མདོ་རྒྱུད་ཀྱི་དོན་ཉམས་སུ་ལོངས་གསུངས།

From Damngak Dzö
DNZ-06-CHA-018-001
Wylie title mdo rgyud kyi don nyams su longs gsungs DNZ-06-CHA-018.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 6, Text 18, Subtext 1, Pages 368-373 (Folios 1b1 to 4a1)
Author འབྲོག་མི་ལོ་ཙཱ་བ་
Citation 'brog mi lo tsA ba, attrib. Mdo rgyud kyi don nyams su longs gsungs. In Gdams ngag rin po che'i mdzod, Vol. 6: 368-373. Kalimpong: Rigpe Dorje Publications, 2024.
Side notes Recto: khrid yig   Verso: sa skya'i skor
More details More details
Genre Contemplative Guide Books and Instructional Manuals - khrid yig  ·  Pith Instructions - man ngag
[edit]
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྗེ་འབྲོག་མིས་བླ་མ་ཤཱནྟི་པ་ལ་གཞུང་རྣམས་ཚང་བར་ཚར་ནས་བོད་དུ་འབྱོན་ཁར་གསེར་ཅུང་ཟད་ཅིག་ཡོད་པ་ཕུལ་ནས། ཉམས་ལེན་གྱི་གདམས་པ་ཞིག་ཞུ་བྱས་པས། མདོ་རྒྱུད་ཀྱི་དོན་ཉམས་སུ་ལོངས་གསུངས། ཐོག་མར་མདོའི་དོན་ཉམས་སུ་བླང༌། དེ་ནས་རྒྱུད་ཀྱི་དོན་ཉམས་སུ་བླང་ལགས་སམ་ཞུས་པས། གཉིས་ཀ་དབྱེར་མེད་དུ་ཉམས་སུ་ལོངས་གསུངས། དེ་ཇི་ལྟར་ལེན་པ་ལགས་ཞུས་པས། བརྟགས་གཉིས་ལས༑ སྲིད་ འདོད་པ་གཟུགས་གཟུགས་མེད་གསུམ། གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཡང་ན་ དེ་དང་པོ་ནས་གཉིས་མེད་བྱ་ཡིན་ཟེར་བ་དེས་བདག་གཅེས་པ་འོང་སྟེ། ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་ཏེ་རྒྱུད་ཉིད་ཀྱི་དོན་ཐམས་ཅད་དེར་འདུས་གསུང་ངོ༌། །སྡུད་པ་ལས། བྱིས་པ་ རྟེན་འབྲེལ་ཟབ་མོ་ལ་མི་མཁས་པས་ཁམས་གསུམ། རྣམས་ཀྱིས་དེར་བརྟག་ ནས་སྣང་ཡང་ཞེན་མེད་སྒྱུ་མའི་སྐུ། ཡོད་ རྟག་པར་ དང་མེད་ ཆད་པར་འཛིན་པ་ པར་བྱེད། །ཡོད་ པ་ དང་མེད་པ་ རང་བཞིན་བདེན་པར་མ་གྲུབ་པས། འདི་དག་མེད་པའི་ཆོས་ཡིན་ཏེ། དེས་ན། །བྱང་ཆུབ་སེམས་དཔའ་གང་ ཞིག་ གིས་འདིར་ཤེས་ པས་ཁམས་གསུམ་འཁོར་བ་ཉན་རང་དང་བཅས་པ་ལས་ངེས་པར་འབྱུང་བ་ཞིག་ཡིན་ནོ། །ངེས་པར་འབྱུང༌། །ཞེས་ཏེ་མདོའི་དོན་ཐམས་ཅད་དེར་འདུས། དེ་གཉིས་དབྱེར་མེད་དུ་ཉམས་སུ་འདིས་བླང་གསུངས་ནས། ན་མོ་གུ་རུ་པཱ་དཱ་ཡ༑ བརྟག་སྣང་རང་རིག་སྒྱུ་མའི་ཆོས། །རང་བཞིན་གྱིས་དག་ཤེས་པས་གྲོལ། །ཤུགས་འབྱུང་ཐབས་ཀྱིས་གོམས་པ་གཅེས། །སྙིང་པོ་དོན་གྱི་རང་འགྲོས་ཡིན། །རིམ་པས་ཡས་མར་བརྩི་བ་གནད། །དམན་པ་རྣམས་ཀྱི་ཡུལ་མིན་པས། །བརྟགས་ཏེ་བུ་ལ་སྦྱིན་པར་བྱ། །ཞེས་གསུངས་སོ། ། ཨྠིྀ། ད་ཉམས་སུ་བླང་བ་ནི། སྟན་བདེ་བ་ལ་འདུག་ལ། ཏིང་ངེ་འཛིན་གྱིས་ལུས་གནད་ལེགས་པར་ཚང་བར་བཅོས་ལ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སོགས་འདོད་དགའ་ཙམ་མ་ཡིན་པར་བསྒོམ། ཐ་མལ་གྱི་ཡིད་འབྲེལ་ཐམས་ཅད་ལ་རང་ཡི་དམ་གང་བསྒོམ་གྱི་ལྷར་གསལ་བཏབ་ལ། ཐུགས་ཀའི་ས་བོན་གྱི་སྤྲོ་བསྡུས་བྱིན་རླབས་དབབ་ཅིང་སྣོད་བཅུད་སྦྱོང་བའི་དམིགས་པ་བྱ་སྟེ། ཞིབ་པར་བླ་མའི་གསུང་ལས་ འོད་ཟེར་ཡར་འཕྲོས་པས་འཕགས་པ་མཆོད། དེ་རྣམས་ཀྱི་ཐུགས་ཀར་ཞུགས། སླར་ལོག་པས་རང་ལ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་ཞུགས། མར་འཕྲོས་པས་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དུ་སྦྱངས། བཅུད་ལྷ་དང་ལྷ་མོར་སྦྱངས་པར་བསམ། སྲིད་གསུམ་ཡོངས་གྱུར་གྱི་དོན་ཡང་འདི་ཡིན་གསུངས་སོ། །ཤེས་པར་བྱའོ། །དེའི་སྤྱི་བོར་བླ་མ་བསྒོམས་ལ། དེ་ཐམས་ཅད་དང་ཐ་མི་དད་དུ་བསྟིམས་ལ། དེ་ནས་སྣང་རིག་ལ་ ལྷ་རྒྱས་བསྡུས་གང་བསྒོམས་ཀྱང་སྣང་སྟོང་སྐུའི་དལ། གསལ་སྟོང་ཐམས་ཅད་གསུང་གི་དལ། བདེ་སྟོང་ཐམས་ཅད་ཐུགས་ཀྱི་དལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པའི་དོན་ཡང་འདི་ཡིན་པས་རྒྱུད་ཀྱི་དགོངས་པ་འདི་ཡིན་གསུངས་སོ། །ཤཱནྟིའི་གསུང་འབྲོག་མིས་མཆན་དུ་བཏབ་པ་ཡིན་གསུང༌། ཧད་དེ་ཆེ་རེ་བལྟས་པས། སྣང་རིག་གི་ཆོས་ཐམས་ཅད་བདེན་མེད་དུ་སྒྱུ་མ་ལྟ་བུར་གཏིང་ནས་ངེས་ཤེས་སྐྱེས་ཏེ། དེ་ཡང་འཕྲལ་ཏུ་བཅོས་པ་མི་འདུག་གིས། གདོད་མ་ནས་རང་བཞིན་གྱིས་དག་པར་སྒྲོ་འདོགས་རྦད་ཀྱིས་ཆོད་ནས་རང་གསལ་དུ་སིང་ངེ༌། རང་གྲོལ་དུ་ཤིག་གེ་འདུག་པ་འཁོར་འདས་གཉིས་མེད་ཆོས་སྐུར་གྲོལ་ཞེས་བྱའོ། །དེ་ལྟར་ཤེས་པས་དེ་མ་རྟོགས་པའི་སེམས་ཅན་ལ་དམིགས་མེད་ཀྱི་སྙིང་རྗེ་ངང་གིས་སྐྱེ་སྟེ། དེའང་དབྱིངས་ཀྱི་ངང་ཡིན་པས་དབྱེར་མེད་ཅེས་བྱའོ། །ཐབས་ཤེས་ཀྱི་གོ་རིམ་ལོག་པའི་སྐྱོན་མེད་དེ། དེའི་སྐྱོན་ལུང་གིས་སྤང་ངོ༌། །སཾ་བུ་ཊི་ལས། དང་པོ་སྟོང་ཉིད་བསྒོམས་པ་ཡིས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་དང༌། སྡུད་པ་ལས། ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས༑ ༑མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ནི་སངས་རྒྱས་ཆོས་ལས་ཡོང་མི་ཉམས། །ཞེས་སོ། །སྦྱིན་པ་སྦྱིན་པའི་སྔོན་ཏུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་སོ། །འོ་ན་སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་དང༌། བརྟག་གཉིས་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །ཞེས་པ་ལ་སོགས་པ་གསུངས་སོ་སྙམ་ན། དེ་ནི་སྐྱེ་སླ་བའི་གོ་རིམ་ཡིན་ལ། འདིར་ནི་སྐྱེ་དགོས་པའི་གོ་རིམ་ཡིན་ནོ། །དབྱེར་མེད་དེ་ཀ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནམ། ཤེས་རབ་ལས་མ་གཡོས་པའི་ཐབས་མཁས་པ་ཞེས་བྱ་སྟེ། དེས་མཆོག་གི་ལམ་འབད་མེད་དུ་བགྲོད་པས། སྡུད་པ་ལས། སྙིང་རྗེ་ཆེན་པོ་སྐྱེས་ཀྱང་སེམས་ཅན་འདུ་ཤེས་མེད། །དེ་ཚེ་མཁས་པ་འགྲོ་བ་ཀུན་གྱི་སྦྱིན་གནས་འགྱུར། །ཞེས་གསུངས་སོ། །ལམ་སྙིང་པོ་དོན་གྱི་རང་འགྲོས་ཞེས་བྱའོ། །རིམ་པ་ཡས་མར་བརྩི་བའི་གནད་ཅེས་ཏེ། རང་འགྲོས་དེ་ལྟ་བས་ཡས་གཞལ་ཞིང༌། བགྲོད་ཚུལ་གྱིས་མས་ཡར་བརྩིས་ན། དེས་ཟིན་པའི་སྒོམ་གྱི་ལས་དགེ་བ་རྣམས་ཚོགས་ལམ། བསམ་གཏན་གྱི་སེམས་གྲུང་ལ་བརྟེན་ནས་དོན་སྤྱི་གསལ་ངེས་པ་སྦྱོར་ལམ། དེ་མངོན་དུ་གྱུར་པ་མཐོང་ལམ། དེ་གོམས་པས་ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཀྱི་ཚུལ་ཅན་ཕྲ་བར་ནུས་པ་སྒོམ་ལམ། དྲི་མ་ཕྲ་མོ་རེ་རེའང་དབྱིངས་སུ་ཞི་ནས་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཏེ༑ ཕྲིན་ལས་སེམས་ཅན་གྱི་རེ་འདོད་ལྷུན་གྲུབ་ཏུ་འབྱུང་བ་མཐར་ཕྱིན་པའི་ལམ་མོ། །དེ་ལྟ་བུའི་ལམ་འདི་ནི་དམན་པ་དེ་ལྟ་བུའི་ཡིན་ལུགས་ཀྱི་དོན་ལ་མ་རེག་པ་རྣམས་ལ་སྦྱིན་པར་མི་བྱའི། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པས་འཁོར་བའི་རང་བཞིན་ཤེས། ཚེ་འདིའི་བདག་འཛིན་སྤངས་ནས། སྒྲུབ་པ་གཅིག་དྲིལ་དུ་བྱེད་པའི་གང་ཟག་ལ་སྦྱིན་པར་བྱའོ། །མཇུག་དགེ་བ་བསྔོས་ལ། མཉམ་གཞག་གི་རྒྱུན་རྗེས་ཐོབ་ཏུ་ཡང་ཡང་དྲན་པར་བྱའོ། །བླ་མ་ཤཱནྟི་པའི་མན་ངག་མདོ་རྒྱུད་བསྲེ་བའི་ཉམས་ལེན་ཞེས་ཀྱང་བྱ། སྙིང་པོ་དོན་གྱི་རང་འགྲོས་ཞེས་ཀྱང་བྱ། སྣང་སྲིད་བྱིན་གྱིས་རློབ་པའི་མན་ངག་ཅེས་ཀྱང་བྱ་སྟེ། ཟབ་པའི་ལམ་མོ། །ཤུ་བྷཾ།