཐེན་པས་ལུས་དུམ་བུར་ཆད་ཅིང་སྡུག་བསྔལ་བའོ། །གཞན་ཡང་ལྕགས་བསྲེགས་ཀྱི་ས་གཞིར་ལུས་ཕུར་པས་བརྒྱངས་པ་དང༌། ལྕེ་ལྕགས་ཕུར་གྱིས་བརྒྱངས་ནས་རྨོ་བ་ལ་སོགས་པས་སྡུག་བསྔལ་བའང་ཉི་ཚེ་ཉེ་འཁོར་བའི་ནང་ཚན་ཡིན་ནོ། །བཞི་པ་ཐལ་ཚན་གྱི་ཆུ་བོ་རབ་མེད་ནི། སྤུ་གྲིའི་ཐང་གི་ཕ་རོལ་ན་ཐལ་ཚན་གྱི་ཆུས་ལུས་གཡེངས་ནས་ལུས་ཀྱི་ཕྱི་ནང་ཀུན་ཚིག་ཅིང༌། དམྱལ་སྲུང་གིས་མཐའ་ནས་བསྲུངས་ཏེ་སྡུག་བསྔལ་བའོ། །དེ་རྣམས་ཀྱི་སྡུག་བསྔལ་བསམ་ཞིང་དེ་ལས་ཐར་པའི་དམ་པའི་ཆོས་བྱ་དགོས་སྙམ་དུ་ཡང་ཡང་བསམ་ཞིང་བསྒོམ་མོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ལ། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་ནམ། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ཞེས་པ་གསུམ་མོ། །དང་པོ་ནི། སེར་སྣ་ལ་སོགས་པ་མི་དགེ་བའི་དབང་གིས་ཡི་དྭགས་ཀྱི་རྒྱལ་ཁམས་སུ་སྐྱེས་ནས། བཀྲེས་པ་དང་སྐོམ་པས་ཉམ་ཐག་ཀྱང་ཟས་སྐོམ་མིག་གིའང་མི་མཐོང་ངོ༌། །རྒྱང་རིང་པོ་ནས་འབྲས་ཟན་ལ་སོགས་པའི་རི་དང༌། ཆུའི་རྒྱལ་ཁམས་ཆེན་པོར་འདུག་སྙམ་ནས་ཕྱིན་པ་དང༌། ཤིན་ཏུ་ཐག་རིང་ཞིང་བགྲོད་དཀའ་བས་ལུས་སེམས་སྡུག་བསྔལ། དེར་ཕྱིན་པ་དང་འབྲས་ཟན་གྱི་རིར་སྣང་བ་དེ། རྡོ་དཀར་པོའམ། ས་དཀར་པོའི་ཕུང་པོར་སོང༌། སྔར་ཆུའི་རྒྱལ་ཁམས་སུ་སྣང་བ་དེ་ཡང་སྨིག་རྒྱུའམ། ས་སྔོན་ནམ། གཡམ་པ་སྔོན་པོ་ལ་སོགས་པའི་དངོས་པོར་གྱུར་ཏེ། བཟའ་བཏུང་ལོངས་སྤྱོད་རྒྱུ་མེད་པས་ཀྱང་ཆེས་སྡུག་བསྔལ་བའོ། །ནང་གི་སྒྲིབ་པ་ཅན་ནི། སྔར་གྱི་སྡུག་བསྔལ་དེའི་སྟེང་དུ་ཡང་ཟས་སྐོམ་ཅུང་ཟད་ཟོས་པས་དང་པོར་ཁ་ཁབ་མིག་ཙམ་དུ་དོག་པས་མི་ཆུད་ནས་ཁ་རལ་ཅིང་ཁྲག་འཛག་སྟེ་སྡུག་བསྔལ། དེ་ནས་མགྲིན་པ་རྟ་རྔ་ཙམ་དུ་ཕྲ་བ་ལ་མ་ཆུད་ཅིང༌། ཁ་ཟས་ཀྱང་རྩུབ་པའི་རེག་བྱ་ཅན་དུ་གྱུར་པས་མགྲིན་པ་རལ་ཏེ་ཚ་བས་སྡུག་བསྔལ། དེ་ནས་ལྟོ་བ་རིའི་ལྟོས་ཙམ་དུ་ཅུང་ཟད་སླེབས་ཀྱང་འགྲངས་པའམ། སྐོམ་པ་སེལ་བའི་ནུས་པ་མེད་པས་སླར་ཡང་སྡུག་བསྔལ་བའོ། །ཟས་སྐོམ་གྱི་སྒྲིབ་པ་ཅན། ཁ་ཟས་ཚོལ་བའི་ཕྱིར་ཕྱོགས་ཀུན་ཏུ་ཕྱིན་པ་ན། ཡི་དྭགས་ཀྱི་དེད་དཔོན་གཞན་གྱིས་དེད་ཅིང་བརྡུངས་ཤིང་འཇིགས་པས་སྡུག་བསྔལ། ཁ་ཟས་ཅུང་ཟད་རྙེད་པ་གཞན་གྱིས་ཕྲོགས་སུ་དོགས་པ་དང༌། ཅུང་ཟད་རྙེད་པ་དེ་ཟོས་པས་སྔར་བཞིན་དུ་ཁ་ལ་མ་ཆུད་པ་ལ་སོགས་པ་སྡུག་བསྔལ་ཞིང༌། ལྟོ་བར་སླེབ་པ་ན་ལས་ཀྱི་དབང་གིས་ཁ་ཟས་དེ་མེ་འབར་ནས། རྒྱུ་མ་དང་གཉེ་མ་ལ་སོགས་ཀུན་ཚིག་ཅིང་གཞོབ་ཀྱི་དངོས་པོར་བྱས་ཏེ། ཁ་ལ་སོགས་པ་དབང་པོའི་སྒོ་རྣམས་ནས་མེ་འབར་བས་སྡུག་བསྔལ་བའོ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང༌༑ ལས་དེ་མ་ཟད་ཀྱི་བར་དུ་སྡུག་བསྔལ་དྲག་པོ་མྱོང་དགོས་པ་འདུག །འདི་ལྟ་བུ་མི་སྐྱེ་བའི་ཕྱིར་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཆོས་རྣམ་དག་ཅིག་བྱ་དགོས་སྙམ་དུ་བསྒོམ་མོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ། བྱིང་ན་གནས་པ་དང༌། ཁ་འཐོར་བ་གཉིས། དང་པོ་ནི། ཕྱིའི་རྒྱ་མཚོའི་ནང་ན་ཆུ་སྲིན་ལ་སོགས་པའི་སྲོག་ཆགས་ཆང་ངར་མའི་སྦང་མ་ཙམ་ཡོད་པས། གཅིག་གིས་གཅིག་བཙིར་ཏེ་དོག་པའི་སྡུག་བསྔལ། རྒྱ་མཚོའི་རླབས་ཀྱིས་ཕྱོགས་མཐའ་དག་ཏུ་དེད་པས་གནས་མ་ངེས་པ་དང༌། གྲོགས་སུ་དང་འཕྲད། སུ་དང་འགྲོགས་མ་ངེས་པ་བག་ཕེབས་རྒྱུ་མེད་པ་དང༌། ཆེ་བས་ཆུང་བ་ཟ་བ་དང༌། ཆུ་སྲིན་ལ་སོགས་པ་ཆེ་བ་རྣམས་ཀྱི་ལུས་དུང་ལ་སོགས་པས་འབིགས་པས་སྡུག་བསྔལ་བ་དང༌། ཡང་གླིང་བར་གྱི་མུན་པ་ན་ཡོད་པ་རྣམས་སྣང་བའི་དངོས་པོ་དང་བྲལ་བས་གཅིག་གིས་གཅིག་མཐོང་རྒྱུ་མེད་པ་དང༌། གཅིག་གི་སྟེང་གཅིག་བསྡད་དེ་དོག་ཅིང་ལྗི་བ་དང༌། ཤིན་ཏུ་དོག་ཅིང་བཙིར་བས་ལུས་དུབ་ཅིང་ཆད་པ་དང༌། ཟས་སྐོམ་འཚོལ་བའི་སྐབས་ཙམ་ཡང་མེད་པས་སྡུག་བསྔལ་བའོ། །གཉིས་པ་ནི། མི་ལ་བརྟེན་པའི་དུད་འགྲོ་རྣམས་ནི། མི་ཐེག་པའི་ཁལ་བཀལ་བ་དང༌། རྨོ་བ་དང༌། བཞོ་བ་དང༌། ལྕགས་སྒྲོག་གིས་བཅིང་བ་དང༌། ལྕག་དང་ལྕག་ཀྱུས་བཏབ་པ་དང༌། ལས་ཀྱི་མཐའ་སྣ་ཚོགས་ཀྱི་སྒོ་ནས་ལོངས་སྤྱོད། མཐར་ཤའི་ཆེད་དུ་གསོད་པ་དང༌། གཞན་ལ་བཙོང་སྟེ་སྐྱུགས་པ་དང༌། མི་རྟག་བལ་དང་རུས་པ་དང་པགས་པའི་ཆེད་དུ་གསོད་པས་སྡུག་བསྔལ་བའོ། །མི་ལ་མ་བརྟེན་པའི་རི་དྭགས་སོགས་ནི་གནས་ལ་ངེས་པ་མེད་ཅིང༌། ཤའི་ཆེད་དུ་རྔོན་པས་མདའ་བསྣུན་ཅིང་ཁྱིས་བརྡས་ཏེ་ངམ་གྲོགས་དང་གཡང་ས་ལ་སོགས་པར་མཆོངས་པ་དང༌། མཚོན་གྱིས་བཏབ་བཞིན་ཏུ་བྲོས་ཀྱང་མཐར་ཟིན་ཏེ་བསད་པ་སོགས་སྡུག་བསྔལ་ལོ་སྙམ་དུ་བསམ། དུད་འགྲོ་སྤྱིའི་སྡུག་བསྔལ་གླེན་ལྐུགས་དང༌། བྱེ་བྲག་གི་སྡུག་བསྔལ་བསམ་སྟེ་ཆོས་རྣམ་པར་དག་པ་ཅིག་བྱ་དགོས་སྙམ་དུ་བསྒོམ་མོ། །གཉིས་པ་འགྱུར་བའི་སྡུག་བསྔལ་བསམ་པ་ནི། ལྷ་ལྟ་བུ་སྔོན་གྱི་ལས་ཀྱི་སྟོབས་ཀྱིས་ཁང་བཟང་དང༌། གོས་དང་ཁ་ཟས་ལ་སོགས་པ་བསམ་པ་ཙམ་གྱིས་འབྱུང་བ་དང༌། ལྷ་མོའི་བདེ་བ་ལ་སོགས་པ་མཐའ་ཡས་ཀྱང༌། འཆི་ལྟས་ལྔ་དང༌། ཉེ་བའི་འཆི་ལྟས་ལྔ་ལ་སོགས་པ་ཕོག་པ་ན། དམྱལ་བའི་སྡུག་བསྔལ་ལས་ཀྱང་ཆེ་བའི་ཡིད་ཀྱི་སྡུག་བསྔལ་དང༌། ཤི་ནས་ཀྱང་བརྒྱ་བྱིན་ལྟ་བུའི་གཙོ་བོ་གྱུར་པ་ཡང་མིའི་ནང་དུ་བྲན་ལ་སོགས་པར་སྐྱེ་བ་དང༌། ལྷའི་བུ་ཉི་མ་དང་ཟླ་བ་ལྟ་བུ་རང་གི་ཁང་པའི་འོད་ཀྱིས་གླིང་བཞི་གསལ་བར་ནུས་པ་ཡང་གླིང་བར་གྱི་མུན་པར་སྐྱེས་ཏེ༑ རང་གི་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བས་སྡུག་བསྔལ་བ་དང༌། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ཀྱང༌། མཐར་འཁོར་བའི་ཡང་བྲན་དུ་འགྱུར་བ་དང༌། མི་ལྟ་བུ་ཁ་དྲག་པོ་ཞན་པོར་འགྲོ་བ་དང༌། ཕྱུག་པོ་དབུལ་པོར་འགྲོ་བ་དང༌། མི་མང་པོ་ཡོད་ཀྱང་མཐར་རབས་ཆད་པ་དང༌། དགྲ་སྡང་བ་དང་འཕྲད་པའམ་ཕྲད་ཀྱིས་དོག་པ་དང༌། གཉེན་སྡུག་པ་དང་བྲལ་བའམ་བྲལ་གྱིས་དོག་པ་དང༌། འདོད་པ་བཙལ་གྱིས་མི་རྙེད་པ་དང༌། རེ་བ་འབྲས་བུ་མེད་པ་ལ་སོགས་པས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །ལྷ་མ་ཡིན་རྣམས་ཀྱང་ཕན་ཚུན་འཐབ་ཅིང་མཚོན་གྱིས་འདེབས་པ་དང༌། ཡན་ལག་རྣམས་གཏུབ་པ་དང་། རང་བཞིན་གྱིས་ཞེ་སྡང་ཆེ་ཞིང་ལྷའི་དཔལ་ལ་ཕྲག་དོག་པས་ཡིད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། མི་རྣམས་ཀྱི་ལས་ཀྱི་མཐའ་བསམ་གྱིས་མི་ཁྱབ་པས་ཅི་ཙམ་བྱས་ཀྱང་ཟིན་རྒྱུ་མེད་པ་དང༌། བྱས་པ་ཆུད་ཟོས་པ་དང༌། ཡང་འདི་དང་འདི་ལྟ་བུ་བྱེད་དགོས་སྙམ་དུ་མི་ཚེ་གྲངས་ལ་ཟད་ཅིང༌། ལས་མཐར་ཕྱིན་རྒྱུ་མེད་པར་འཆི་བའི་དུས་བྱས་ཏེ། བསམ་པ་མ་རྫོགས་པས་ཤིན་ཏུ་སྡུག་བསྔལ་ཞིང༌། ནོར་ཡོད་པ་རྣམས་རྐུན་མས་ཁྱེར་བ་དང༌། དབང་བཙན་པོས་འཕྲོག་པ་ལ་སོགས་པས་སྡུག་བསྔལ། དབུལ་པོ་རྣམས་ནོར་ཚོལ་བའི་ཕྱིར་ཤིན་ཏུ་ཤ་ཐང་ཆད་པས་སྡུག་བསྔལ། མདོར་ན་གནས་ཁམས་གསུམ་སོགས་རྟེན་རིགས་དྲུག་པོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། འདིའི་སྡུག་བསྔལ་མི་མྱོང་བར་བྱ་བའི་ཕྱིར་ཆོས་རྣམ་པར་དག་པ་བྱ་དགོས་སྙམ་དུ་བསྒོམ་མོ། །གཉིས་པ་ལས་རྒྱུ་འབྲས་བསམ་པ་ནི། གོང་དུ་བཤད་པའི་སྡུག་བསྔལ་ཅན་གྱི་འཁོར་བར་སྐྱེ་བའང༌། རྒྱུ་མི་དགེ་བ་སྤྱད་པ་ལས་བྱུང་བས། དེ་སྤོང་བ་ལ་དེའི་རྒྱུ་སྤང་དགོས་ཤིང༌། དེའང་མདོར་བསྡུས་ན་རྒྱུ་མི་དགེ་བ་མཐའ་དག་སྤོང༌། དགེ་བ་སྣ་རེ་ཙམ་ཡང་ཅི་ནུས་ཀྱིས་བསྒྲུབ་སྙམ་དུ་བསྒོམ་མོ། །དེ་ཉིད་ཅུང་ཟད་རྒྱས་པར་བཤད་ན། མི་དགེ་བའི་ལས་བསམ་པ། དགེ་བའི་ལས་བསམ་པ། ལུང་མ་བསྟན་གྱི་ལས་བསམ་པ་དང་གསུམ་མོ། །དང་པོ་ལ། ལས་ཀྱི་ངོ་བོ་བསམ་པ༑ དེའི་འབྲས་བུ་བསམ་པ། དེ་སྤོང་བར་གདམས་པ་དང་གསུམ། དང་པོ་ལ་བཅུ་སྟེ། ཀུན་སློང་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པའི་གསོད་སེམས་ཀྱིས་སྲོག་ཆགས་གྲོག་སྦུར་ནས་མིའམ། མིར་ཆགས་པའི་བར་གང་རུང་བསམ་བཞིན་དུ་བསད་པ་སྲོག་གཅོད་པ་དང༌། གཞན་གྱིས་བདག་གིར་བཟུང་བའི་རྫས་འབྲུའི་ཕུབ་མ་ཙམ་ཡང་མ་བྱིན་པར་ལེན་པ་དང༌། རང་གིས་རིན་འཇལ་ཏེ་གཉེན་དུ་འཐམས་པའི་བུད་མེད་མ་གཏོགས། གཞན་གྱི་བུད་མེད་དང་དགེ་ཚུལ་མ་ལྟ་བུ་ཆོས་ཀྱི་རྒྱལ་མཚན་འཛིན་པ་དང༌། ཉིན་གཅིག་པའི་སྡོམ་པ་བསྲུང་བ་དང༌། ཕ་མ་ལ་སོགས་པས་བསྲུང་བ་དང༌། རང་གི་བུད་མེད་ཡིན་ཡང་ཉིན་པར་སྤྱོད་པ་ལ་སོགས་པ་འདོད་པས་ལོག་པར་གཡེམ་པ་སྟེ། ལུས་ཀྱི་མི་དགེ་བ་གསུམ་དང༌། འདོད་ཆགས་ལྟ་བུའི་ཀུན་ནས་བསླང་སྟེ། གཞན་གྱི་མགོ་བསྐོར་བའི་ཕྱིར་འདུ་ཤེས་བསྒྱུར་ཏེ་ཚིག་དང་དོན་གཞན་གྱིས་གོ་བར་སྨྲ་བ་རྫུན་དང༌། གཞན་མཛའ་བ་དབྱེ་བའི་ཕྱིར་ཕ་རོལ་པོ་ལ་དབྱེན་དུ་འགྱུར་བའི་གཏམ་སྨྲ་བ་ཕྲ་མ་དང༌། ཞེ་སྡང་ལྟ་བུའི་ཀུན་ནས་བསླངས་ཏེ། དོན་དང་མཐུན་མི་མཐུན་ཇི་ལྟར་ཡིན་ཡང་སྐད་ཤུགས་ཆེན་པོས་གཞན་གྱི་སེམས་ལ་གཟན་པར་སྨྲ་བའི་ཚིག་རྩུབ་དང༌། དོན་དང་མི་མཐུན་པའི་གཏམ་ཆལ་ཆོལ་མང་དུ་སྨྲ་བས་རང་གཞན་གྱི་དགེ་སྦྱོར་སོགས་ཀྱི་བར་དུ་གཅོད་ཅིང་གཏད་སོ་མེད་པར་སྨྲ་བ་ངག་འཁྱལ་ཏེ༑ ངག་གི་མི་དགེ་བ་བཞི་དང༌། འདོད་ཆགས་ཀྱིས་ཀུན་ནས་བསླང་སྟེ་གཞན་གྱི་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་པ་བདག་གིས་ལོངས་སྤྱོད་དུ་གྱུར་ན་སྙམ་དུ་གཞན་གྱི་ཕུན་སུམ་ཚོགས་པ་བདག་གིས་ཐོབ་པར་འདོད་པ་བརྣབ་སེམས་དང༌། ཞེ་སྡང་གིས་ཀུན་ནས་བསླང་སྟེ་གང་ཟག་གཞན་འདི་ལ་གནོད་པ་ཅིག་བྱས་ན། འདི་ཤིན་ཏུ་སྡུག་བསྔལ་ན་ཅི་མ་རུང་སྙམ་དུ་བསམ་པ་ལྟ་བུ་གནོད་སེམས་དང༌། གཏི་མུག་གིས་ཀུན་ནས་བསླངས་ཏེ། ལས་རྒྱུ་འབྲས་དང༌། བདེན་བཞི་དང༌། དཀོན་མཆོག་གསུམ་ལ་སོགས་པ་ལ་ཡོད་མེད་དང༌། རྒྱུ་དགེ་བ་ལ་འབྲས་བུ་བདེ་བ་དང༌། མི་དགེ་བ་ལ་འབྲས་བུ་སྡུག་བསྔལ་འབྱུང་ཞེས་བླ་མ་དག་གསུང་ཡང་མི་བདེན་ནམ་སྙམ་པ་ལོག་ལྟ་སྟེ། ཡིད་ཀྱི་མི་དགེ་བ་གསུམ་དང་བཅུའོ། །གཉིས་པ་དེའི་འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུ་གཉིས། དང་པོ་ནི། ཚེ་ཐུང་བ་དང༌། ལོངས་སྤྱོད་དབུལ་བ་དང༌། རང་གི་ཁྱིམ་ཐབས་ལ་སོགས་པས་དགྲ་ལྟ་བུར་བྱེད་པ་དང༌། གཞན་གྱིས་བསྐུར་བ་འདེབས་པ་དང༌། རང་གི་མཛའ་བོ་དང་མི་མཐུན་པར་འགྱུར་བ་དང༌། གཏམ་མི་སྙན་པ་ཐོས་པ་དང༌། དེའི་གཏམ་ལ་བྱུང་གནས་མེད་ཅེས་བདེན་པར་མི་འཛིན་པ་དང་། རེ་བ་འབྲས་བུ་མེད་པ་དང༌། འཇིགས་པ་ཆེན་པོ་དང་ཕྲད་པ་དང༌། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་ལ་སོགས་པའོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མི་དགེ་བ་ཆུང་ངུར་སྤྱད་པས་དུད་འགྲོ་དང༌། འབྲིང་གིས་ཡི་དྭགས་དང༌། ཆེན་པོར་སྤྱད་པས་དམྱལ་བར་འཕེན་པའོ། །གསུམ་པ་ནི། དེ་ལྟར་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ། མི་དགེ་བ་དེ་རྣམས་སྤྱད་པས་འབྲས་བུ་ངན་སོང་ལས་འདས་པ་མི་འདུག་པས་ཅི་ནས་ཀྱང༌། སྲོག་ལ་བབ་རུང་མི་བྱེད་པར་ཡིད་ཀྱིས་དམ་བཅའ་ཞིང་ལུས་ངག་གིས་སྤོང་བའོ། །གསུམ་པ་དགེ་བའི་ལས་བསམ་པ་ལའང༌། ལས་ཀྱི་ངོ་བོ་བསམ་པ། དེའི་འབྲས་བུ་བསམ་པ། དེ་བསྒྲུབ་པར་གདམས་པའོ། །དང་པོ་ནི། སྔར་བཤད་པའི་མི་དགེ་བ་བཅུ་སྤོང་ཞིང༌། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པས་ཀུན་ནས་བསླངས་ཏེ། དགེ་བ་བཅུ་པོ་ཅི་ནུས་བསྒྲུབ་པའོ། །གཉིས་པ་དེའི་འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུ་གཉིས། དང་པོ་ནི། ཚེ་རིང་བ་དང༌། ལོངས་སྤྱོད་ཆེ་བ་དང༌། ཁྱིམ་ཐབས་ལ་སོགས་པས་ཡིད་དང་མཐུན་པར་བྱེད་པ་དང༌། ཕྱོགས་ཀུན་ཏུ་སྙན་གྲགས་ཐོབ་པ་དང༌། མཛའ་བོ་དང་མཐུན་པར་འགྱུར་བ་དང༌། དབང་པོ་དྭངས་པ་དང༌། ཚིག་བརྩན་པ་དང༌། ཡིད་ཀྱི་རེ་བ་འགྲུབ་པ་དང༌། འཇིགས་པ་མེད་པ་དང༌། ལྟ་བ་རྣམ་པར་དག་པར་འགྱུར་བ་ལ་སོགས་པའོ། །མཐར་ཐུག་གི་འབྲས་བུ་ནི། དགེ་བ་བཅུ་པོ་ཆུང་ངུ་དང༌། འབྲིང་དང་། ཆེན་པོར་སྤྱད་པས་ཉན་ཐོས་དང༌། རང་སངས་རྒྱས་དང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་བོ། །གསུམ་པ་ནི། དེ་ལྟར་དགེ་བ་བཅུ་སྤྱད་པ་ལས། འབྲས་བུ་བྱང་ཆུབ་གསུམ་གང་རུང་ཐོབ་ཅིང༌། ཉན་ཐོས་ཀྱི་གོ་འཕང་ལྟ་བུ་ཐོབ་ཀྱང༌། འཁོར་བ་དང་ངན་སོང་གི་འཇིགས་པ་ལས་གྲོལ་བར་འདུག་པས་ཅི་ནས་ཀྱང་དགེ་བ་བསྒྲུབ་སྙམ་དུ་བསམ་མོ༑ ༑གསུམ་པ་ལུང་མ་བསྟན་གྱི་ལས་བསམ་པ་ལ་གསུམ་ལས། དང་པོ་ལས་ཀྱི་ངོ་བོ་ནི། དགེ་མི་དགེ་གང་གིའང་ཀུན་སློང་མེད་པར་བཏང་སྙོམས་སུ་ཁ་ཟས་ཟ་བ་དང༌། བཟོ་བྱེད་པ་ལ་སོགས་པའོ། །གཉིས་པ་ནི། དེའི་འབྲས་བུའང་བདེ་བ་དང་སྡུག་བསྔལ་གང་ཡང་འབྱིན་མི་ནུས་པས། བཏང་སྙོམས་པའི་བཟོ་བྱེད་པ་ལ་སོགས་པ་སྤྲོ་བ་དང་ལག་ཏུ་ལེན་པའོ། །གསུམ་པ་དེ་དགེ་བར་བསྒྱུར་བ་ནི། ཀུན་སློང་གི་དབང་གིས་འགྱུར་བ་ཡིན་པས༑ ཁ་ཟས་ཟ་བ་ལྟ་བུ་ལའང༌། ལུས་ཀྱི་སྲིན་བུ་གསོ་སྙམ་པ་དང༌། ལུས་བརྟས་པར་བྱས་ནས་ཐོས་བསམ་ལ་སོགས་པ་བྱེད་སྙམ་པ་དང༌། འགྲོ་འདུག་ལ་སོགས་པ་བྱེད་ནའང་བླ་མ་ལ་མཇལ་བའི་ཆེད་དང༌། དམ་པའི་ཆོས་ཀྱི་ཆེད་དུ་འགྲོ་བ་དང༌། གཡས་ཕྱོགས་ན་སངས་རྒྱས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཡོད་པར་བསམ་སྟེ། དེ་ལ་ལུས་ཀྱི་དྲག་ཤོས་གཡས་བསྟན་ནས་བསྐོར་བ་བྱེད་པར་བསམ་སྟེ་འགྲོ་བ་ལྟ་བུའོ། །གསུམ་པ་ནི། བདག་དོན་ལ་ཞེན་ན་བྱང་སེམས་མིན། །ཞེས་པའི་དོན། སྔར་བཤད་པ་ལྟར་འཁོར་བ་མཐའ་དག་སྡུག་བསྔལ་དུ་མཐོང་ནས་དེ་ལྟ་བུ་ལས་ཐར་བའི་ཕྱིར། དགེ་བ་ཆུང་འབྲིང་ཅི་རིགས་སུ་སྤྱད་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱང༌། དེའང་རང་དོན་མ་རྫོགས་ཤིང་གཞན་དོན་རྒྱ་ཆེན་པོ་མི་ནུས་ལ། རྫོགས་པའི་སངས་རྒྱས་ཐོབ་པ་ལ་གེགས་དང་བཅས་པ་ཡིན་པས་དེ་ལྟ་བུའི་རང་དོན་ཁོ་ན་དོན་དུ་མི་གཉེར་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ཡང་རྒྱུ་རྐྱེན་མ་ཚང་བ་དང་ནོར་བ་ལས་མི་སྐྱེ་སྟེ། དཔེར་ན་དགུན་ལྟ་བུར་དྲོད་གཤེར་མ་འཛོམ་པའི་དུས་འབྲས་ཀྱི་ས་བོན་བཏབ་ཀྱང་མི་སྐྱེ། འབྲས་འདོད་པ་ལ་ནས་བཏབ་ཀྱང་འབྲས་ཀྱི་ལོ་ཏོག་མི་འབྱུང་གི །འབྲས་ཀྱི་ལོ་ཏོག་འདོད་པ་ལ་རྒྱུ་འབྲས་ཀྱི་ས་བོན་དང༌། རྐྱེན་ཆུ་ལུད་དྲོད་གཤེར་འཛོམས་ན་སྐྱེ་བ་ལྟར་རྫོགས་པའི་བྱང་ཆུབ་ནི༑ རྣམ་སྣང་མངོན་བྱང་ལས། རྒྱུ་སྙིང་རྗེ་ཆེན་པོ་ལས་བྱུང་བ་ཡིན། རྩ་བ་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན། རྐྱེན་ཐབས་ལ་མཁས་པས་མཐར་ཕྱིན་པར་བྱས་པ་ཡིན་ནོ། །ཞེས་གསུངས་པས། དེའི་དོན་ཉམས་སུ་ལེན་པ་ལ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ། དེ་དག་གི་སྤྱོད་པ་ལ་བསླབ་པའོ། །དང་པོ་ལ་བཞི། གཉེན་ལ་བསྒོམ་པ། བར་མ་ལ་བསྒོམ་པ། དགྲ་ལ་བསྒོམ་པ། སེམས་ཅན་ཐམས་ཅད་ལ་བསྒོམ་པའོ། །དང་པོ་ལའང་གསུམ། མར་ཤེས་པ། དྲིན་དྲན་པ། དེ་ལ་བྱམས་པ་བསྒོམ་པའོ། །དང་པོ་ནི། རང་གི་ད་ལྟའི་མ་ལྟ་བུ་ལ་མཚོན་ན། འདིས་ད་ལྟ་མ་བྱས་པར་མ་ཟད། སྐྱེ་བ་མང་པོའི་བར་དུ་མ་བྱས་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་དང༌། མདོ་ལས། སེམས་ཅན་གཅིག་གིས་མ་བྱས་ཏེ། །ནུ་ཞོ་འཐུངས་པ་གང་ཡིན་པ། །རྒྱ་མཚོ་བཞི་ལའང་དེ་ཙམ་མེད། །སེམས་ཅན་གཅིག་གིས་ཕ་བྱས་ཏེ། །རྟ་དང་གླང་པོ་ཕྱིན་པ་རྣམས། །ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ། །ཞེས་གསུངས་སོ། །གཉིས་པ་དྲིན་དྲན་པ་ནི། མ་བྱས་རེས་ཀྱི་ཕན་ཚད་མེད་པ་བཏགས་ཏེ། དེའང་མངལ་དུ་ཆགས་དུས་ཟླ་བ་དགུའམ་བཅུ་ཡི་བར་དུ་ལུས་ལྗི་བ་དང༌། ངལ་བ་དང༌། དེ་ནས་བཙས་པའི་དུས་སུ་རང་གི་ལུས་སེམས་བྲལ་བ་ལ་ཐུག་པའི་སྡུག་བསྔལ་འབྱུང་ཡང་བཟོད་པར་བྱས་ཏེ། སྐྱེས་ནས་བརྡ་དོན་མི་ཤེས་ཤིང་ཅི་ཡང་མི་ནུས་པ་རོལ་ཁའི་འབུ་ལྟ་བུར་ཡོད་པ་ལ། བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། ཟས་ཞིམ་པ་ལྕེས་བསྙོད། མི་གཙང་བ་ལག་པས་ཕྱིས། སོར་མོ་བཅུའི་ཁ་ལ་བླངས། ཟས་གོས་ལ་སོགས་པ་ཅི་ནུས་སུ་སྦྱར། གནོད་པ་མཐའ་དག་བསལ། ཆེར་སྐྱེས་ནས་རང་གི་སྲོག་དང་བསྡོས་པའི་ནོར་གཅེས་པ་བྱིན། འབྲི་ཀློག་ལ་སོགས་པ་བསླབ་བྱའི་རིགས་ཀུན་བསླབ། མདོར་ན་ཕན་བཏགས་ཤིང་གནོད་པ་ཀུན་ལས་བསྐྱབས་པ་ལ་སོགས་དྲིན་ཅི་ཡོད་བསམ་མོ། །གསུམ་པ་བྱམས་པ་བསྒོམ་པ་ནི། སློབ་དཔོན་ཟླ་བས། འགྲོ་ལ་ཕན་པ་ཉེར་བསྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པས། བྱམས་པའི་ངོ་བོ། སེམས་ཅན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བསམ་པ་ནི་བྱམས་པའི་བློ་ཡིན་པས། དྲིན་ཅན་གྱི་མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱའོ་སྙམ་པ་སེམས་བསྐྱེད་དང་འབྲེལ་བ་དང༌། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ་དང༌། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་སྨོན་ལམ་དང་འབྲེལ་བ་སྟེ། དེ་ལྟར་མ་གཡེངས་པར་བསྒོམས་ཤིང་ཚིག་ཏུའང་བརྗོད་དོ། །དེ་ལྟར་རྩ་བའི་མ་ལ་མར་ཤེས་ཤིང་དྲིན་དྲན་ནས་བྱམས་པ་བསྒོམ་པ་ལྟར། བར་མ་དང༌། དགྲ་དང་སེམས་ཅན་ཐམས་ཅད་ལ་ཁ་སྤོས་ཏེ་བསྒོམ་མོ༑ ༑དེ་ལྟར་བྱམས་པ་བསྒོམ་པས་ལེགས་པར་འབྱོངས་པ་ན། དེའི་སྟོབས་ཀྱིས་སྙིང་རྗེ་སྐྱེ་བ་ཡིན་ཏེ། དེ་སྐད་དུ། སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །དེ་སྡུག་བསྔལ་ལས་ཡང་དག་སྐྱེས། །ཞེས་གསུངས་པས། དེས་ན་སྙིང་རྗེ་བསྒོམ་པ་ལ། སྙིང་རྗེའི་ངོ་བོ་ནི། སློབ་དཔོན་ཟླ་བས། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །སྙིང་རྗེ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པས། ཡུལ་གྱི་སྡུག་བསྔལ་མཐོང་ན་མི་བཟོད་ཅིང་དེ་དང་བྲལ་བར་འདོད་པའི་བློ་ཡིན་ལ། དེ་ཡང་གཉེན་ལ་བསྒོམ་པ། དགྲ་གཉེན་བར་མ་ལ་བསྒོམ་པ། དགྲ་ལ་བསྒོམ་པ། སེམས་ཅན་ཐམས་ཅད་ལ་བསྒོམ་པའོ། །དང་པོ་ལ་གསུམ་ལས། མར་ཤེས་པ་དང༌། དྲིན་དྲན་པ། བྱམས་པ་བསྒོམ་པའི་སྐབས་ལྟར་བྱ། སྙིང་རྗེ་བསྒོམ་པ་ནི། རང་གི་རྩ་བའི་མ་ལྟ་བུ་གསོན་ནམ་ཤི་ཡང་རུང་སྟེ། དེའི་རྣམ་པ་མདུན་དུ་གསལ་བར་དམིགས་ལ། བདག་གི་དྲིན་ཅན་གྱི་མ་འདི་སྡུག་བསྔལ་དང་ལྡན་བདེ་བ་དང་བྲལ་འདུག་པ་སྙིང་རེ་རྗེ་ན། འདི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་དགོས་པ་ལ། མ་རང་གི་གནས་ལུགས་ལ་བལྟས་པས། སྡུག་བསྔལ་དེ་དང་དེའི་རྒྱུ་དང་ལྡན། དེའི་ལོངས་སྤྱོད་ཅན་དུ་འདུག་པ་སྙིང་རེ་རྗེ། སྡུག་བསྔལ་འདི་ལྟ་བུ་དང་བྲལ་བར་བྱའོ་སྙམ་པ་སེམས་བསྐྱེད་དང་འབྲེལ་བ་སོགས་བྱམས་པ་བསྒོམ་པའི་སྐབས་ལྟར་བྱ་ཞིང་བསྒོམ། དེ་ནས་ཡང་བར་མ་དང༌། དགྲ་དང་། སེམས་ཅན་ཐམས་ཅད་ཀྱི་བར་རེ་རེ་ནས་ཁ་སྤོས་ལ་སྙིང་རྗེ་བཅོས་མ་མ་ཡིན་པ་སྐྱེས་སྐྱེས་བསྒོམ་མོ། །དེ་ལྟར་སྙིང་རྗེ་སྐྱེས་པ་དང༌། དེའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་ཏེ། དེ་སྐད་དུ། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་གསུངས་པས། དེས་ན་དེའི་མཇུག་ཏུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་བ་བསྒོམ་པ་ནི། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་དགེ་བས་དེ་ཀུན་བདེ་ཐོབ་ཤོག །ཅེས་པ་ལྟར་ཡུལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ཅི་ཡོད་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་དགེ་བ་དང་། བདེ་བ་དང་། ལེགས་པ་ཅི་ཡོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་ཚིག་ཏུ་བརྗོད་ཅིང་ཡིད་ཀྱིའང་ཞེ་ཐག་པ་ནས་བསྒོམ་མོ། །བཞི་པ་དེ་དག་གིས་སྤྱོད་པ་ལ་བསླབ་པ་ནི། སྤྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་ལ་གནོད་པ་སྤོང་ཞིང་ཕན་པ་ཅི་ནུས་བསྒྲུབ་པའོ། །ཁྱད་པར་དུའང་རང་སྨིན་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང༌། བསྡུ་བའི་དངོས་པོ་བཞིས་གཞན་སྨིན་པ་སོགས་རྒྱས་པར་ནམ་མཁའི་སྙིང་པོའི་མདོ་དང༌། བསླབ་པ་ཀུན་ལས་བཏུས་དང༌༑ སྤྱོད་འཇུག་དང་། རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་འབྱུང་བ་ལྟར་ཉམས་སུ་བླང་གསུངས་སོ། །བཞི་པ་ནི། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་པའི་དོན། ཀུན་རྫོབ་བྱང་སེམས་ལེགས་པར་སྐྱེས་ཀྱང༌། བདེན་འཛིན་དང་བཅས་ན་རྟག་ཆད་ཀྱི་མཐར་ལྷུང་ཞིང་གྲོལ་བར་མི་འགྱུར་བས། དེས་ན་དངོས་པོ་དང་མཚན་མར་འཛིན་པའི་གཉེན་པོར་ཞི་ལྷག་གཉིས་བསྒོམ་དགོས་ཏེ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་སྐྱོན་རྣམས་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་སོ། །དེ་ལ་གསུམ། ཞི་གནས་བསྒོམ་པ། ལྷག་མཐོང་བསྒོམ་པ། ཟུང་འབྲེལ་དུ་བསྒོམ་པའོ། །དང་པོ་ནི། གནས་དབེན་ཞིང་ཉམས་དགའ་བ། ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་འཚེ་བ་མེད་ལ། སྐྱེ་བོའི་རྒྱུ་འགྲུལ་དང༌། དགྲའི་གཙེར་གླག་སོགས་བསམ་གཏན་གྱི་ཚེར་མ་མེད་པར་སྟན་བདེ་བ་ལ་འདུག་ནས། ཐུན་ཐམས་ཅད་ཀྱི་སྔོན་ཏུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་པ་མཉམ་བཞག །ལྕེ་རྩེ་རྐན་ལ་ཅུང་ཟད་སྦྱར། སྒལ་ཚིགས་དྲང་པོར་བསྲང༌། མིག་འབྱེད་འཛུམ་རན་པར་བྱས་ལ་བསྒོམ། དེའང་མགོན་པོ་བྱམས་པས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་བརྗོད། །ཅེས་གསུངས་པ་ལྟར། ཕྱི་ནང་གི་དམིགས་རྟེན་རྡེའུ་ནག་པོ་ལ་སོགས་པ་གང་ཡིན་པ་གཅིག་གི་སྟེང་དུ་སེམས་རྩེ་གཅིག་ཏུ་འཇོག་པ་ཞི་གནས་ཡིན་ལ། གནས་བརྟན་བྱང་བཟང་གིས། ཏིང་འཛིན་རྒྱལ་པོའི་མདོ་ལས་སངས་རྒྱས་ཀྱི་སྐུ་ལ་དམིགས་ནས་བསྒོམ་པར་བཤད་ཅིང༌། དེ་དང་སྔར་རྡེའུ་ལྟ་བུ་ལ་དམིགས་ནས་བསྒོམ་པ་གཉིས་ལས། སེམས་རྩེ་གཅིག་ཏུ་གནས་པའི་ཐབས་སུ་ཁྱད་པར་མེད་ཀྱང༌། སངས་རྒྱས་ཀྱི་སྐུ་ལ་དམིགས་པས་སངས་རྒྱས་རྗེས་སུ་དྲན་པར་འགྲོ་ཞིང༌། བསོད་ནམས་ཆེ་བས་དེའི་དབང་དུ་བྱས་ནས། མདུན་ཏུ་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་པ་ས་གནོན་དང༌། གཡོན་མཉམ་བཞག་མཛད་པ། ན་བཟའ་ཆོས་གོས་ངུར་སྨྲིག་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམས་ལ། དེའི་སྐུ་དང་ཁྱད་པར་སྨིན་མཚམས་ཀྱི་མཛོད་སྤུ་ལ་དམིགས་ཤིང་བསྒོམ་མོ། །ཡང་ན་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན། གདན་སོགས་སྔར་དང་འདྲ་བ་ལ་དམིགས་ནས་བསྒོམ་ཀྱང་ཆོག་གསུང་ངོ༌། དེ་ལྟར་ལྷག་མཐོང་གི་སྔོན་ཏུ་ཞི་གནས་བསྒོམ་པ་ནི། ཐོག་མར་ཞི་གནས་བཙལ་བྱ་ཞེས་པའི་དོན་ཡིན་ནོ། །ཞི་གནས་ལ་ལེགས་པར་གོམས་ཤིང་དམིགས་རྟེན་གང་རུང་གི་སྟེང་དུ། ལོ་ཟླ་མང་པོའི་བར་སེམས་གནས་ནུས་པའི་ཞི་གནས་དང༌། དེ་གཅིག་པུས་མི་ཆོག་གི་ཉོན་མོངས་པ་དྲུང་ནས་འབྱིན་པར་བྱེད་པའི་གཉེན་པོར་ལྷག་མཐོང་བསྒོམ་དགོས་ཤིང༌། དེའང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཕྱི་ནང་གི་ཆོས་ཀྱི་གནས་ལུགས་ལ་དཔྱད་ནས། ཡོད་མེད་རྟག་ཆད་ལ་སོགས་པ་མཐའ་དང་བྲལ་བར་རྟོགས་པའི་བློ་དེ་ལྷག་མཐོང་ཡིན་ཞིང༌། སྔར་བཤད་པའི་ཞི་གནས་དེ་སེམས་རྩེ་གཅིག་ཏུ་གནས་པའི་ཐབས་ཡིན་ལ། ཕྱིས་ལྷག་མཐོང་གིས་མཐོང་བའི་དོན་ལ་ཞི་གནས་ཀྱིས་རྩེ་གཅིག་ཏུ་བཞག་དགོས་པས། གཉིས་པ་ལྷག་མཐོང་བསྒོམ་པ་ལ་གསུམ། ཡུལ་སྣང་སེམས་ཀྱིས་བྱས་པར་བསྒྲུབ་པ། སེམས་སྒྱུ་མར་བསྒྲུབ་པ། སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པའོ། །དང་པོ་ནི། ཡུལ་གྱི་སྣང་བ་སྣ་ཚོགས་རྟ་དང་། གླང་པོ་དང༌། སྐྱེས་པ་ཕོ་མོ་དང༌། རྩིག་པ་དང༌། བུམ་པ་དང༌། སྣམ་བུ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་འདི་རྒྱུ་མེད་དམ། ཕྱྭ་དང་དབང་ཕྱུག་ལ་སོགས་པས་བྱས་པའམ། འབྱུང་བཞི་དང་རྡུལ་ཕྲན་གྱིས་བྱས་པའམ། སངས་རྒྱས་ཀྱི་སྤྲུལ་པས་བྱས་པ་སོགས་མ་ཡིན་གྱི། ཐོག་མ་མེད་པ་ནས་རང་གི་སེམས་ལ་དེ་དང་དེའི་བག་ཆགས་བཞག་པའི་དབང་གིས་བྱུང་བ་ཡིན། འདི་ཐམས་ཅད་ཀྱི་བྱེད་པ་པོ་སེམས་ཡིན། སེམས་ལས་གཞན་པའི་དེའི་བྱེད་པ་པོ་མེད་སྙམ་དུ་བསྒོམ་པའོ། །གཉིས་པ་ནི། མདོ་ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པོ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཅི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་སྔར་བཤད་པའི་ཡུལ་སྣ་ཚོགས་པ་དེ་ཡང་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་ཏེ། དཔེར་ན། རྨི་ལམ་དུ་བདེ་བ་དང་སྡུག་བསྔལ་སྣ་ཚོགས་མྱོང་བར་རྨིས་ཀྱང༌༑ སད་པ་ན་མི་བདེན་པར་ཀུན་གྱིས་ཤེས་པ་བཞིན་ནོ། །དེས་ན་ཀུན་རྫོབ་ཙམ་དུ་སྣང་བ་འདི་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཡིན་སྙམ་དུ་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ་མོ། །གསུམ་པ་ནི། དེ་ལྟར་ཡུལ་སྒྱུ་མ་ལྟ་བུར་སྣ་ཚོགས་སུ་སྣང་བ་དེ་ཡང་ཀུན་རྫོབ་ཙམ་དུ་སྣང་བས་སྣང་བ་མི་འགོག་ཅིང་། དཔྱད་ན་དོན་དམ་པར་གྲུབ་པ་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ཙམ་དུ་ཡང་མེད་སྙམ་དུ་བསྒོམ་མོ། །གསུམ་པ་ཟུང་འབྲེལ་དུ་བསྒོམ་པ་ནི། ཡུལ་སྣང་སེམས་ཀྱིས་བྱས་པར་བསྒྲུབ་པ་ལ་སོགས་པ་རིམ་བཞིན་གཏན་ལ་ཕབ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་དུ་རྟོགས་ཤིང་ངེས་པར་བྱས་ནས། དེ་ལྟར་རྟོགས་མཁན་གྱི་བློ་དང༌༑ ཡུལ་གྱི་གནས་ལུགས་དབྱེར་མེད་པ་ཆུ་ལ་ཆུའམ། མར་ཁུ་ལ་མར་ཁུ་ཐིམ་པ་ལྟར་རོ་གཅིག་ཏུ་གྱུར་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བསྒོམ་མོ། །འདི་ལྟ་བུའི་རྒྱུན་བསྒོམས་པར་བྱས་པས་གོམས་པ་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྟོང་པ་ཉིད་ཀྱིས་དྲངས་པའི་དམིགས་མེད་ཀྱི་སྙིང་རྗེ་སོགས་སྐྱེ་ཞིང་དངོས་པོར་འཛིན་པའི་འཁྲུལ་པ་ལོག་སྟེ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བ་ཞེས་བྱ་བ། རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་གོ་འཕང་མངོན་ཏུ་འགྱུར་བ་ཡིན་ནོ། །གསུམ་པ་རྗེས་བསྔོ་བས་རྒྱས་གདབ་པ་ནི། ཐུན་ཐམས་ཅད་ཀྱི་མཇུག་ཏུའང་བྱ་ཞིང༌། དེའང་འདི་ལྟར་བསྔོ་རྒྱུ་བདག་གིས་ཏིང་ངེ་འཛིན་ཟབ་མོ་བསྒོམས་པའི་དགེ་བའི་རྩ་བ་དང༌། དེས་མཚོན་ཏེ་བདག་དང་གཞན་གྱིས་དགེ་བའི་རྩ་བ་ཅི་བྱས་པ་འདུས་བྱས་ཀྱི་ཕྱོགས་སུ་གཏོགས་པ་ཐམས་ཅད་བསྔོ། བསྔོ་བ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ས་ཡང་བློ་ཡུལ་དུ་བྱས། ཆེད་དུ་བྱ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྔོ། རྣམ་པ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་དགོངས་སུ་གསོལ་སྔོན་ཏུ་འགྲོ་བས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་སོགས་བསྔོ་བ་མདོ་སྡེ་དང་བསྟན་བཅོས་ལས་འབྱུང་བ་གང་ཤེས་བྱའོ། །ཞེས་པ་འདི་ནི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེ་དུ་མའི་དབང་ཕྱུག་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་བླ་མ་ཀུན་དགའ་ལེགས་པའི་གསུང་གིས་བསྐུལ་ནས། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོའི་ཞབས་ཀྱིས་ཞལ་སྔར་ཚར་གཉིས་མཉན་ཏེ། བླ་མ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་དགེ་སློང་ཀུན་དགའ་ལེགས་རིན་གྱིས་ཟིན་བྲིས་བྱས་ནས། སླར་ཡང་བླ་མ་ཆོས་ཀྱི་རྗེ་ལ་གཟིགས་པ་ཕུལ་ནས་དག་པར་བྱས་ཏེ་བཀོད་པའོ། །སླད་ནས་ལུང་ཁུངས་རྣམས་གསལ་བར་བྲིས་པ་དགེ །དགེའོ། །མངྒ་ལམ། ༈ །བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་བྱང་སེམས་ཀུན་དགའ་ལེགས་རིན་གྱིས་མཛད་པའི་འཆད་ཐབས་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཝེ། ཕུལ་བྱུང་སྨོན་པའི་ཆུ་གཏེར་ལས་འཁྲུངས་སྟོང་ཉིད་བཅུ་དྲུག་ཆ་ཤས་རྫོགས། །སྙིང་རྗེའི་སྣང་ཆ་རི་དྭགས་གཟུགས་ཀྱིས་ཉེར་མཛེས་ཕྲིན་ལས་ཞི་བསིལ་འོད། །ག་བུར་དོག་པས་མཚོན་མིན་བསྐལ་བཟང་ཨུཏྤལ་བཤེས་སུ་སྤྲོ་མཁས་པའི། །འཇམ་དབྱངས་བླ་མ་སྨྲ་བའི་ཟླ་བ་མཆོག་དེར་ཕྱག་གིས་འདུད། །རྒྱལ་ཀུན་ཡེ་ཤེས་རང་གཟུགས་རལ་གྲི་ཅན། །མཚན་དཔེ་ངོམ་པའི་ཟོལ་གྱིས་བརྩེ་བ་ཆེར། །རྒྱལ་སྲས་འཇུག་པའི་སྲོལ་ཆེན་དོན་ཚན་བཞིར། །བསྡུས་ཏེ་གདམས་པའི་གྲགས་དཀར་རྣ་བའི་དཔྱིད། །ཚུལ་དེ་འཆད་བྱར་བྱས་པའི་རྩོད་བྲལ་གཞུང༌། །ཇི་བཞིན་འཆད་ལ་ཉེར་མཁོའི་མཚམས་སྦྱོར་འདིས། །འབྱུང་འགྱུར་འཆད་པའི་ཁྲིར་འཛེགས་གསར་བུ་རྣམས། །འཆད་བྱེད་ངག་གི་འདོད་འཇོ་ཐོབ་ཕྱིར་སྤེལ། །དེ་ཡང་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་དེད་དཔོན་བྱང་ཆུབ་སེམས་ཀྱིས་རྒྱུད་ཕྱུག་པ་དག་གིས་སྐལ་བ་དང་ལྡན་པའི་སློབ་མ་རྣམས་ལ་ཞེན་པ་བཞི་བྲལ་གྱི་ལམ་ནས་རྣམ་གྲོལ་རིན་ཆེན་གླིང་དུ་དཀྲི་བའི་ཚུལ་ལ། རྗེ་བཙུན་རིན་པོ་ཆེས་མཛད་པའི་ལོ་རྒྱུས་ཁྲིད་ཡིག་ཉམས་དབྱངས་ཀྱི་ཚུལ་ཅན། རྗེ་ས་པཎ་དང་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་ཟིན་བྲིས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེང་གེས་མཛད་པའི་ཁྲིད་ཡིག །མ་ཧཱ་པཎྜི་ཏ་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཁྲིད་ཡིག་སོགས་ཡིག་སྣ་མང་དུ་བཞུགས་པ་ལས། དེང་སང་ཁྲིད་ཡིག་ཕལ་ཆེར་རྡོ་རྗེ་འཆང་གི་རུས་དབོན་བྱང་ཆུབ་སེམས་དཔའ་ཀུན་དགའ་ལེགས་པའི་རིན་ཆེན་གྱིས་རྗེ་བླ་མའི་གསུང་སྒྲོས་ཟིན་བྲིས་སུ་བཏབ་པའི་སྟེང་ནས་མཛད་པ་ཤས་ཆེ་བས་དེའི་ཚུལ་ལ། ཐོག་མར་གཙུག་ལག་ཁང་སོགས་གནས་ཡིད་དུ་འོང་བར། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་གཙོ་འཁོར་བཞུགས་པའི་རྟེན་གྱི་དྲུང་དུ་ཅི་འབྱོར་བའི་མཆོད་པ་བཤམས་ལ། སློབ་དཔོན་རང་ཉིད་རྟེན་ལ་ཁ་ཕྱོགས་པས་ཕྱག་དང་བཅས་ཏེ། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་སྔོན་ཏུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཞེས་སོགས་སྤྱོད་འཇུག་ནས་འབྱུང་བའི་ཚིག་གིས་སྨོན་འཇུག་སེམས་བསྐྱེད་པ་བླངས་པས་བྱང་སྡོམ་སོར་ཆུད་པར་བྱས་ནས། སྐྱབས་སེམས་སྔོན་ཏུ་བཏང་ནས་སློབ་མ་ལ་འབོག་རྒྱུའི་དམིགས་རྐང་གང་ཡིན་དེ་ཐུན་གཅིག་བསྒོམས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་ཀྱི་བསྔོ་བས་རྒྱས་འདེབས་པ་ཉི་མ་རྗེས་མ་རྣམས་ལའང་འགྲེའོ། །དེ་ནས་སློབ་མ་རྣམས་བོས་ལ་ཐོག་མར། སློབ་དཔོན་གྱིས་བདུད་ཚར་བཅད་པའི་སྔགས་བདུན་ཙམ་བསྒྲང་བའི་ཚེ། སློབ་མ་རྣམས་ཀྱིས་ཕྱག་བྱས་ནས་གྲལ་རིམ་བཞིན་འཁོད་པ་ལ་སློབ་དཔོན་གྱིས་བསྐུལ་ཏེ། སྨྲ་བསམ་བརྗོད་མེད་སོགས་ཤེར་སྙིང་ཚར་གཅིག་དང༌། བདུད་བཟློག་ཚར་གསུམ་གྱི་མཇུག་ཏུ། རྫོགས་པའི་བྱང་ཆུབ་སོགས་ཤླཽ་ཀ་གཅིག་དང༌། བསོད་ནམས་འདི་ཡིས་སོགས་བརྗོད། དཔལ་ལྡན་རྩ་བའི་བླ་མ་སོགས་དང༌། འགྲོ་བའི་བླ་མ་སོགས་བརྒྱུད་འདེབས་ཟུར་ནས་འབྱུང་བ་དལ་བུས་བསྒྲིགས་འདོན་བྱས་པའི་ཚེ། མཆོད་གཡོག་པས་མེ་ཏོག་གྲལ་མགོ་ནས་བཀྱེ། གྲལ་གཤམ་ནས་བསྡུས། ཕྱག་གསུམ་བཙལ་ལ་འགྲེང་སྟེ་འདུད་པ་དང་བཅས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པའི་དྲུང་དུ་ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་བཀའ་ཁྲིད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་ཞུ། ཞེས་བརྡ་སྦྱར་ནས། མཎྜལ་སོ་བདུན་མ་ཕུལ། སྤྲོ་ན། གང་གི་མཆོད་རྫས་མ་དང༌། དེང་ནས་བྱང་ཆུབ་སོགས་ཀྱང་བྱ། དེ་ནས་སློབ་དཔོན་གྱིས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སྐད་གསང་མཐོན་པོས་འདི་སྐད་བརྗོད་པར་བྱའོ། །འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ལ་དོན་ཉམས་སུ་ལེན་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བཞག །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་ཏུ། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ངག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། ཉལ་བ་དང༌། བསྙེས་པ་དང༌། སློབ་དཔོན་ལ་གཞོགས་དང་རྒྱབ་ཀྱིས་ཕྱོགས་པ་ལ་སོགས་པ་སྤངས་ཏེ། ཙོག་པུའམ་པུས་མོ་བཙུགས་ཏེ་གུས་པའི་སྤྱོད་ལམ་དང་ལྡན་པས། ངག་སྨྲ་བ་བཅད་དེ། ཡིད་རྩེ་གཅིག་པའི་སྒོ་ནས། གསང་བ་བསམ་གྱིས་མི་ཁྱབ་པ་ལས། སངས་རྒྱས་འཇིག་རྟེན་འབྱུང་བ་བརྒྱ་ལམ་ན། །མི་ཡི་ལུས་ནི་ཤིན་ཏུ་རྙེད་པར་དཀའ། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་འཇིག་རྟེན་ན་ནི་ཤིན་ཏུ་དཀོན། །ཞེས་གསུངས་པ་ལྟར་རྐྱེན་དེ་དག་ཚོགས་ནས་ཆོས་ཉན་ཏུ་ཡོད་པ་ལ་དགའ་ཞིང་སྤྲོ་བ་དང་བཅས་པས་གསན་དགོས་ལ། ཁྱད་པར་དུ་མདོ་ལས། ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུངས་ཤིག །ཅེས་གསུངས་པའི་ལྡོག་ཕྱོགས་སུ་གྱུར་པ་ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་བུབ་པ་ལྟ་བུའི་སྐྱོན་དང༌། ཡིད་གཏད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་དང༌། དྲན་པ་དང་ཤེས་བཞིན་གྱིས་བཟུང་ཡང༌། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་གསུངས་པ་ལྟར། འཆད་པ་པོ་འདི་བས་ཁོ་བོ་རང་རིགས་དང་ཡོན་ཏན་ལ་སོགས་པ་དུ་མའི་སྒོ་ནས་ཁྱད་པར་འཕགས་སོ་སྙམ་པའི་ང་རྒྱལ་དང༌། འཆད་པ་པོ་འདི་ལ་སྐྱོན་གྱི་རྣམ་པ་འདི་ལྟ་བུ་ཞིག་ཡོད་དོ་སྙམ་པའི་མ་དད་པ་དང༌། བཤད་བྱའི་ཆོས་དེ་ལ་ཤེས་ན་སྙམ་པའི་དོན་གཉེར་གྱི་བློ་མེད་པ་དང༌། གཟུགས་སོགས་ཕྱི་རོལ་གྱི་དངོས་པོ་ལ་རྟོག་དཔྱོད་དང༌། རྩེད་མོ་དང་ཀུ་རེ་ལ་སོགས་པས་ཡིད་གཡེང་བ་དང༌། དུག་གསུམ་གྱི་རྟོག་པ་འོག་འགྱུ་རྒྱ་འབྱམས་པ་དང༌། ཏིང་ངེ་འཛིན་ལ་མཉམ་པར་འཇོག་ལོ་བྱེད་པ་སོགས་ཡིད་ནང་དུ་སྡུད་པ་དང༌། ད་དེ་ག་ཙམ་ལ་ཆོས་ཀྱི་མཚམས་བྱས་ན་ལེགས་ཏེ་སྙམ་པ་ཆོས་ཉན་པའི་སྐྱོ་བ་སྟེ། དྲི་མ་དྲུག་པོ་གང་རུང་དང་ལྡན་པ་ནི་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་ངེས་པར་སྤང་དགོས། གཞན་ཡང་དཔོན་སློབ་གཉིས་ཀས་འདུ་ཤེས་དྲུག་བསྟེན་ཅིང་ཕར་ཕྱིན་དྲུག་ལྡན་ཏུ་ཉམས་སུ་ལེན་དགོས་ཏེ། སློབ་དཔོན་ལ་སྨན་པ། ཆོས་ཉན་པ་རྣམས་ནད་པ། ཆོས་ལ་སྨན་བཟང་པོ། ཉོན་མོངས་པ་ལ་ནད་དྲག་པོ། ནན་ཏན་གྱིས་བསྒྲུབ་པ་ལ་ནད་ཉེ་བར་གསོ་བ། དེ་བཞིན་གཤེགས་པ་ལ་མི་བསླུ་བའི་ཕྱིར་སྐྱེས་བུ་དམ་པ་དང༌། ཐབས་འདིས་བདེ་བར་གཤེགས་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱའོ་སྙམ་པའི་འདུ་ཤེས་དྲུག་དང༌། སློབ་དཔོན་གྱིས་ཆོས་ཀྱི་ཚིག་དོན་སྟེར་བ་དང༌། དེའི་ཆེད་དུ་ཡོན་དབུལ་བ་ལ་སོགས་པ་སྦྱིན་པ། ཉན་བཤད་ཀྱི་མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས། ལུས་ངག་གི་དཀའ་སྤྱད་ལ་མི་སྐྱེ་བའི་བཟོད་པ། ཉན་བཤད་ལ་སྤྲོ་བའི་བརྩོན་འགྲུས། ཆོས་ལ་རྩེ་གཅིག་པའི་བསམ་གཏན། ཚིག་དང་དོན་རབ་ཏུ་རྣམ་པར་དབྱེ་བའི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞིག་ངེས་པར་དགོས་པས་དེ་དག་ཚུལ་བཞིན་ཏུ་གསལ་བཏབ་ནས་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། འདིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་ནས། ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་གནང༌། དེས་གངས་ཅན་མཁས་པའི་གཙུག་རྒྱན་སྙིགས་དུས་ཀྱི་ཐུབ་དབང་གཉིས་པ་ཀུན་མཁྱེན་ཀུན་དགའ་བཟང་པོ་ལ་གནང༌། དེས་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ལ་གནང༌། དེས་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ལ། དེས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ལ། དེས་མཁས་པ་ཆེན་པོ་སྤྱན་སྔ་དཀོན་མཆོག་རྒྱ་མཚོ་ལ། དེས་རྗེ་བཙུན་ངག་དབང་མཆོག་ལེགས་རྡོ་རྗེ་ལ། དེས་རང་གི་དབོན་མཁྱེན་རབ་བསྟན་འཛིན་བཟང་པོ་ལ། དེས་དབོན་བྱམས་པ་ངག་དབང་ལྷུན་གྲུབ་ལ། དེས་རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ་ལ། དེས་འཇམ་མགོན་གནས་གསར་བ་ལ། དེས་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ། དེས་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ་ལ། འཇམ་དབྱངས་འཁོན་སྟོན་ངག་དབང་རྡོ་རྗེ་རིན་ཆེན་ལ་གནང༌། དེས་བདག་གི་རྩ་བའི་བླ་མ་ཆེ་གེ་མོ་ལ་གནང༌། དེས་བདག་ཅག་ལ་དགྱེས་བཞིན་ཏུ་བཀའ་དྲིན་ཆེན་པོས་གནང་བའོ། །ཞེས་པས་མཚོན་རང་རང་གི་ཐོབ་ཡིག་དང་བསྟུན་ནས་བསྒྱུར་ཤེས་པར་བྱའོ། །གཉིས་པ་མན་ངག་དངོས་ལ་སྔོན་འགྲོ། དངོས་གཞི་ཞེས་པ་ནས། ལས་ལ་བརྩོན་པར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །གཉིས་པ་དངོས་གཞི་ལ་བཞི་ལས། དམིགས་པ་དང་པོ་ནི། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞལ་སྔ་ནས། དང་པོ་ཚེ་འདིར་མ་ཞེན་པ། །ཞེས་པ་ནས། ཆོས་བརྒྱད་ཀྱི་བསམ་གཏན་བཤོལ་ལ་ཞོག །ཅེས་གསུངས་པ་ལྟར། ཚེ་འདི་ལ་མ་ཞེན་པ་གཅིག་དགོས་ཀྱི་ཞེས་པ་ནས། དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྙམ་དུ་བསྒོམ་མོ། །བཞི་པ་ནི། དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་མཐའ་དག་ཚང་བ་ཤིན་ཏུ་དཀོན་པའི་ཕྱིར་རྙེད་པར་དཀའ་སྟེ། དལ་བ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ལྷ་དང་ཀླ་ཀློ་དང༌། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་དང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར་མི་ཁོམ་པའི་གནས་བརྒྱད་དང༌བྲལ་བ་ཞིག་དགོས་ཀྱི། དེ་ལ་དམྱལ་བ་ནི་སྡུག་བསྔལ་དྲག་པོས་གཟིར་བ་དང༌། ཡི་དྭགས་ནི་སེམས་འཚིགས་པའི་རང་བཞིན་ཡིན་པ་དང༌། དུད་འགྲོ་ནི་ཀུན་ཏུ་རྨོངས་ཤིང་རྒྱུད་ངོ་ཚ་དང་ཁྲེལ་མེད་པ་ཤས་ཆེ་བ་དང༌། ལྷ་ཚེ་རིང་པོ་ནི་འགལ་རྐྱེན་ལོག་ལྟ་དང་མངོན་པའི་ང་རྒྱལ་སྐྱེ་བའི་གནས་ཡིན་པ་དང༌། ཀླ་ཀློ་ནི་མ་བག་མར་ལེན་པ་སོགས་བླང་དོར་ཕྱིན་ཅི་ལོག་ཏུ་སྤྱོད་ཅིང་སྐྱེས་བུ་དམ་པ་དང་འཕྲད་པར་དཀའ་བ་དང༌། ལོག་ལྟ་ཅན་ནི་དགེ་བ་ལ་མཐོ་རིས་དང་ཐར་པའི་རྒྱུར་མི་སེམས་ཤིང༌། དཀོན་མཆོག་དང་ལས་འབྲས་ལ་སོགས་མི་བདེན་པར་འདོད་པ་དང༌། སངས་རྒྱས་ཀྱིས་སྟོང་པའི་འཇིག་རྟེན་ཏུ་སྐྱེས་པའི་མི་རྣམས་ལ་བསྒྲུབ་རྒྱུའི་དམ་པའི་ཆོས་མེད་པ་དང༌། ལྐུགས་པ་ནི་ལྕེའི་དབང་པོ་ལ་སྐྱོན་ཞུགས་པ་སྟེ། དེ་དག་བླང་དོར་གྱི་རྣམ་དབྱེས་རྨོངས་ཤིང་ཆོས་ཀྱི་ཐ་སྙད་ལས་འདས་པའི་ཕྱིར་དམ་པའི་ཆོས་བསྒྲུབ་ཏུ་མི་ཁོམ་མོ། །དེས་ན་དལ་བའི་རྟེན་ཐོབ་པ་ཤིན་ཏུ་དཀའ་སྟེ། རིགས་དྲུག་གི་འགྲོ་བ་ཕལ་མོ་ཆེ་མི་ཁོམ་པའི་གནས་ཀྱི་ནང་ན་འདུག་པའི་ཕྱིར་རོ། །འབྱོར་པ་བཅུ་དང་ལྡན་པ་ལ། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས། དང་པོ་ནི། མིར་སྐྱེས་ཡུལ་གྱི་དབུས་སུ་སྐྱེས། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་མ་ལོག་པ། །ཞེས་གསུངས་ཏེ། མིར་སྐྱེ་བར་དཀོན་པའི་ཚུལ་ནི་སྔར་བཤད་ཟིན་ཏོ། །ཡུལ་གྱི་དབུས་སུ་སྐྱེ་བའང་དཀོན་ཏེ། འཕགས་པ་ཐོགས་མེད་ཀྱིས་འཁོར་རྣམ་བཞི་གང་རུང་བཞུགས་པའི་ས་ཕྱོགས་ལ་ཡུལ་དབུས་དང༌། མི་བཞུགས་པ་ལ་མཐའ་འཁོབ་ཏུ་གསུངས་པའི་ཕྱིར། འཁོར་རྣམ་བཞི་མི་བཞུགས་པའི་ས་ནི་ནམ་མཁའི་ཁྱོན་ཙམ། བཞུགས་པའི་ས་ནི་ཤིང་རྟའི་འཕང་ལོ་ཙམ་དུ་སྣང་བའི་ཕྱིར་རོ། །དབང་པོ་ཚང་བ་དཀོན་ཏེ། སྡོང་པོ་བཀོད་པ་ལས། དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའ། ཞེས་གསུངས་སོ། །གནས་ལ་དད་པའང་དཀོན་ཏེ། ལེགས་པར་གསུངས་པ་དམ་པའི་ཆོས་འདུལ་བ་ལ་སྙིང་ནས་དད་པ་ཐོབ་པ་བརྒྱ་ཞིག་ན་རེ་རེ་ཙམ་དུ་སྣང་བའི་ཕྱིར་རོ། །ལས་ཀྱི་མཐའ་མ་ལོག་པའང་དཀོན་ཏེ༑ མཚམས་མེད་ལྔ་རང་གིས་བྱེད་པ་དང༌། གཞན་ལ་བྱེད་དུ་འཇུག་པ་དང༌། གཞན་གྱིས་བྱས་པ་དགའ་བ་བསྒོམ་པ་ཆེས་མང་དུ་སྣང་བའི་ཕྱིར་རོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འབྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འབྲང༌། །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་ཏེ། དེའང་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ཤིན་ཏུ་དཀོན་ཏེ། སངས་རྒྱས་འབྱོན་པའི་བསྐལ་པ་ལ་སྒྲོན་བསྐལ་དང༌། མི་འབྱོན་པ་ལ་མུན་བསྐལ་ཞེས་བྱ་ཞིང༌། ད་ལྟར་གྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱོན་པས་བསྐལ་པ་བཟང་པོ་ཞེས་བྱ་ལ། དེ་ནས་མུན་བསྐལ་དྲུག་ཅུའི་རྗེས་སུ་ཡོན་ཏན་བཀོད་པ་ཞེས་བྱ་བའི་སྒྲོན་བསྐལ་གཅིག །དེ་ནས་མུན་བསྐལ་ཁྲིའི་རྗེས་སུ་སྙན་པ་ཆེན་པོ་ཞེས་བྱ་བའི་སྒྲོན་བསྐལ་གཅིག །དེ་ནས་མུན་བསྐལ་སུམ་བརྒྱའི་རྗེས་སུ་དཔེ་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་གཅིག་སྟེ། དེ་ལྟར་ན་མུན་བསྐལ་ཁྲི་སུམ་བརྒྱ་དྲུག་ཅུའི་རིང་ལ་སྒྲོན་བསྐལ་བཞི་ལས་མི་འབྱུང་ཞིང༌། སྒྲོན་བསྐལ་གྱི་ཡང་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་ཡར་འཕེལ་ལ་སངས་རྒྱས་མི་འབྱོན་པར་གསུངས་པའི་ཕྱིར་དུས་ཕལ་ཆེར་སངས་རྒྱས་མི་འབྱོན་པས་འདའ་བ་ཡིན་ནོ། །དེས་ཆོས་གསུངས་པའང་དཀོན་ཏེ། གདུལ་བྱ་ཆོས་ཀྱི་སྣོད་དུ་གྱུར་པ་མེད་ན་སངས་རྒྱས་རྣམས་ཆོས་མི་གསུང་བར་བཤད་པའི་ཕྱིར་དང༌། འོ་སྐོལ་གྱི་སྟོན་པ་འདི་ཡང་སངས་རྒྱས་པའི་ཚུལ་བསྟན་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །ཞེས་གསུངས་ཤིང་ཐུགས་ལས་ཆུང་ངུར་བཞུགས་པ་ལ། མི་མཇེད་ཀྱི་བདག་པོ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་དགོས་པ་བྱུང་བར་བཤད་པའི་ཕྱིར་རོ། །བསྟན་པ་གནས་པའང་དཀོན་ཏེ། བསྐལ་བཟང་འདིའི་ཡང་སངས་རྒྱས་སྔ་མ་སྔ་མའི་བསྟན་པ་རྫོགས་ནས་ཕྱི་མ་ཕྱི་མའི་བསྟན་པ་མ་བྱུང་གི་བར་ལ་བསྟན་པ་མེད་པའི་ཕྱིར་རོ། །བསྟན་པའི་རྗེས་སུ་བདག་གཞན་འཇུག་པ་ཡོད་པའང་དཀོན་ཏེ། ཕྱི་རོལ་མུ་སྟེགས་བྱེད་དང་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པའི་འཇིག་རྟེན་པ་ཆེས་མང་ཞིང༌། བསྟན་པའི་རྗེས་སུ་ཞུགས་པར་རློམ་པ་ཕལ་མོ་ཆེ་ཡང་སྡེ་སྣོད་དང་རྒྱུད་སྡེ་དང་དེ་དག་དགོངས་འབྲེལ་ཚད་ལྡན་རྣམས་ཚིག་གི་ན་ཡམ་ཡིན་པར་བསམ་ནས་རྣ་བར་ཐོས་པ་ཙམ་ཡང་དོན་ཏུ་མི་གཉེར་བར་དེ་དག་གི་དགོངས་པ་མི་ཤེས་པའི་བླུན་པོ་རྣམས་ཀྱིས་གང་དྲན་སྦྱར་བའི་རྗེས་སུ་འཇུག་པ་དང༌། དེ་ལྟ་བུ་ལ་ཉན་བཤད་སྒོམ་གསུམ་བྱེད་པ་མང་ཞིང་། སྡེ་སྣོད་ཤེས་པར་རློམ་པའི་སྙིང་མེད་རྣམས་ཀྱང་དེ་འདྲའི་སྒྲ་གྲག་སྟོང་གི་རྗེས་སུ་རི་བོང་ཅལ་རྒྱུག་བྱེད་པར་སྣང་བའི་ཕྱིར་རོ། །གཞན་ཕྱིར་སྙིང་ནས་བརྩེ་བའང་དཀོན་ཏེ། རྙེད་པས་རྙེད་པ་འཚོལ་བའི་ལོག་འཚོ་ཅན་དག་ལ་མགྲོན་ལན་འཇལ་བ་མང་ཡང༌། རབ་ཏུ་བྱུང་བ་འདུ་འཛི་དང་ཁྱིམ་ལ་མི་དགའ་ཞིང་བསོད་སྙོམས་ཀྱི་ཟས་ལ་བརྟེན་ནས་ཀློག་པ་དང༌བསམ་གཏན་བྱེད་པ་དག་ལ་བསོད་སྙོམས་སྟེར་བ་དཀོན་པའི་ཕྱིར་རོ། །དེས་ན་ལུས་རྟེན་གཅིག་གི་སྟེང་དུ་ཆོས་མཐའ་དག་ཚང་བ་ནི་ཉིན་མོའི་སྐར་མ་ཙམ་དུ་དཀོན་པས་ངོ་བོའི་སྒོ་ནས་ཀྱང་རྙེད་པར་དཀའ་སྙམ་དུ་སྒོམ་མོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི་ཞེས་པ་ནས། མྱུར་དུ་ཆོས་བྱ་དགོས་སྙམ་དུ་བསྒོམ་མོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ལན་གཅིག་བསྐྱར་ན། དོ་ནུབ་ནས་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་བཏང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལ་སྔོན་འགྲོ། དངོས་གཞི་ཞེས་པ་ནས་མྱུར་དུ་ཆོས་བྱ་དགོས་སྙམ་དུ་བསྒོམ་མོ་ཞེས་པའི་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ཚར་གཅིག་བསྐྱར། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་པ་ནི། ཐུན་དེ་ལས་ལྡང་བར་འདོད་ན་བྱ་སྟེ། དེའང་འདི་ལྟར་བསྔོ་རྒྱུ་སོགས་ནས། མདོ་ལས་འབྱུང་བ་གང་ཤེས་བྱས་ལ་ཐུན་མཚམས་ཐམས་ཅད་དུའང་དངོས་གཞི་ཉམས་ལེན་གྱི་རྩི་དང་མ་བྲལ་བའི་ངང་ནས་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ༑ ཞེས་དང་། སྐྱེས་རབས་ལས་འབྱུང་བའི། བསོད་ནམས་འདི་ཡིས་སོགས་དང༌། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལ་ཞེས་སོགས་ཤླཽ་ཀ་གཅིག་ལ། སློབ་མ་རྣམས་ཀྱིས་ཉན་འདི་ལ་ཞེས་འདོན་པ་བསྒྱུར། ཆོས་རྒྱལ་འཕགས་པས་མཛད་པའི། བདུད་ཀྱི་སྡེ་དང་ཞེས་སོགས་ཤླཽ་ཀ་གཅིག་དང༌། བཟང་སྤྱོད་ནས་འབྱུང་བའི། སྲིད་པ་ཐམས་ཅད་དུ་ཡང་སོགས་ནས། མཛོད་གྱུར་ཅིག་བར་མཉམ་དུ་མཛད་ནས་གྲོལ་ལོ། ༈ །ཉིན་གཉིས་པ་ལ་གཞན་འདྲ། འོ། ནམ་མཁའ་དང་ཞེས་པ་ནས་མྱུར་དུ་ཆོས་བྱ་དགོས་སྙམ་དུ་བསྒོམ་མོ་ཞེས་པའི་བར་ཁ་སང་བཞིན་བསྐྱར། དེས་ཚེ་འདི་ལ་ཞེན་པ་སྤངས་པས་ངན་སོང་དུ་མི་ལྟུང་ཞིང་བློ་ཆོས་སུ་འགྲོ་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ནས། ད་དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། གཉིས་པ་ནི། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེས། མྱ་ངན་འདས་པ་སྒྲུབ་པ་ལ། །སོགས་ནས། ཞེན་པར་བྱེད་རྣམས་ཐེ་ལེ་ལེ། །ཞེས་གསུངས་པ་ལྟར། ཁམས་གསུམ་འཁོར་བར་ཞེན་ན། ཆོས་བྱས་ཀྱང་ཞེས་པ་ནས། བསྐོར་བ་བྱེད་པར་བསམས་ཏེ་འགྲོ་བ་ལྟ་བུའོ། །ཞེས་པའི་བར། སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་དུ་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་གཏོང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལའང་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། སྔོན་འགྲོ་དང་དངོས་གཞིའི་དམིགས་རྐང་དང་པོ་ཡན་ཆད་ཕུལ་ཟིན། གཉིས་པ་ནི། འཁོར་བ་ལ་ཞེན་ན་སོགས་གོང་བཞིན་བསྐྱར། སླར་ཡང་སོགས་ནས་ཚར་གཅིག་བསྐྱར་མཐར། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་པ་སོགས་ཉིན་དང་པོ་དང་འདྲའོ། ༈ །ཉིན་གསུམ་པ་ལ། འོ། ནམ་མཁའ་དང་མཉམ་པའི་ཞེས་པ་ནས། ལོ་རྒྱུས་དང་གདམས་ངག་དངོས་གཉིས་སོ་ཞེས་པའི་བར་འདྲ། དེ་ལ་ལོ་རྒྱུས་དང་སྔོན་འགྲོ་དངོས་གཞིའི་དམིགས་ཁྲིད་དང་པོ་ཡན་ཆད་ལེགས་པར་ཕུལ་ཟིན། གཉིས་པ་ནི། འཁོར་བ་ལ་ཞེན་ན་ཞེས་པ་ནས། འགྲོ་བ་ལྟ་བུའོ། །དེས་ཁམས་གསུམ་ལ་ཞེན་པ་སྤངས་པས་འཁོར་བར་མི་འཁྱམས་པ་དང༌། ཆོས་ལམ་དུ་འགྲོ་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ནས། ད་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། གསུམ་པ་ནི། བདག་དོན་ལ་ཞེན་ན་བྱང་སེམས་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེས། ཞེན་པ་བྲལ་ན་མྱ་ངན་འདས། །སོགས་ནས། སངས་རྒྱས་ཤོག་ཅེས་གསུངས་པའི་དོན། སྔར་བཤད་པ་ལྟར་འཁོར་བ་མཐའ་དག་ཅེས་པ་ནས། ཉམས་སུ་བླང་གསུངས་སོ། །སླར་ཡང་ཐུགས་ངེས་པར་བྱ་བའི་སླད་དུ་ལན་གཅིག་བསྐྱར་ན༑ དོ་ནུབ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་བར་དུ་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་སྐྱེས་ན་དེའི་དབང་དུ་མི་བཏང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་བཏང་ནས། དངོས་གཞི་ལ་བཞི་ཡོད་པའི་གསུམ་པ་ནི། བདག་དོན་ལ་ཞེན་ན་ཞེས་པ་ནས། ཉམས་སུ་བླང་གསུངས་སོ་ཞེས་པའི་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས་ཚར་གཅིག་བསྐྱར་མཐར། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་སོགས་མན་ཆད་འདྲའོ། ༈ །ཉིན་བཞི་པ་ལ། འོ། ནམ་མཁའ་སོགས་ནས། ལོ་རྒྱུས་དང་གདམས་ངག་དངོས་ལ་གཉིས་སོ། །དེ་ལ་ལོ་རྒྱུས་ནས་དངོས་གཞིའི་དམིགས་ཁྲིད་གཉིས་པ་ཡན་ཆད་ཕུལ་ཟིན། གསུམ་པ་ནི། བདག་དོན་ལ་ཞེན་ན་ཞེས་པ་ནས། ཉམས་སུ་བླང་གསུངས་སོ་བར་གོང་བཞིན། དེས་བདག་དོན་ལ་ཞེན་པ་སྤངས་པས་ཉན་རང་དུ་མི་གོལ་བ་དང༌། ལམ་གྱི་འཁྲུལ་པ་སེལ་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ནས། ད་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། བཞི་པ་ནི། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་པའི་དོན། རྗེ་བཙུན་རིན་པོ་ཆེས། བདག་ཇི་ལྟར་འདུག་ཀྱང་ཞེས་པ་ནས། གང་དགར་ཞོག་ཅེས་གསུངས་པ་ལྟར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལེགས་པར་སྐྱེས་ཀྱང༌། ཞེས་པ་ནས། གོ་འཕང་མངོན་ཏུ་འགྱུར་བ་ཡིན་ནོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་བཞུགས། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ཅུང་ཞིག་ངལ་བསོ། རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་བཏང་བར་རྦད་ཆོད་བྱས་ནས་དམིགས་པ་ལ་འཇུག །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་བཏང་ནས། དངོས་གཞི་ལ་བཞི་ཡོད་པའི་བཞི་པ་ནི། འཛིན་པ་བྱུང་ན་ཞེས་པ་ནས། གོ་འཕང་མངོན་ཏུ་འགྱུར་བ་ཡིན་ནོ་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས་ཚར་གཅིག་བསྐྱར། ཡང་དེ་འདྲ་བ་ཚར་གཅིག་སྟེ་ཚར་བཞི་སོང་བ་ན། གསུམ་པ་རྗེས་བསྔོ་བས་རྒྱས་གདབ་པ་ནི། ཐུན་དེ་ལས་ལྡང་བར་འདོད་ན་བྱ་སྟེ། དེའང་འདི་ལྟར་བསྔོ་རྒྱུ་སོགས་ནས། མདོ་ལས་འབྱུང་བ་གང་ཤེས་བྱས་ལ་ཐུན་མཚམས་ཐམས་ཅད་དུའང་དངོས་གཞི་ཉམས་ལེན་གྱི་རྩི་དང་མ་བྲལ་བའི་ངང་ནས་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །དེས་དངོས་པོ་དང་མཚན་མ་ལ་ཞེན་པ་སྤངས་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཐབས། འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ཟིན་ཏེ། མདོར་ན་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཀྱི་སྙིང་པོ༑ ཕ་རོལ་ཕྱིན་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ། མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་ལུང་ཞེན་པ་བཞི་བྲལ་གྱི་གདམས་ངག་ཟབ་མོ། བདག་ཅག་གི་བླ་མ་དགེ་བའི་བཤེས་གཉེན་ཆེ་གེ་མོའི་ཞལ་སྔ་ནས་ཇི་ལྟར་ཐོབ་པ་བཞིན་ཕུལ་གྲུབ་པ་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང༌། ཐོག་མར་འབད་རྩོལ་དྲག་པོའི་སྒོ་ནས་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་ཐུགས་རྒྱུད་ལ་ཉམས་མྱོང་ཁྱད་པར་ཅན་རེ་འཁྲུངས་ངེས་ཤེས་པ་མཛད་ནས། སྐལ་པ་དང་ལྡན་པའི་གང་ཟག་རྣམས་གདམས་པ་ཟབ་མོས་རྗེས་སུ་འཛིན་པ་ལ་སོགས་པ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་འཚལ། ཁྲིད་ཡོངས་སུ་རྫོགས་པར་ཐོབ་པའི་གཏོང་རག་ཏུ་མཎྜལ་རྒྱས་བསྡུས་གང་རིགས་ཕུལ་ལ། དེ་ལྟར་རང་རེ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་འཆད་ཉན་ཚུལ་བཞིན་ཏུ་བྱས་པ་ལ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་བར་མ་དོར་ཆུད་མི་ཟ་བའི་ཕྱིར་འཁོར་གསུམ་རང་བཞིན་གྱི་མི་དམིགས་པའི་བསྔོ་བ་དང༌། སྨོན་ལམ་རྣམ་པར་དག་པས་རྒྱས་འདེབས་དགོས་པས། ཞེས་མཚམས་སྦྱར་ནས་ཞྭ་ཕུད་ལ། ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ཀྱིས་སོགས་མཆོད་བསྔོ་དང༌། སྤྱི་བསྔོ་རྒྱས་པར་བྱས་ལ་གྲོལ་ལོ། །སླར་སྨྲས་པ། ཨེ་མ་གསུང་རབ་རྒྱ་མཚོའི་བརྗོད་བྱའི་བཅུད། །སྔོན་བྱོན་ཐུབ་པ་རྣམས་ཀྱིས་ལེགས་མྱངས་ཤིང༌། །བདེ་གཤེགས་རིགས་ཅན་ཀུན་ལ་སྦྱིན་འོས་པ། །བདེན་གཉིས་བྱང་ཆུབ་སེམས་ལས་གཞན་དུ་ཅི། །དེ་ཕྱིར་འཇམ་དབྱངས་ཞལ་ལུང་བསམ་འཕེལ་དབང༌། །མདོ་སྔགས་མ་འདྲེས་འཆད་ཚུལ་གོས་ལྷུབ་རྩེར། །བཀོད་པས་མུན་སྤྲུལ་སྨྲ་རྣམས་དོགས་བྲལ་ཞིང༌། །མཁས་ཀུན་དགའ་བའི་རྒྱལ་མཚན་བསྒྲེངས་ལ་གཞོལ། །ཨི་དམ་ལས་བྱུང་རབ་དཀར་དགེ་བ་དེས། །ཨུ་ད་ག་བཞིན་འགྲོ་ཁམས་སྦྱངས་བྱས་ནས། །ཨེ་ཝཾ་གླིང་གཞིར་སྨོས་པ་ཐུབ་པའི་ཆོས། །ཨོ་ད་ནམ་བཞིན་འབད་མེད་སྤྱོད་གྱུར་ཅིག ༑ཅེས་ཞེན་པ་བཞི་བྲལ་གྱི་ཁྲིད་འཆད་ཐབས་རང་བཟོས་གཞུང་ལུགས་རྙོག་པ་བགྲུངས་པའི་ཀེ་ཏ་ཀ་ཞེས་བྱ་བ་འདི་ནི། སློབ་དཔོན་རིན་པོ་ཆེ་དཔལ་ལྡན་བསོད་ནམས་རྩེ་མོའི་ཞབས་ཀྱི་ཆོས་ལ་འཇུག་པའི་སྒོ་དང༌༑ ངོར་ཆེན་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་པའི་ཆོས་འབྱུང་སོགས་ལ་ལེགས་པར་དཔྱད་དེ། དམིགས་མེད་ཐུགས་རྗེའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་ཐར་རྩེ་མཁན་ཆེན་ཡབ་སྲས་གཙོ་བོར་སྨོས་པའི་ཡོངས་འཛིན་ཆོས་བཞིན་སྤྱོད་ཅིང་ཆོས་བཞིན་ཏུ་འདོམས་པ་མང་པོའི་ཞབས་ཀྱི་རྡུལ་ཕྲེང་སྤྱི་བོར་བཀོད་པའི་བྱ་བྲལ་བ་འཁྱམས་པོ་ངག་དབང་ལེགས་གྲུབ་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་ཏུ་བྲིས་པའོ༑ ༑མངྒ་ལ་ཤྲཱི་ཛྭཱ་ལ་ཛམྦུ་དྭཱི་པ་མཎྜནྟུ།། །།

[edit]

There are 6 subtexts included in this text

1
394
ཞེན་པ་བཞི་བྲལ་གྱི་རྩ་ཚིག།
zhen pa bzhi bral gyi rtsa tshig
Text page
View PDF
ས་ཆེན་ཀུན་དགའ་སྙིང་པོ་ (Sa chen kun dga' snying po)
2
394-399
རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ།
rje btsun grags pa rgyal mtshan gyis mdzad pa'i zhen pa bzhi bral
Text page
View PDF
རྗེ་བཙུན་གྲགས་པ་རྒྱལ་མཚན་ (Rje btsun grags pa rgyal mtshan)
3
399-400
ས་པཎ་གྱིས་མཛད་པའི་ཞེན་པ་བཞི་བྲལ་གྱི་གདམས་ངག།
sa paN gyis mdzad pa'i zhen pa bzhi bral gyi gdams ngag
Text page
View PDF
ས་སྐྱ་པཎྜི་ཏ་ (Sa skya paN+Di ta)
4
400-403
ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་ཞེན་པ་བཞི་བྲལ།
nub pa rig 'dzin grags kyis mdzad pa'i zhen pa bzhi bral
Text page
View PDF
ནུབ་པ་རིགས་འཛིན་གྲགས་ (Nub pa rig 'dzin grags)
5
403-437
ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་རྗེ་བླ་མ་ཨཱ་ནནྡ་བྷ་དྲའི་གསུང་སྒྲོས།
zhen pa bzhi bral gyi khrid yig rje bla ma A nan+da b+ha dra'i gsung bsgros
Text page
View PDF
ཀུན་དགའ་ལེགས་པའི་རིན་ཆེན་ (Kun dga' legs pa'i rin chen)
6
437-454
བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་བྱང་སེམས་ཀུན་དགའ་ལེགས་རིན་གྱིས་མཛད་པའི་འཆད་ཐབས་ནོར་བུ་ཀེ་ཏ་ཀའི་དོ་ཤལ།
blo sbyong zhen pa bzhi bral gyi khrid yig byang sems kun dga' legs rin gyis mdzad pa'i 'chad thabs nor bu ke ta ka'i do shal 
Text page
View PDF
ངག་དབང་ལེགས་གྲུབ་ (Ngag dbang legs grub)