ལམ་འབྲས་བུ་དང་བཅས་པའི་བསྟན་བཅོས་རྡོ་རྗེའི་ཚིག་རྐང་།

From Damngak Dzö
DNZ-05-CA-001-001
Wylie title lam 'bras bu dang bcas pa'i bstan bcos rdo rje'i tshig rkang DNZ-05-CA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 5, Text 1, Subtext 1, Pages 1-14 (Folios 1a1 to 7b1)
Author བི་རཱུ་པ་
Citation Virūpa. Lam 'bras bu dang bcas pa'i bstan bcos rdo rje'i tshig rkang. In Gdams ngag rin po che'i mdzod, Vol. 5: 1-14. Kalimpong: Rigpe Dorje Publications, 2024.
Side notes Recto: lam 'bras gces btus   Verso: sa skya'i skor
More details More details
Genre Root Verses - rtsa tshig - tshig rkang
Cycle གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa)
[edit]
༄༅། །ཝཱ གུ པ དེ ཤ རཏྣ ས མཱཾ རྒཾ ཕཾ ལཾ སྱ གྲ ནྠ བཾ ཛྲ གཱཾ ཐཾ ནཱ མ བི ཧ ར ཏི སྨ། །

༄༅། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་བཞུགས་སོ། །

ལམ་འབྲས་གཞུང་ཁྲིད་གཅེས་བཏུས།

༄༅། །ན་མོ་གུ་རུ། ལམ་འབྲས་བུ་དང་བཅས་པའི་བསྟན་བཅོས་རྡོ་རྗེའི་ཚིག་རྐང་ལ་དོན་གསུམ། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། གཞུང་དོན་དངོས་བསྟན་པ། གཞུང་རྫོགས་པར་བསྟན་པའོ། །དང་པོ་ནི། བླ་མ་དམ་པའི་ཞབས་པད་ལ་བཏུད་དེ། །ལམ་འབྲས་གསུང་མདོ་བྲི་བར་བྱ། ༈ །གཉིས་པ་གཞུང་དངོས་ལ་གཉིས། རྒྱས་འབྲིང་གསུམ་དང༌། ཟབ་འབྲིང་གསུམ་དུ་བསྟན་པའོ། །དང་པོ་ལ་གསུམ། རྒྱས་འབྲིང་གསུམ་ལྷན་ཅིག་ཏུ་བསྟན་པ། ཐམས་ཅད་ཀྱི་འབྲས་བུ་བསྟན་པ། གཞུང་བསྡུ་བའོ། །དང་པོ་ལ་གསུམ། འཁོར་འདས་ཐུན་མོང༌། འཇིག་རྟེན་པ། འཇིག་རྟེན་ལས་འདས་པའི་ལམ་མོ། །དང་པོ་ལ་བདུན་ལས། སྣང་བ་གསུམ་དུ་བསྟན་པ། སེམས་ཅན་ལ་ཉོན་མོངས་པ་ལ་མ་དག་པའི་སྣང་བ། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ། བདེ་བར་གཤེགས་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དག་པའི་སྣང་བའོ། ༈ །རྒྱུད་གསུམ་དུ་བསྟན་པ། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བས་རྩ་རྒྱུད། ལུས་ཐབས་རྒྱུད་སོགས་ལ་གདན་སོགས་གསུམ་པ་བཞིས་རྒྱུའི་དབང༌། ལམ་དུ་བསྐྱེད་རིམ་སོགས་ལྔ་པ་བཞིས་བསྟན། མཉམ་བཞག་གི་དམ་ཚིག་སོགས་བསྲུང༌། རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་ཉམས་ཆག་བསྐང༌། འདོད་ཡོན་ལྔས་མཉེས་པ་སོགས་བྱ། ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམ་པས་ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསལ་བས་བཤད་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ནི་འབྲས་བུའི་དབང་བཞིས་ཐམས་ཅད་མཁྱེན་ཏོ། ༈ །ཚད་མ་བཞིར་བསྟན་པ། ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས། ༈ གདམས་ངག་དྲུག་ཏུ་བསྟན་པ། འགལ་འདུའི་སྐྱོན་མེད་སོགས་གསུམ་གྱིས་བསམ་གཏན་གྱི་དུག་དབྱུང༌། ཟས་སྤྱོད་ལམ། རླུང་ཐིག་ལེ། ཕྱག་རྒྱ་མ་བསྟེན། དྭངས་མ་ལྔའི་བདེ་བ་དང་དབང་པོ་ལྔ་ཉམས་དང་མ་བྲལ་བས་བདུད་རྩི་བསྟེན། འཁོར་བའི་རྩ་བཞི་དང༌། འཁོར་ལོ་རྣམས་དང༌། གཞན་རྣམས་དང༌། ས་ཐོག་མཐའ་རེ་རེ་གསུམ་པ་བཅུའི་བར་གྱི་རྩ་མདུད་དྲལ་བས་ལ་དོར། འཇུག་པ་སེལ་བའི་ལམ་ཡིད་འདག་པའི་རྣམ་རྟོག་བསྒོམ་པས་ལྟ་བའི་དུག་དབྱུང༌། རྣམ་ཤེས་ལྔས་ཡུལ་ལྔ་མ་སྤངས་པས་བདུད་རྩི་བསྟེན། དག་པའི་ཆོས་རྣམས་གདོད་ནས་སྟོང་པར་ཤར་བས་ལ་དོར། ༈ སྙན་བརྒྱུད་བཞིར་བསྟན་པ། གསང་སྔགས་སྙན་བརྒྱུད་སོགས་བཞི་མ་ཆད་པ། ༈ རྟེན་འབྲེལ་ལྔར་བསྟན་པ། ལུས་ཁྱད་པར་ཅན་ལ་བརྟེན་ནས། དངོས་པོའི་མཐའ་རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་དབང་རྟེན་འབྲེལ་བྱང་ཆུབ་ཆེན་པོའི་ལམ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མ། ཀུན་གཞི་རྣམ་ཤེས་དག་པའི་བྱང་ཆུབ་ཆེན་པོ། རྟེན་ཅིང་འབྲེལ་བར་འབྱུང་བ་ལྔས་ལམ་ཐམས་ཅད་ཡོངས་སུ་རྫོགས་པའོ། ༈ །སྲུང་བའི་བྱེ་བྲག་བསྟན་པའོ། །ཐབས་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པའི་ལམ་གྱི་བར་ཆད་ནི། དད་པ་བརྟན་པོ། སྲུང་བའི་འཁོར་ལོ། སྔགས་ཟློས། སྔགས་མདུད། ཆོས་རྣམས་སེམས་ཉིད་སྣང་བ། གཞན་དབང་རྟེན་འབྲེལ། གཟུགས་བརྙན་ཡིན་ཕྱིར། དེ་ཁོ་ན་ཉིད་རྒྱ་མཚོའི་དོན་དང་མ་བྲལ་བས་བསྲུང༌། ཤེས་རབ་ལ་ཕྱིའི་བདུད་ལམ་གཉིས་ལྟ་གྲུབ་བརྒྱད་བསྒྱུར་བའོ། །ནང་ལམ་སོགས་བཅུ་དང་བརྡ་མ་ཤེས་ན་འོང༌། ཤེས་པས་བསྲུང༌། གྲིབ་དང༌། སྒྲིབ་པ། ཐིག་ལེ་འཛག་པ་བསྲུང༌། ༈ གཉིས་པ་འཇིག་རྟེན་པའི་ལམ་ལ་བདུན་ལས། དང་པོ་ཏིང་འཛིན་གྱི་རྒྱུ་མདོར་བསྟན་པ་ལའང་བདུན་གྱི་དང་པོ་རྒྱུ་བསྟན་པ། ཚོགས་ལམ་ནས། ཐ་མལ་པའི་ལུས་ངག་ཡིད་དང་བྲལ་བའི་འབྲས་བུས་གཞི་ཐོབ་ནས། ༈ གཉིས་པ་རིང་རྒྱུ་ཁམས་འདུ་ལུགས། ཁམས་འདུ་ལུགས་གསུམ་གྱིས། ཕྱོགས་མེད་རྣམས་དང༌། ༈ གསུམ་པ་ཉེ་རྒྱུ་སེམས་གནས་ལུགས། རླུང་སེམས་བདག་བྱིན་གྱིས་བརླབས་ནས། ༈ བཞི་པ་བྱང་ཕྱོགས་ལྟར་བསྟན་པ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་སོ་བདུན་ལྟར་ལམ་བསྒྲོད་ན། སྒོམ་པ་མི་འཆོར་བའི་རྫུ་འཕྲུལ་གྱི་རྐང་པ་བཞི། ལས་ཀྱི་རླུང་ཕོ། མོ། མ་ནིང་གི་རླུང༌། ཐོད་རྒལ་ཡེ་ཤེས་ཀྱི་མེ་འབར་བས་ཁམས་འདུས་པ་དང་པོ་ལ། རླུང་སོར་ལག་ཆ་ཅན་གྱིས་རྩ་དྲལ། སེམས་གནས། རྟ་རྨི། རྩ་རླུང་གི་ཟུག་འབྱུང༌། རྩ་སྣ་ཚོགས་མདུད་སོགས། གཞི་རྩ་བའི་རླུང་སོགས་བཅུ། ཟིན་པའི་བྱེ་བྲག་བདུན་གྱིས། ཡན་ལག་གི་རླུང་རིམ་གྱིས་ནང་དུ་འགགས། ཐིག་ལེ་མང་དུ་ཁ་འབུ། རྟེན་མཉམ་དུ་འགྲེ། ༈ ལྔ་པ་དེ་ལས་སྐྱེས་པའི་ཏིང་ངེ་འཛིན་མདོར་བསྟན་པ། དེ་ལ་བརྟེན་ནས་སེམས་ནང་དུ་གནས། རྣམ་ཤེས་ལྔ་འདུས། ཕུང་པོ་ལྔ་དུལ། ཡེ་ཤེས་ཀྱི་འགྲོ་ལྡོག་བྱེད། ༈ དྲུག་པ་བསྡུས་ཏེ་བསྟན་པ། བསྒོམ་པ་མི་འཆོར་བའི་མཐོང་སྣང་རྨི་ལམ་ཉམས་གསུམ་གསུམ་ནི་རྣམ་རྟོག་སྔོན་དུ་སོང་བ་ལྟར་ཁམས་གསུམ་ཀུན་ཏུ་སྣང་ངོ༌། ༈ །བདུན་པ་ལམ་ཁྲིད་ལུགས་གསུམ་བསྟན་པའོ། །ས་ཆུ་ལ་ཐིམ་ན་སྨིག་རྒྱུ། ཆུ་མེ་ལ་ཐིམ་ན་དུ་བ། མེ་རླུང་ལ་ཐིམ་ན་སྲིན་བུ་མེ་ཁྱེར། རླུང་རྣམ་པར་ཤེས་པ་ལ་ཐིམ་ན་མར་མེ་འབར་བ། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་ན་ནམ་མཁའ་སྤྲིན་མེད་པ་ལྟ་བུ། ས་ཆུ་མེ་རླུང་དང་། རླུང་སེམས་མཉམ་པར་འདུས་ན། ཁམས་གསུམ་ཀུན་ཏུ་མེ་ལྟ་བུར་སྣང་ངོ༌། །ཆུ་རླུང་དང་སྤུ་ལུས་གྲང༌། རླུང་གི་རླུང་འདུ་འཕྲོ་དང༌། རང་འཕུར། བྱ་འབྱུང༌། འབྱུང་བཞིའི་རླུང་མཉམ་རྒྱུ་དང་ལྷ་མོ་སྣ་ཚོགས་ཀྱིས་གར་མཆོད། འབྱུང་བཞིའི་རླུང་སྣ་ཚོགས་དང༌། དྲི། རོ། ནམ་མཁའ་དང་མཉམ་པ་དང་སྤུ་ལུས་བདེ། བདུད་རྩི་ལྔ་དང་དེ་བཞིན་གཤེགས་སྐུ་སོགས། སིཧླ་དང་ཉི་མ། ག་བུར་དང་ཟླ་བ། རྩ་ཕྲན་རྣམས་སུ་ཐིག་ཕྲན་དང་སྐར་མ། རྩ་འཛིན་སོགས་སུ་ཤིང་སྡོང་སོགས། ཆགས་སྡང་རྣམ་པ་ལྔ་དང༌། ཉམ་ང་། མྱ་ངན། འདྲེ་ཡི་རྩ། མཆིལ་མའི་རྩར་གཡལ་དང་མཆི་མ། ལྟེ་བར་དང་པོ་ཆགས་པའི་རིགས་དྲུག་གི་ཡི་གེར་རླུང་སེམས་མཉམ་པར་འདུས་ན། རིགས་དྲུག་གི་གར། སྔགས། དེར་ཁྲིད་པ་རྨི་ལམ་ཉམས་ལྟ་བུར་ཁམས་གསུམ་ཀུན་ཏུ་སྣང་ངོ༌། །ༀ་ལས་བསམ་གཏན་སོགས་ཀྱི་ཏིང་ངེ་འཛིན། ཡུམ་གྱི་མཁའ་ཨ་ལས་ཡང་དག་པར་ཐིམ་ན་ཁམས་གསུམ་ནམ་མཁའ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སོགས་ཀྱི་ཕོ་བྲང་དུ་ཐིམ་ན་ཆོས་སྐུ་ཉམས་སུ་མྱོང་ཞིང་གཟུང་འཛིན་གྲོལ། ཧཱུྃ་ལས་གསལ་ཞིང་ཡངས་ལ་རང་བྱུང་གི་ཡེ་ཤེས་ནམ་མཁའ་ཤིན་ཏུ་དྲི་མ་མེད། ཁམས་འདུས་པ་བར་པ། རླུང་སོར་ལག་ཆ་བྲི་བས་རྩ་དྲལ། ཐིག་ལེའི་ཟུག་དང་མཐོང་སྣང་བརྟན་ཏོ། ༈ །མདོར་རྒྱས་བསྡུས་ནས་རྒྱས་པར་བསྟན་པ། མདོར་ན་རཀྴ་སོགས་སུ་སྲིན་པོ་སོགས། དྲིལ་ཅན་གྱི་སྒྲ། ལྷའི་མིག་རྣམ་པར་དག་པ་བཞིན་སྲིད་པའི་རྩེ་མོ་མན་ཆད་ཏིང་ངེ་འཛིན་གྱི་ཉམས་སུ་འབྱུང་བ་སྙམ་བྱེད་པ། བཤད་ཀྱིས་མི་ལོང་བ་མཚོན་ཅིང༌། ལྔ་བཅུ་ལ་གསང༌། ༈ རེ་དོགས་དང་བྲལ་བའི་ལམ་བསྟན་པ། སྒོམ་པ་མི་འཆོར་བའི་ཕྱི་རྟེན་འབྲེལ་རླུང་ལོག་སོགས་གསུམ་གསུམ་ནི་ནང་གི་མཁའ་འགྲོ་ལྔ་དེ་བཞིན་གཤེགས་པའི་སྐུ་ལྔ་བྱང་ཆུབ་ཆེན་པོའི་རྟེན་འབྲེལ་མཛད་པས། དངོས་གྲུབ་རྣམས་རང་ལས་འབྱུང་བར་ཤེས་ཤིང་ཤེས་པས་རེ་ཞིག་རྩོལ་བའི་བློ་སེལ་ལོ། །བདུད་དང་གོལ་ས་རྣམས་རང་གི་ལས་དང་རྟེན་འབྲེལ་དུ་ཤེས་པས་སྐྱོན་ཡོན་ཏན་དུ་བསླང་ཞིང༌། རིམ་པར་ཡིན་མིན་དུ་སྐྱེ་བས་དྲོད་བྱུང་རྒྱལ་དུ་བསྐྱང༌། ༈ སད་པ་བཞི་རུ་བསྟན་པ། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་ལམ་ལ། ལྷའི་བུའི་བདུད་འོང་བས་སད་པ་བཞིས་བསྲུང༌། ༈ དྲན་པ་ཉེར་བཞག་གི་ལམ་བསྟན་པ། སྒོམ་པ་མི་འཆོར་བའི་དྲན་པ་ཉེར་བར་བཞག་པ་བཞི་ནི། ཡུལ་འགགས་པ་ན་རང་ཡི་དམ་གྱི་ལྷ་དང་གུག་སྐྱེད་ཀྱི་དགོས་པ་བསམ་ཞིང༌། ཏིང་ངེ་འཛིན་ཆ་མཉམ་པས། ཁམས་འདུས་པ་ཐ་མ། རླུང་སོར་ལག་ཆ་བྲལ་བས་རྩ་དྲལ། སྐྱེ་མཆེད་དྲུག་གི་ནང་དུ་ཐིག་ལེ་འདུས་པས། རྗེས་སུ་དྲན་པ་དྲུག་ཡང་དག་པར་ཤེས༑ སྤྲུལ་སྐུ་འགའ་མཐོང༌། ༈ དེའི་འབྲས་བུ་བསྟན་པ། སྒོམ་པ་མི་འཆོར་བའི་ཡང་དག་པར་སྤོང་བ་བཞི་ནི། སྤྲུལ་སྐུ་ལས་དབང་གསུམ་གྱི་རྗེས་ལས་བྱུང་བའི་ཤེས་པ་བསམ་ཞིང༌། རྗེས་སོགས་པད་ཅན་བཅུ་གཉིས་མའི་རྩ་བཙལ་ཞིང་སྙིང་པོའི་ཨ་ཀུནྡར་གྱི་སྣ་རྩེར་དལ་རྒྱུ་སོགས་རིག་པས་ཡིད་འཇུག་པས། ལུས་ངག་ཡིད་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ཐིག་ལེས་རླུང་ནོན་པས་རྔ་སྒྲ་སོགས་མི་ཐོས་པས་ཆོག་ཤེས་པ་སོགས་ཀྱི་བདུད་ཆོམ་པའོ༑ ༑ནང་གི་སངས་རྒྱས་རྣམས་ཀྱི་ལམ་སྲིད་པའི་རྩེ་མོར་ཕྱིན་ཅིང༌། མ་སྐྱེས་པའི་ཆོས་ལ་བཟོད་པར་དཀའ་བ་སྟོང་པ་ཉིད་ཀྱི་བཟོད་པ། དབུ་མར་སེམས་རྟོག་མེད་ལོག །སེམས་འཕོས་ན་བཟོད་པ། འཁོར་བའི་ཆོས་ལས་འདས་ཤིང༌། མྱ་ངན་ལས་འདས་པའི་ལམ་ཆོས་རྣམས་ཡོངས་སུ་རྫོགས་པས་ཆོས་རྣམས་ཀྱི་ནང་ནས་མཆོག་གོ ༈ །དེའི་ལམ་གྱི་མཇུག་སྡུད་བསྟན་པའོ། །དེ་ལྟར་ཉམས་སྐྱོན་ཅན་དང་། སྐྱོན་མེད་དང༌། ཕྱི་དབྱིབས་ཀྱི་ཨ་ནས་ཡར་རླུང་སེམས་མཉམ་པར་འདུས་ནས། ལམ་དུ་འབྱུང་བ་རྣམས་ངོ་བོ་རང་བཞིན་མཚན་ཉིད་དོ། ༈ །གསུམ་པ་འཇིག་རྟེན་ལས་འདས་པའི་ལམ་ལ་བཞི་ལས། དང་པོ་གྲུབ་མཐའ་དང་པོའི་དབང་དུ་བྱས་པ་ལ་དྲུག །མཐོང་ལམ་དང་ས་དང་པོའི་ས་མཚམས་བསྟན་པ། འཇིག་རྟེན་ལས་འདས་པའི་ལམ་ལ། ༈ རྒྱུ་བསྟན་པ། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་གྱིས། ༈  འབྲས་བུ་བསྟན་པ། སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ༈ ལམ་བསྟན་པ། བསྐྱེད་པའི་རིམ་པའི་ལམ་ནས། ༈  དབང་བསྟན་པ། ལུས་འདག་པར་བྱེད་པ་བུམ་པའི་དབང་མཐར་ཕྱིན། ༈ རྟགས་བརྟན་པའོ། །དེ་ཁོ་ན་ཉིད་ཀྱི་རྟགས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རྩ་རིན་པོ་ཆེའི་ཕོ་བྲང་བཞི། གཙོ་མོ་གསུམ་སྟེ། ལུས་ཀྱི་དཀྱིལ་འཁོར་མཐོང་ནས་རྟོགས་པའི་འགྲོ་ལྡོག་བྱེད། སྤྲུལ་སྐུའི་ཞིང་ཁམས་བརྒྱ་བསྒུལ་ཞིང་ཉན། སྦྱིན་བརྒྱ། འོད་བརྒྱ་འགྱེད། མར་བརྒྱ་འཆད། ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ལ་སྙོམས་པར་འཇུག་ནུས། རིགས་དྲུག་གི་རྩར་ཁྱད་པར་མིའི་རྟེན་མཐོང་ན་དགའ་ཞིང་གཡང་ཟ། ངོ་ཚ་ལ་སྐྱུག་བྲོ། སྔོན་བླ་མས་རྒྱུ་དུས་སུ་བསྟན་པའི་འཁོར་འདས་དབྱེར་མེད་དེ་ཙམ་ན་རྟོགས། སྙིང་རྗེ་སྐྱེ། མཆི་མ་ལྟུང༌། གཞན་གྱི་སེམས་སྣ་ཚོགས་ཤེས། འདོད་ཡོན་སྣ་ཚོགས་མཐོང་བས་རྒོད་བྲོ། རྫུ་འཕྲུལ་སྣ་ཚོགས་སྐད་ཅིག་མས་འབྱུང་བ་རྣམས་ནང་གི་ཞིང་ཁམས་མཐོང་བས་སོ། །ནང་མ་མཐོང་བར་ཕྱི་མི་མཐོང༌། དེ་ཙམ་ན་ལིངྒ་བརྟན། རྡོ་རྗེའི་རྩེ་ལྷན་ཅིག་སྐྱེས་པའི་སར་ཐིག་ལེ་གནས་པ་ལྟར། ལུས་སེམས་བདེ་བས་མྱོང་ཞིང་བརྒྱལ། རང་གཞན་ངོ་མི་ཤེས། ནང་རྟགས་རླུང་སོར་གཅིག་འགགས། ཕྱི་རྟགས་གསང་གནས་ཕྱེད་ཐིག་ལེས་བརྟན། ༈ མཇུག་སྡུད༑ མཐོང་ལམ་ས་དང་པོའོ། ༈ །སྒོམ་ལམ་ས་ལྔའི་རྣམ་གཞག་ལ་གསུམ། དབང་བསྟན་པ། ཡང་སྤྲུལ་སྐུ་ལ་དབང་བཞི་བཞི། ༈ རྟགས་བསྟན་པ། སྒོམ་ལམ་ས་གཉིས་པ་ནས་སྤྲུལ་སྐུའི་ཞིང་ཁམས་སྟོང་ལ་སོགས་པ་སྒུལ་བ་ལ་སོགས་པ་ནུས། ཡོན་ཏན་སོགས་འཕེལ། འགྲོ་ལྡོག་སོགས་འགགས། ནང་རྟགས་རླུང་སོར་དྲུག་འགགས། ཕྱི་རྟགས་གསང་གནས་ལྟེ་སྙིང་ཐིག་ལེས་བརྟན། ལོངས་སྐུ་འགའ་མཐོང༌། ༈ མཇུག་སྡུད་དོ། །སྒོམ་ལམ་ས་དྲུག་པའོ༑ ༈ ༑གཉིས་པ་གྲུབ་མཐའ་གཉིས་པའི་དབང་དུ་བྱས་པའི་ས་བཞི་ལ་དྲུག །རྒྱུ་བསྟན་པ། ཡང་ལོངས་སྐུ་ལས་དབང་བཞི་བཞི། ༈ ལམ་བསྟན་པ། བདག་བྱིན་གྱིས་བརླབ་པའི་རིམ་པའི་ལམ་ནས། ༈ འབྲས་བུ་བསྟན་པ། ལོངས་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ༈ དབང་བསྟན་པ། ངག་འདག་པར་བྱེད་པ་གསང་བའི་དབང་མཐར་ཕྱིན། ༈ རྟགས་བསྟན་པ། དེ་ཁོ་ན་ཉིད་ཀྱི་རྟགས་དབང་པོ་ལྔ་དང༌། དྭངས་མ་ལྔའི་རླུང་ལ་མངའ་བརྙེས། ནུས་པ་ལྔ་དང༌། ལྟ་སྟངས་རྣམས་ལ་ཐོགས་པ་མེད། བྷ་གའི་དཀྱིལ་འཁོར་དུ་རིགས་དྲུག་གི་ས་བོན་མཐོང༌། ས་བོན་དྲུག་ལ་མངའ་བརྙེས། སེམས་ཅན་རྣམས་ཀྱི་སྐད་དུ་ཆོས་སྟོན་ཅིང༌། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ཐོགས་པ་མེད། ལྟེ་བར་ཡི་གེའི་ཕྱི་མོ་བརྒྱད་ཨཱ་ལི་ཀཱ་ལི་མཐོང་ནས། མདོ་སྡེའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་པ་མེད། བདུད་རྩི་ལྔ་དང་རོ་དྲུག་ལ་ལོངས་སྤྱོད་ནུས། ཚངས་པའི་དབྱངས་སུ་གྱུར་པ་རྣམས། ཨ་ནི་ཡིག་འབྲུ་ཞེས་སོགས་དྲུག་གིས་གསལ་ལོ། །ས་བདུན་པ་ཡན་ཆད་འཁོར་བཞིའི་རྒྱ། ལོངས་སྐུའི་ཞིང་ཁམས་དུང་ཕྱུར་ལ་སོགས་པ་སྒུལ་བ་ལ་སོགས་པ་ནུས། ནང་རྟགས་རླུང་སོར་བཅུ་འགགས། ཕྱི་རྟགས་མགྲིན་སྨིན་ཐིག་ལེས་བརྟན། ༈ མཇུག་སྡུད་དོ། །སྒོམ་ལམ་ས་བཅུ་པའོ། ༈ །གསུམ་པ་གྲུབ་མཐའ་གསུམ་པའི་དབང་དུ་བྱས་པའི་ས་གཉིས་ལ་དྲུག །རྒྱུ་བསྟན་པ། ཡང་ཆོས་སྐུ་ལས་དབང་བཞི་བཞི། ༈ ལམ་བསྟན་པ། སེམས་འདག་པར་བྱེད་པ་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་ལམ་ནས། ༈ འབྲས་བུ་བསྟན་པ། ཆོས་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ༈ དབང་བསྟན་པ། ཡིད་འདག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་མཐར་ཕྱིན། ༈ རྟགས་བསྟན་པ༑ དེ་ཁོ་ན་ཉིད་ཀྱི་རྟགས་སྟོབས་ལྔ་ནི། བྱང་ཆུབ་སེམས་ཀྱི་རླུང་ལྔ་བསྐྱོད་པའི་དྭངས་མའི་དྭངས་མ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ནས། རྟགས་བསྟན་པ། སྐུ་གསུམ་ཡེ་ཤེས་ལྔ་སོགས་ཀྱི་དབང་ཐོབ་ནས༑ བདུད་རྩི་ལྔ་རྩ་གར་འདུ་བ་མཐོང་ན། སངས་རྒྱས་རྣམས་གཞན་དོན་མཛད་པ་མཐོང༌། སྤྲུལ་པ་བདེ་ཆེན་དུ་ཐིག་ལེ་འདུ་བ་མཐོང་ན། སངས་རྒྱས་རྣམས་འོག་མིན་གྱི་གནས་ན་ཟབ་མོ་ལ་བཞུགས་པ་མཐོང༌། ལྟེ་བ་སྤྲུལ་པར་བདུད་རྩི་ལྔ་དང་རླུང་ལྔ་འདུ་བ་མཐོང་ན། ལོངས་སྐུ་རིགས་ལྔ་ཡུམ་གྱི་བྷ་ག་ན་བཞུགས་ནས། སྐལ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ལ་གསང་བ་སྒྲོགས་པ་མཐོང༌། ཕྱག་རྒྱ་མའི་དྭངས་མའི་དྭངས་མ་མཐོང་ན་མངོན་ཤེས་ལ་ཐོགས་པ་མེད། རྩ་ཡིག་རྣམས་སུ་དྭངས་མ་འདྲོངས་ན་རྫུ་འཕྲུལ་ལ་ཐོགས་པ་མེད། དེ་ཉིད་སླར་སྤོས་ན་སྔོན་གྱི་གནས་རྗེས་སུ་དྲན། ནང་རྟགས་རླུང་སོར་བཅུ་གཉིས་འགགས། ཕྱི་རྟགས་སྤྱི་གཙུག་ཧྲིལ་ཐིག་ལེས་བརྟན། ༈ མཇུག་སྡུད་དོ། །སྒོམ་ལམ་ས་བཅུ་གཉིས་པའོ། ༈ །གྲུབ་མཐའ་བཞི་པའི་དབང་དུ་བྱས་པའི་ས་ཕྱེད་ལ་གསུམ། མདོར་བསྟན་གྱི་རྒྱུ་བསྟན་པ། ཡང་དབང་བཞི་བཞི་མཐར་ཕྱིན་པའི་ལམ་ནས། མཐར་ཐུག་རྟེན་འབྲེལ་གྱིས་མཐར་ཐུག་འདག་པར་བྱེད་པ། ༈ ལམ་བསྟན་པ། རྡོ་རྗེ་རྦ་རླབས་ཀྱི་ལམ་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ། རིག་མའི་སྐྱེས་བུ། སྲིད་པ་རྣམ་པར་དག་པའི་ལམ། ༈ འབྲས་བུ་བསྟན་པ། ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ༈ དབང་བསྟན་པ། བཞི་པ་ལུས་ངག་ཡིད་གསུམ་གྱི་དབང་མཐར་ཕྱིན། ༈ རྟགས་བསྟན་པ། དེ་ཁོ་ན་ཉིད་ཀྱི་རྟགས་འཕགས་པའི་ལམ་ཡན་ལག་བརྒྱད་ནི། རྣམ་ཤེས་བརྒྱད་འདག་ཀར་འབྲས་བུ་གཉིས་ཐོབ་སྟེ། ས་ཆེན་འདི་ནི་དགའ་ཞིང་རངས་ལ་མགུ། དེ་རྣམ་པ་དྲུག་ཏུ་གཡོས། བདུད་གནས་སུ་སྒྲ་གྲག །ཕྱག་རྒྱ་མའི་གནས་སུ་ཁམས་གསུམ་མཐོང༌། མཁའ་འགྲོ་རྣམས་རིང་ནས་འདུ༑ ཧ་རི་མ་ལ་སོགས་པ་དབང་ཕྱུག་གི་དོན་བརྒྱད་འཆར། ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འཇུག །ཕྱི་རྟགས་གཙུག་ཏོར་ཕྱེད་ཐིག་ལེས་བརྟན། ༈ མཇུག་སྡུད་དོ། །ས་ཕྱེད་དང་བཅུ་གསུམ་པའོ། ༈ །རྒྱས་པར་བཤད་པའི་རྒྱུ་བསྟན་པ། བཞི་པ་ཡིད་ཀྱི་དབང་མཐར་ཕྱིན། ༈ རྟགས་བསྟན་པ། དེ་ཁོ་ན་ཉིད་ཀྱི་རྟགས་འབྲས་བུ་གཅིག་ཐོབ་སྟེ། འབིགས་བྱེད་གཞོན་ནུའི་གྲོང་ཁྱེར་ཆོས་ཀྱི་དབྱིངས། བྱང་ཆུབ་སེམས་ཀྱིས་ནི་འབིགས། ༈ འབྲས་བུ་བསྟན་པའོ། །འབྲས་བུ་ལོངས་སྐུའི་ཞིང་ཁམས་རབ་བཀྲམ་ལ་སོགས་བསྒུལ་བ་ལ་སོགས་པ་ནུས། ༈ རབ་ཏུ་རྒྱས་པར་བཤད་པའི་རྒྱུ་བསྟན་པ། ས་བཅུ་གསུམ་ཐོབ་ཀར་ས་བཅུ་མ་ལ་སོགས་པ་ཡིད་ཀྱིས་བཀུག་སྟེ། སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་བསྡུས་ཡིན། ཡི་དམ་ལྷ་དང་བླ་མ་དབྱེར་མེད་ལ་བྷ་གར། དངོས་གྲུབ་ལེན་པའི་རྟེན་འབྲེལ་གྱིས། སྲིད་པ་རྣམ་པར་དག་པའི་ལམ། ༈ འབྲས་བུ་བསྟན་པ། ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག །རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། འབྲས་བུ་མཐར་ཕྱིན། ༈ རྟགས་བསྟན་པ། དེ་ཁོ་ན་ཉིད་ཀྱི་རྟགས་འབྲས་བུ་ལོངས་སྐུའི་ཞིང་ཁམས་མ་ལུས་པ་སྒུལ་བ་ལ་སོགས་པ་ནུས། ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འགགས། ཕྱི་རྟགས་གཙུག་ཏོར་ཧྲིལ་ཐིག་ལེས་བརྟན། ༈ གཉིས་པ་ལམ་ཐམས་ཅད་ཀྱི་འབྲས་བུ་བསྟན་པ། ཕྱི་དང་ནང་གི་རྟེན་འབྲེལ་འགྲོས་བཞི་ཐིམ་པ་རྣམས་ཀྱིས། སྒོམ་ཉམས་སྐྱོན་ཡོད་མེད་ཕྱེད་པ་ས་བཅུ་གསུམ་པའོ། །ཐམས་ཅད་མཁྱེན་ཏོ། །བཅུ་གསུམ་རྡོ་རྗེ་འཛིན་པར་རྟེན་འབྲེལ་འགྲིགས་པ་ལྟར་སྣང༌། འཚང་རྒྱ་ཁར་འཁོར་ཚོམ་བུ་གཅིག་དང་བཅས་ནས་འཚང་རྒྱ། ༈ གསུམ་པ་གཞུང་ཉེ་བར་བསྡུས་ཏེ་བསྟན་པ། གསང་སྔགས་རྡོ་རྗེ་ཐེག་པ་ནི། །རྒྱུ་དང་ལམ་དང་འབྲས་བུའི་དབང༌། །རྟོག་པས་བརྟགས་ཀྱང་རྟོག་མེད་རྟོགས། །ཡེ་ཤེས་སྣང་བ་དེ་བཞིན་ནོ། ༈ །སྤྱི་དོན་གཉིས་པ་ལམ་ཟབ་འབྲིང་གསུམ་དུ་བསྟན་པ། ལམ་ཟབ་བླ་མ། དམ་ཚིག །ལུས་སོ་སོར་བརྟགས་པའི་འགོག་པ༑ ༈ གསུམ་པ་གཞུང་རྫོགས་པར་བསྟན་པ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་དང༌། མན་ངག་དང་བཅས་པ་རྫོགས་སོ། །ས་མཱཔྟ་མི་ཐཱི། འདི་ལ་བླ་མ་ས་སྐྱ་པ་ཆེན་པོའི་རྣམ་འགྲེལ་བཅུ་གཅིག་ཡོད་པ་ལས། གཙོ་བོ་ནི་གཉགས་མ་དང༌། འགྲེལ་ཆེན་སྲས་དོན་མ་ཡིན་ལ། གཞན་དཀར་དང༌། དམར་སོགས་ཀྱིས་མཚོན་རྣམ་བཤད་སྔ་ཕྱི་ཤིན་ཏུ་མང་བར་བཞུགས་སོ།